གནས་བསྟོད་དབྱངས་ཅན་སྒེག་མོའི་གླུ་དབྱངས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-18 16:15:43     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

33b1OOOPIC7c.jpg

རབ་སྙན་གསུང་གི་རོལ་མོ་འཕོས་པའི་རྒྱུད།  །

སྟོང་ལྡན་པི་ཝང་བེེཌཱུའི་རང་བཞིན་ཅན།  །

ཡུན་ཐུང་ཞིག་ལ་བདག་གི་ཕང་བར་རུ།  །

གཡར་བར་འཚལ་ལོ་བཅོམ་ལྡན་མ་གཅིག་ཀྱེ།  །

དེ་ཡི་སླད་དུ་ཚངས་སྲས་མ་ཁྱོད་ལྟར།  །

ཡིད་འཕྲོག་ཙོག་པུའི་འདུག་སྟངས་སྔོན་བཏང་གིས།  །

སྙིམ་པད་སྦྱར་བའི་ཐལ་མོ་མཐོར་བཏེགས་ཏེ།  །

གུས་པས་ལེན་པར་ཆས་སོ་དབྱངས་ལྡན་མ།  །

དེ་ཡི་མོད་ལ་ཕང་འགྲོ་རྒྱུད་སྟོང་ཅན།  །

རེག་པ་ཙམ་གྱིས་འཇིག་རྟེན་མྱོས་པའི་དབྱངས།  །

དབང་མེད་འབྱིན་པར་རྩོམ་པ་ཐོབ་དང་ལྷན།  །

ལག་སོར་དལ་བའི་གོ་སྐབས་རིང་དུ་དབེན།  །

ཨེ་མ་མཚར་སྡུག་རྣ་བའི་བཅུད་འཕྲོག་ཅིང་།  །

དོན་བཟང་སྒྲ་སྙན་རྒྱ་མཚོའི་སྙིང་པོས་ཕྱུག  །

སྐལ་བཟང་རྣ་བ་དོན་དང་ལྡན་སླད་དུ།  །

ཡུད་ཙམ་གསན་པར་རིགས་སོ་ཤེས་ལྡན་དག  །

ཡན་ལག་བརྒྱད་ལྡན་དལ་གྱིས་འབབ་པའི་ཀློང་།  །

རྨ་གཡང་ཕྱུག་མོའི་འབྲོག་ཐང་གཞུང་བརྒྱུད་དེ།  །

དུས་བཞིར་ངལ་གསོ་མེད་པར་རྟག་འབབ་པ།  །

གང་ལ་རྨ་ཆུ་ཞེས་བྱའི་གྲགས་པ་འབར།  །

ཉི་ནུབ་ཆུ་ལྷའི་ཞིང་ནས་དབང་ཕྱོགས་སུ།  །

ལྷུང་ལྷུང་རྒྱུ་ལམ་ཙོང་ལ་རིང་མོའི་མདོར།  །

གྲོང་དང་གྲོང་ཁྱེར་སྐབས་གསུམ་ལས་འཕོས་པ།  །

ཅི་སྟེ་མ་ཡིན་སྙམ་པའི་ངོ་མཚར་བཀྲ  །

གཡུ་འབྲུག་སྔོན་མོ་ནམ་མཁའི་སྤྲིན་ཀློང་དུ།  །

བག་མེད་གར་གྱིས་རྣམ་རྩེན་ངལ་བའི་མཐར།  །

ས་ལ་ཉལ་བའི་བརྟུལ་ཞུགས་བླངས་པ་ན།  །

རབ་མཐོ་ལྷུན་པོའི་ཟོལ་གྱིས་རྫུ་བག་བསྟེན།  །

ལྷུན་པོ་སྲིད་དུ་རིང་བ་དེ་ཡི་ལྟོར།  །

ཀླུ་དབང་འཁོར་ཚོགས་མཆེད་ལྔའི་བང་མཛོད་ལས།  །

རིམས་ནད་དྲུངས་ནས་འབྱིན་པའི་བདུད་རྩིའི་ཆབ།  །

སིལ་འཁྲོལ་སྒྲ་ལྡན་ཆུ་བོའི་གཏེར་དུ་སྨིན།  །

དེ་ཡི་ཕང་བར་ལན་ཅིག་མཐོང་ཙམ་གྱིས།  །

ཡུལ་གྲུ་གཞན་ལ་འགྲམ་ཆུ་མི་ལྡང་བའི།  །

ཕུན་ཚོགས་ལྟད་མོ་སླད་དུ་རྒྱུ་སྐར་གྱི  །

བུ་མོ་མཐའ་དག་ས་ལ་བབས་པར་ངེས།  །

ཁང་བ་ཁང་བརྩེགས་རིན་ཐང་གཞལ་མེད་ཁང་།  །

ཚོང་ཟོང་ཆམ་མེར་བརྡལ་བའི་སྲང་གི་ཁྲོམ།  །

བཟོ་དང་འཕྲུལ་གྱི་ཁང་ཆེན་བགྲང་ཡས་པ།  །

