ནང་ཆོས་ཞིབ་འཇུག་དང་འབྲེལ་བའི་གཏམ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-24 22:33:23     རྩོམ་པ་པོ།   འཇམ་དབྱངས་འོད་ཟེར་རྒྱ་མཚོ།    ཀློག་ཐེངས།  

422933231889332015.jpg


ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །
ནང་བའི་ཆོས་ནི་སེམས་རྒྱུད་འདུལ་བའི་ཐབས། །
མཚན་དོན་གཞི་རུ་བཟུང་ནས་དཔྱོད་པ་དགོས། །
དེ་ལ་སྐྱེས་བུ་མཆོག་དམན་བར་གསུམ་གྱི། །
ལམ་ལས་འདོད་དོན་ཇི་ལྟར་འགྲུབ་ཚུལ་དཔྱོད། །

སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་དང་། །
མི་འདོད་མཁན་ལ་གནོད་བྱེད་སྟོན་ཚུལ་དང་། །
དགེ་དང་མི་དགེའི་ལས་ལ་ཞུགས་པ་ཡིས། །
འདི་ཕྱིར་ཕན་གནོད་ཇི་ལྟར་འབྱུང་ཚུལ་དཔྱོད། །


ལས་ལ་མྱོང་བར་ངེས་དང་མ་ངེས་དང་། །
ལས་ཀྱི་དབང་ལས་སྣོད་བཅུད་འགྲུབ་ཚུལ་དང་། །
བདེ་དང་སྡུག་བསྔལ་ཇི་སྙེད་ཡོད་པ་ཀུན། །
བྱ་བ་བཟང་ངན་རྗེས་སུ་འགྲོ་ཚུལ་དཔྱོད། །

ཐམས་ཅད་མཁྱེན་པ་ལམ་སྟོན་སློབ་དཔོན་ཏེ། །
རང་དོན་གཙོ་བོར་རང་ལ་ཐུག་པ་དང་། །
ཡིད་ཆེས་རྙེད་ནས་བཀའ་བཞིན་བསྒྲུབས་པ་ཡིས། །
རང་གཞན་དོན་གཉིས་འགྲུབ་པའི་ཚུལ་ལ་དཔྱོད། །

ལས་ངན་བསགས་ལས་འབྲས་བུ་སྡུག་བསྔལ་ནི། །
མི་འདོད་བཞིན་དུ་མྱོང་བར་འགྱུར་བ་དང་། །
ཉོན་མོངས་དབང་ལས་ཐར་ན་སྡུག་བསྔལ་ལས། །
ངང་ངམ་ཤུགས་ཀྱིས་ཐར་པར་གསུངས་པ་དཔྱོད། །

རང་གཞན་བདེན་པར་འཛིན་པའི་བདེན་འཛིན་དང་། །
རང་ཉིད་གཅེས་པར་འཛིན་པའི་གཅེས་འཛིན་སྟེ། །
བློ་ངན་འདི་གཉིས་ཟུང་དུ་འབྲེལ་བ་ཡིས། །
རང་གཞན་ཕུང་ལ་སྦྱོར་བའི་ངང་ཚུལ་དཔྱོད། །

སྟོང་བ་རྟེན་འབྲེལ་རྟོགས་པའི་ཤེས་རབ་དང་། །
གཞན་བདེ་རང་གིས་བསྒྲུབས་པའི་སྙིང་སྟོབས་ཀྱིས། །
སྲིད་ཞིའི་གཡང་ས་ཆེ་ལས་རབ་བསྒྲལ་ནས། །
གོ་འཕང་མཐར་ཐུག་སྟེར་བའི་དོན་ལ་དཔྱོད། །

སེམས་ཀྱི་རང་བཞིན་དྲི་མས་མ་བསླད་ཅིང་། །
སྟོབས་ལྡན་གཉེན་པོས་སྤང་བྱ་འཇོམས་པའི་ཕྱིར། །
ལམ་ལ་ཚུལ་བཞིན་སློབ་པར་བརྩོན་པ་ཡིས། །
སུས་ཀྱང་བྱང་ཆུབ་འགྲུབ་པའི་ཚུལ་ལ་དཔྱོད། །

བདེ་བའི་ཆེད་དུ་སྡིག་པ་བྱེད་པ་འམ། །
རང་གི་ཆེད་དུ་གཞན་ལ་གནོད་པ་དེ། །
མི་རུང་གསུངས་པའི་རྒྱུ་མཚན་རྟེན་འབྱུང་དང་། །
ལྟོས་ནས་གྲུབ་པར་ཐུག་པའི་དོན་ལ་དཔྱོད། །

ཕྱི་ཡི་དཔལ་འབྱོར་ཙམ་གྱི་བསླུ་བྲིད་ཀྱིས། །
བདེ་མཆོག་སེམས་ཀྱི་བདེ་བ་བརླགས་པའི་དུས། །
བརྩེ་དང་ཕན་པའི་དོན་ལ་འཇུག་པའི་ཐབས། །
འདི་ལས་ཇི་ལྟར་སྟོན་པའི་ཚུལ་ལ་དཔྱོད། །

