བླ་མ་རྒྱང་འབོད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-15 21:10:45     རྩོམ་པ་པོ།   རྒྱ་གྲོལ།    ཀློག་ཐེངས།  

033.JPG

 

དབེན་པ་མི་མེད་ཀྱི་ལུང་སྟོང་དེ་ན།།

རྫ་རིའི་གུར་ཁང་གི་བྲག་རིའི་སྐྱིབས་ན།།

མཐའ་བྲལ་ཏིང་འཛིན་གྱི་སྟོང་ཉིད་ཀློང་ན།།

ང་ཡི་དྲིན་ཆེན་གྱི་བླ་མ་བཞུགས་སོ། །

 

 

འབྱོར་དང་མངའ་ཐང་གིས་དབེན་པའི་ཡུལ་ན།།

ཁེ་དང་གྲགས་པ་དང་བྲལ་བའི་ཚལ་ན།།

འཁོར་ཚོགས་འདུ་འཛི་ཡིས་སྟོངས་པའི་གཞི་ན། །

ང་ཡི་དྲིན་ཆེན་གྱི་བླ་མ་བཞུགས་སོ། །

 

 

དགྲ་འདུལ་གཉེན་སྐྱོང་དང་བྲལ་བའི་གཞི་ན། །

ཆོས་བརྒྱད་འདུ་ལོང་གིས་སྟོངས་པའི་རྫ་ན།།

འཇིག་རྟེན་འུར་ཟིང་གིས་དབེན་པའི་ཀློང་ན།།

ང་ཡི་དྲིན་ཆེན་གྱི་བླ་མ་བཞུགས་སོ། །

 

 

འདོད་ཆུང་ཆོག་ཤེས་ཀྱི་ནགས་ལོའི་གསེབ་ན། །

ཏིང་འཛིན་སྟུག་པོ་ཡི་རྫ་རིའི་མགུལ་ན།།

ཉམས་རྟོགས་དྭངས་མོ་ཡི་གཙང་ཆུའི་འགྲམ་ན། །

ང་ཡི་དྲིན་ཆེན་གྱི་བླ་མ་བཞུགས་སོ། །

 

 

མི་དང་འབྲེལ་འདྲིས་དང་བྲལ་བའི་གནས་ན། །

བྱ་དང་རི་དྭགས་ཀྱི་འཇིག་རྟེན་དབུས་ན།།

སྦྲང་བོའི་གྲལ་མཐའ་ལ་སྙེག་པའི་ཚལ་ན།།

ང་ཡི་དྲིན་ཆེན་གྱི་བླ་མ་བཞུགས་སོ། །

 

 

རྒྱུ་ནོར་ཐལ་བ་བཞིན་སྤངས་པའི་རི་ན།།

སྣང་ཞེན་དྲི་མ་དང་བྲལ་བའི་དབུས་ན།།

ཏིང་འཛིན་རྫ་ཆབ་ཀྱི་གཙང་བོའི་འགྲམ་ན།།

ང་ཡི་དྲིན་ཆེན་གྱི་བླ་མ་བཞུགས་སོ། །

 

 

སྙིགས་དུས་འདུ་འཛི་ཡིས་བཏང་བའི་གཞི་ན། །

ལྟ་སྒོམ་སྤྱོད་གསུམ་གྱི་པད་མའི་ཚལ་ན།།

སྦྲང་བོའི་བརྟུལ་ཞུགས་ཀྱི་རྟོགས་པའི་ཀློང་ན། །

ང་ཡི་དྲིན་ཆེན་གྱི་བླ་མ་བཞུགས་སོ། །

 

 

འདི་སྣང་དོན་སྒོ་དེ་བཏང་བའི་དབུས་ན།།

བསྐྱེད་རྫོགས་ཉམས་རྟོགས་ཀུན་བརྡོལ་བའི་ཀློང་ན།།

གཉོམ་ཆུང་ཞི་མཐུན་གྱི་འོ་མའི་མཚོ་ན།།

ང་ཡི་དྲིན་ཆེན་གྱི་བླ་མ་བཞུགས་སོ། །

 

 

མཁས་པའི་ཡོན་ཏན་གྱི་འོད་ཀྱི་ཀློང་ན།།

བཙུན་པའི་ནོར་བུ་ཡི་མཚོ་མོའི་ཚལ་ན།།

བཟང་བོའི་དཔལ་ཡོན་གྱི་ཐུགས་བསྐྱེད་ཀློང་ན། །

ང་ཡི་དྲིན་ཆེན་གྱི་བླ་མས་མཁྱེན་ནོ།།

 

 

མཁྱེན་ནོ་ཡེ་ཤེས་ཀྱི་ཕུང་བོ་མཁྱེན་ནོ།།

མཁྱེན་ནོ་ཐུབ་པ་གདུང་འཚོབ་མཁྱེན་ནོ།།

མཁྱེན་ནོ་བསྟན་འགྲོ་ཡི་རྩ་ལག་མཁྱེན་ནོ།།

མཁྱེན་ནོ་དྲིན་ཆེན་གྱི་བླ་མ་མཁྱེན་ནོ།།

 

 

རློབས་ཤིག་ཐུགས་རྗེ་ཡིས་བྱིན་གྱིས་རློབས་ཤིག།

གཟིགས་ཤིག་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིག །

སྐྱོབས་ཤིག་སྣང་ཞེན་གྱི་མུན་ལས་སྐྱོབས་ཤིག།

མཁྱེན་ནོ་དྲིན་ཆེན་བླ་མས་མཁྱེན་ནོ།།


                                  རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 


གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 
 

བརྒྱུད་འགོད།