ས་གཞིར་བཙུགས་པའི་ཚང་ཚིང་མཆེད་པོར་སྙེམས།  །

བྱང་གི་ཕྱོགས་ན་ས་འཛིན་མཐོན་པོའི་རྩེར།  །

ཁང་བུ་བརྩེགས་པའི་མཆོད་རྟེན་བྱིན་རླབས་ཅན།  །

ས་པཎ་ཡབ་སྲས་ལེགས་མཛད་འཕྲིན་ལས་ཀྱི  །

རྣམ་པར་བཞེངས་པའི་ལེགས་ཚོགས་ཞིང་དུ་བརྗིད།  །   

ལྷོ་རིའི་ཕང་བར་ཆུ་མིག་ལྔ་ལྡན་གྱི  །

ཁོ་ར་ཁོར་ཡུག་ཡིད་འོང་སྐྱེལ་མོས་ཚལ།  །

ཚངས་ཆེན་བློ་གྲོས་པིར་གྱིས་བྲིས་འདྲ་བར།  །

སྐྱེ་བོ་འདི་ཀུན་དགའ་བདེ་དཔལ་གྱིས་མྱོས།  །

དཔག་ཚད་སྟོང་གིས་ཆོད་པའི་ལམ་ཐག་ཀྱང་།  །

སྐད་ཅིག་ཉིད་ལ་བདེ་བླག་ཕྱིན་པའི་འཕྲུལ།  །

མེ་ཤུགས་སྟོབས་ཀྱིས་འཁོར་བའི་བགྲོད་པ་མཆོག  །

ཉིན་མཚན་དལ་བར་མི་སྡོད་འགྲོས་ཀྱིས་བྲེལ།  །

ལྟ་ན་སྡུག་པའི་གྲོང་ཁྱེར་ལས་ལྷག་པའི།  །

སྙིང་པོའི་སྙིང་པོར་ཡོངས་འཕགས་ནུབ་བྱང་གི  །

མི་རིགས་ཡོངས་ཀྱི་སློབ་གྲྭ་ཆེན་མོ་དེ།  །

ཡོན་ཏན་ནོར་བུའི་གཏེར་ཁ་མཆོག་ཏུ་བསྔགས།  །

དེ་ན་ལོ་འདབ་སྟུག་པོའི་ལྗོན་ཤིང་དང་།  །

ནེ་ཙོའི་སྒྲོ་ཐུལ་གྱོན་པའི་ཨ་ཤོ་ཀ  །

དྲི་བསུང་རིང་དུ་འཕྲོ་བའི་ཨ་གར་སོགས།  །

མཐོ་རིས་སྐྱེད་ཚལ་གཉིས་པ་ལྷུན་གྱིས་གྲུབ།  །

མརྒད་ཁུ་བས་ལན་བརྒྱར་ཚོན་བྱུགས་པའི།  །

རྒྱ་ཕིབས་མཐོང་བྱེད་བཅུད་ལེན་ཁང་བཟང་ཚོགས།  །

གཅིག་ལས་གཅིག་ལྷག་རི་རབ་ལྷུན་པོ་ལ།  །

གསེར་རིས་བསྐོར་བའང་འདི་ལས་ལྷག་རེ་སྐན།  །

མི་ཤིགས་ཤེལ་བྲག་གྱེན་དུ་བསླངས་འདྲ་བའི།  །

མཐོར་བརྩེགས་ཁང་མིག་བརྒྱ་ཕྲག་ཚོམ་བུ་རུ།  །

མཁོ་དགུ་མ་ཚང་མེད་པའི་ལོངས་སྤྱོད་གང་།  །

འཇིག་རྟེན་མཛེས་པ་གཅིག་ཏུ་སྤུངས་པར་ངེས།  །

ཆོས་དང་སྲིད་ཀྱི་གཞུང་ལུགས་རྒྱ་མཚོའི་གཏེར།  །

མཁས་པའི་ལེགས་བཤད་རྨད་བྱུང་དོན་བཟང་ཅན།  །

བྲིས་དང་དཔར་མའི་གླེགས་བམ་བྱེ་བ་ཕྲག  །

བྲག་རི་བརྩེགས་འདྲའི་དཔེ་མཛོད་རྨད་དུ་བྱུང་།  །

ཁྱད་པར་རྒྱལ་བསྟན་ཡིད་བཞིན་དབང་གི་རྒྱལ།  །

གསལ་བྱེད་སྡེ་སྣོད་གསུམ་གྱི་བཅུད་བསྡུས་པ།  །

བཀའ་བསྟན་གླེགས་བམ་གླང་ཆེན་རབ་བརྟན་གྱིས།  །

འཁུར་བར་འོས་པ་གཅིག་མིན་དུ་མ་བཞུགས།  །

སྐད་དང་ཡི་གེའི་རྣམ་གྲངས་ཐ་དད་པའི།  །

བློ་ལྡན་སློབ་ཚོགས་རིག་པའི་བང་མཛོད་ལ།  །

དོན་གཉེར་གཅིག་ལས་གཅིག་ལྷག་ངང་བའི་ཁྱུ།  །

རོལ་མཚོར་རྩེན་པའི་དཔལ་གྱིས་འགྲན་ནུས་མིན།  །