གཏན་བདེ་སེམས་ནས་བསྒྲུབས་པར་བྱས་པ་ན། །
ལྷུན་པོ་རླུང་གིས་སྒུལ་བར་མི་ནུས་བཞིན། །
ཕྱི་རྐྱེན་ངན་པ་རུ་འཛིངས་ཁྲོད་ནས་ཀྱང་། །
སེམས་རྒྱུད་ཞི་བདེས་འཚོ་བའི་དོན་ལ་དཔྱོད། །

རྒྱ་ཆེན་ཕན་བདེའི་ཀུན་སློང་མ་བྲལ་ན། །
གང་ལ་གང་འཚམ་ཞི་རྒྱས་དབང་དྲག་གིས། །
ཐབས་མཁས་སྤྱོད་པ་ཇི་ལྟར་གནང་བའི་ཚུལ། །
བྱང་སེམས་སྡེ་སྣོད་དག་ལས་བསྟན་ཚུལ་དཔྱོད། །

དུག་ཆེན་སྨན་དུ་བསྒྱུར་བའི་གདམས་པ་ལྟར། །
ཉོན་མོངས་ལམ་དུ་བྱེད་པའི་ཐབས་མཆོག་དེར། །
དུས་མིན་ཞུགས་ན་ཕན་ལས་གནོད་ཆེ་བས། །
ལམ་ལ་རིམ་བཞིན་བགྲོད་པའི་ངང་ཚུལ་དཔྱོད། །

མཁྱེན་དང་བརྩེ་བའི་ཡོན་ཏན་རབ་རྫོགས་ཤིང་། །
སྤངས་དང་རྟོགས་པ་མཐའ་རུ་ཕྱིན་པའི་དུས། །
འཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད་པ་ཡིས། །
མཁའ་མཉམ་འགྲོ་བའི་དོན་ཆེན་མཛད་པར་དཔྱོད། །

སྐྱེ་བ་སྔ་ཕྱི་དགེ་སྡིག་ལས་འབྲས་དང་། །
སྐྱབས་གསུམ་བདེན་གཉིས་བདེན་བཞི་རྟེན་འབྲེལ་དང་། །
བདག་མེད་ཐབས་ཤེས་གཞི་ལམ་འབྲས་བུ་སོགས། །
རྒྱུ་མཚན་ལམ་ནས་དཔྱད་གཞིའི་གནད་ལ་ཞོག །

མདོར་ན་སྣོད་བཅུད་ཕན་བདེ་སྒྲུབ་པའི་ཐབས། །
བཟང་སྤེལ་ངན་འགོག་བྱ་བ་ཀུན་ལ་སྦྱོར། །
སེམས་ཁམས་དང་ནི་ཀླད་པའི་ཞིབ་འཇུག་དང་། །
གསོ་རིག་སོགས་དང་སྦྲེལ་ན་ཤིན་ཏུ་འོས། །

དེ་ལྟར་གཏིང་ཟབ་རིག་གཞུང་འོ་མཚོ་ལས། །
དོན་གྱི་ནོར་བུ་ལེན་ལ་མི་བརྩོན་པར། །
ལྟར་སྣང་དགག་སྒྲུབ་ཙམ་གྱིས་སེམས་འཁྲུལ་ནས། །
མི་ཚེ་སྟོང་བར་གཟད་ན་ཤིན་ཏུ་ཕངས། །

བོད་ཀྱི་ལྔ་རིག་ནོར་བུའི་ཁང་ཆེན་དུ། །
ནང་དོན་རིག་པའི་བ་གམ་ལྷུན་པོར་བསྙེགས། །
འཛིན་སྐྱོང་སྤེལ་བའི་འོས་འགན་རླབས་པོ་ཆེ། །
སེར་སྐྱ་རིས་མེད་ང་ཚོའི་ཕྲག་ན་ཡོད། །


རིག་གཞུང་གཞན་དང་ཁྱད་པར་བཟོ་རིག་གི །
དེང་རབས་ནོར་བུས་དབུལ་བའི་ཁང་ཁྱིམ་ལ། །
ཚན་རྩལ་རིན་ཆེན་འདྲེན་པའི་དེད་དཔོན་ཞིག །
གསེར་གྱི་ཁྲི་ལ་འཁོད་པར་སྙིང་ནས་རེ། །

གནའ་དེང་རིག་པས་ཕན་ཚུན་གྲོགས་བྱས་ཤིང་། །
ཆོས་དང་སྲིད་ཀྱིས་ཕན་ཚུན་རྒྱབ་བརྟེན་ནས། །
འདི་དང་ཕྱི་མའི་དོན་ཆེན་བསྒྲུབ་པའི་ཕྱིར། །
ཁྱོད་དང་ང་ཡིས་འབད་ན་ཤིན་ཏུ་འོས། །

          གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།