འཇིག་རྟེན་མི་རྟག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-23 18:50:13     རྩོམ་པ་པོ།   ཞི་བདེ་འཚོལ་སྙེག    ཀློག་ཐེངས།  

33b1OOOPIC7c.jpg

༄༅།།མི་འགྱུར་བདེ་བ་ཆེན་པོ།།
བརྙེས་ཀྱང་འགྲོ་བའི་དོན་དུ།།
སྤྲུལ་བའི་ཟློས་གར་སྣ་ཚོགས།།
སྟོན་མཁས་བླ་མ་ལྷ་ཚོགས།།
འཇིག་རྟེན་མི་རྟག་འཇའ་ཚོན།།
རང་སེམས་སྒྱུ་མའི་ཆོ་འཕྲུལ།།
སྣང་བ་བདེན་པར་མེད་པ།།
ཀུན་བརྟག་ཚོན་གྱི་རི་མོ།།
དགྲ་གཉེན་འགྱུར་བའི་བཞིན་རས།།
བྱིས་ཆུང་ངུ་བའི་རྣམ་འགྱུར།།
ལྷན་ཅིག་འདུས་པའི་དགའ་བ།།
མི་རྟག་ཚོང་འདུས་མགྲོན་པོ།།
ཡིད་མཐུན་གྲོགས་ཀྱི་བརྩེ་བ།།
བལྟས་ན་སྐྱིད་སྐྱིད་འདྲ་བ།།
མི་རིང་འགྱུར་བའི་རྣམ་པ།།
ཆར་རྗེས་འཇའ་ཡི་གུར་ཁྱིམ།།
སྲིད་འབྱོར་རྒྱས་པའི་མེ་ཏོག།
ཡུན་ཐུང་རྨི་ལམ་སྣང་བ།།
འདུ་འབྲལ་སྙིང་བོ་མེད་པ།།
བསམ་ཞིང་བསམ་ན་སྐྱོ་བ།།
གཅིག་རྗེས་གཅིག་ལ་བསྙེག་པའི།།
འདོད་ལྡན་ཡིད་ཀྱི་འཁོར་ལོ།།
སྡོད་པའི་རང་དབང་མེད་པར།།
ཤུགས་ཀྱིས་འཇུག་པའི་རྨོངས་པ།།
འདུ་འཛི་ཆུ་ཡི་གཉེར་མ།།
མཛེས་ཀྱང་འགྱུར་བའི་མི་རྟག།
སྣང་བ་ཡིད་ལ་ཟུག་ཀྱང་།།
འདས་རྗེས་འཁྲུལ་བའི་སྣང་བ།།
དབང་དང་གོ་སའི་བརྗིད་ཉམས།།
འཐོབ་ན་མཛེས་མཛེས་འདྲ་བ།།
ཤོར་ཁྲལ་སེམས་ཀྱི་རྟོག་བཏགས།།
མྱོང་ན་འཁོར་བའི་སྡུག་བསྔལ།།
སྙན་གྲགས་ཆུ་ཡི་རྦ་ཀློང་།།
སྟེང་དུ་འཕྱོ་བའི་རྣམ་འགྱུར།།
མི་བརྟན་ལྷུང་བའི་མཐའ་ཅན།།
འཇིག་རྟེན་རྒུད་པའི་རང་མཚང་།།
དེ་རིང་དགའ་བའི་འུར་སྒྲ།།
སང་ཉིན་སྐྱོ་བའི་མིག་ཆུ།།
དགའ་སྐྱོ་ངེས་པ་མེད་པ།།
འཇིག་རྟེན་འཁོར་བའི་ཆོས་ཉིད།།
གཉེན་ཉེ་མཁོ་དགུའི་ལོངས་སྤྱོད།།
བཞག་ནས་ཕྱི་མར་འགྲོ་དུས།།
ཚེ་གང་འབད་པའི་རྩོལ་སྒྲུབ།།
བསམ་ན་སྙིང་བོ་ཅི་ཡོད།།
དེ་རིང་དངོས་སུ་མྱོང་བའི།།
འདི་བདེ་འདི་སྐྱིད་ཟེར་བ།།
སང་ཉིན་དྲན་པའི་ངོ་ན།།
མདང་གི་རྨི་ལམ་ཇི་བཞིན།།
བདེ་སྡུག་སྣང་བ་ཙམ་ལས།།
ཞེན་པའི་རང་བཞིན་མེད་པའི།།
མི་འགྱུར་བདེ་བའི་དཔལ་ལ།།
ཀུན་གྱིས་རོལ་ན་དགའ་བ།།


ཞེས་པ་འདི་ནི་ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་རིགས་ཐ་སྙད་རིག་གནས་ལའང་ཐོས་བློའི་སྐལ་བ་ཙམ་ཐོབ་པ་གང་དེས་ཁྲང་ཨན་མཁར་ནང་ནས་གང་ཤར་དུ་བྲིས་པའོ།།   

                             རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།