རླུང་མཁྲིས་བད་ཀན་གྱིས་བསྐྱེད་བཞི་བརྒྱའི་ནད།  །

རྩ་འཇོམས་སྲོག་གི་ཀ་བ་རབ་བརྟན་ཅིང་།  །

ལུས་ཁམས་བདེར་འཚོའི་གསོ་རིག་སྨན་གྱི་གྲྭར།  །

སྦྱངས་བརྩོན་གོ་ཆ་བགོས་པའི་འཚོ་བྱེད་མང་།  །

བྲིས་དང་འབུར་གྱི་བཟོ་བཀོད་ལྷུར་བླངས་པའི།  །

བི་ཤྭ་ཀརྨའི་བློ་གྲོས་རྒྱ་ཁྱོན་ཅན།  །

དེ་དེས་བསྐྲུན་པའི་གཟུགས་བརྙན་གང་ལ་ཡང་།  །

དངོས་དང་ཁྱད་པར་འབྱེད་ནུས་སྲིད་པ་ཙམ།  །

གངས་ཅན་བྷོ་ཊའི་རིག་གནས་གཅིག་པུར་ཡང་།  །

འཇམ་མགོན་ཐོན་མི་ཨ་ནུས་གཏན་ཕབ་པའི།  །

སུམ་རྟགས་དག་གསུམ་མུ་ཏིག་དཀར་པོའི་ཕྲེང་།  །

མགུལ་དུ་མཛེས་པའི་བློ་གསལ་ས་འདིའི་རྒྱན།  །

བཅད་ལྷུག་སྤེལ་མའི་ཚིག་གི་ཕྲེང་བ་ལ།  །

སྙན་འཇེབས་དྲི་ཟའི་རོལ་མོ་གླུར་བླངས་པས།  །

སྐྱེ་བོ་ཀུན་གྱི་རྣ་བའི་བཅུད་ལེན་གང་།  །

རྒྱ་མཚོའི་རླབས་ཀྱི་ཕྲེང་བཞིན་འཛད་དུ་མེད།  །

མིང་གི་མངོན་བརྗོད་གྲངས་ཀྱི་རྩིས་རིག་དང་།  །

སྒྲ་རིག་དབྱངས་ཅན་པྲྀཏྟ་ཛ་ཏི་ཡི།  །

སྡེབ་སྦྱོར་པདྨའི་དོ་ཤལ་ཕྲེང་བསྟར་བ།  །

རྒྱན་དུ་འཛིན་པའི་དྲན་དབང་གྲལ་དུ་བསྒྲིགས།  །

གཞན་ཡང་ཁུངས་ལྡན་ལོ་རྒྱུས་གཏམ་གྱི་རྒྱུན།  །

འབེལ་གཏམ་གླིང་རྗེའི་རྣམ་ཐར་སྒྲུང་གིས་གཙོས།  །

གང་ལ་གང་མོས་ཡོན་ཏན་མེ་ཏོག་གི  །

ཡིད་འོང་རྒྱན་ཕྲེང་སྟོང་ལྡན་བགྲང་ལས་འདས།  །

སྦྱངས་པའི་མཐར་སོན་རིག་པའི་གཤོག་རླབས་ཅན།  །

གནམ་འཕང་གཅོད་པའི་ཁྱུང་ཆེན་མཁའ་ལ་ལྡིང་།  །

ཁྱོན་ཡངས་ཡུལ་གྲུ་ནམ་མཁའི་དཀྱིལ་འཁོར་དུ།  །

ཕན་བདེའི་དགའ་སྟོན་འགྱེད་པའི་མཐའ་མ་རིག  །

འདི་སྣང་བདེ་དགའི་ལོངས་སྤྱོད་སྡིག་བྲལ་བ།  །

མངོན་མཐོའི་བ་གམ་འཛེག་པའི་རྐང་སྟེགས་ཏེ།  །

བསྟན་ལ་མཛའ་བའི་དྲང་སྲོང་དག་གིས་ཀྱང་།  །

བཅོས་མིན་བསྔགས་བརྗོད་དབྱངས་ཀྱིས་མཚན་ཡང་བྲེལ།  །

དེ་སྐད་དབྱངས་ལྡན་ཕང་འགྲོའི་རྒྱུད་སྟོང་ལས།  །

ལེགས་ཐོན་རིག་པའི་སྒྲ་སྙན་རྣར་འཇེབས་པ།  །

བགྲང་བྱའི་ཁུར་བོ་ལྕི་བའི་རྒད་པོ་དེས།  །

ཀུན་དགའི་གསོས་སུ་འདོད་པ་འཇོ་བར་བརྩོན།  །

འདི་ཡི་དགེ་བས་སློབ་གྲྭ་ཆེན་མོ་གང་།  །

འགྲན་ཟླ་མེད་པའི་རྩེ་ལ་མངོན་འཕགས་ཏེ།  །

རྣམ་མང་སྐྱེ་འགྲོའི་ཕན་དང་བདེ་བའི་དཔྱིད།  །

སྲིད་པའི་མཐར་ཡང་ཉམས་པ་མེད་པར་སྨོན། །  ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།