འཇམ་མགོན་བླ་མ་ཙོང་ཁ་པ་༧བློ་བཟང་གྲགས་པའི་དཔལ་ལ་བསྟོད་པ་ཡིད་འཕྲོག་ཞན་གསོས་བུ་མོའི་མགྲིན་གླུ་ཞེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   ངེད་གུགས་པའི་དྲ་བ།     སྤེལ་དུས།  2016-07-22 23:28:15     རྩོམ་པ་པོ།   གོ• ཤེལ་བུ།    ཀློག་ཐེངས།  

667.JPG
                                               

མིག་སྟོང་སྣ་ཚོགས་མིག་དང་པད་དཀར་མིག།
དྲང་སྲོང་འཇིག་རྟེན་མིག་དང་རྐང་མིག་གཙོས།།
སྲིད་ན་དྲེགས་པའི་འགྲོ་བའི་གཙུག་གི་ཁྲིར།།
ཆེ་བར་འགྱིང་མཛད་ཤ་ཀྱའི་སྲས་དེར་འདུད།།

རྗེས་ཆགས་སྤྱན་གྱི་ཀྱོ་བ་མ་བཟོད་པས།།
འཇམ་དབྱངས་ཆགས་པས་འབྲིད་པའི་གཡོ་ལྡན་མ།།
དྲུག་བཅུའི་གདངས་ཀྱིས་མྱོས་པའི་འགྲམ་པའི་ཆང་།།
བདག་མགྲིན་བ་ཀུ་ལ་ཡི་རྒྱན་དུ་ཕོབས།།

ཚོགས་གཉིས་ཁྱུང་སྔོན་སྐྱེས་ཀྱི་ཁ་ལོ་ཅན།།
སྤངས་རྟོགས་སྣང་བས་འཁྱུད་པའི་འོད་བརྒྱ་པ།།
ཀུན་རྨོངས་མུན་པའི་སྲོག་གི་གཤེད་གྱུར་པའི།།
རྒྱལ་བ་གཉིས་པ་རྟ་ལྗང་ཅན་དེར་འདུད།།

གསང་གསུམ་དགེ་བའི་གཡུ་རལ་རྫོང་མཐུག་ཅིང་།།
མང་ཐོས་མཚན་དཔེའི་སྦར་ཁྱིམ་རབ་རྣོ་བའི།།
བློ་བཟང་མཚན་འཆང་གངས་ཀྱི་གདོང་ལྔ་པའི།།
རྣམ་ཐར་གད་རྒྱང་ཕྱོགས་སུ་སྒྲོག་པའི་ཚེ།།

ཆེ་བའི་རིགས་ཀྱི་སྤྱི་གཙུག་རབ་མཐོ་ཞིང་།།
བརྗིད་པའི་མཚན་གྱི་སྣ་ཞགས་རིང་བརྐྱངས་ཏེ།།
སྙན་པའི་མཆེ་བ་མཆོག་ཏུ་དཀར་བ་ཡི།།
བཤེས་གཉེན་ས་སྲུང་བུ་ལའང་བག་ཡོད་བྱིན།།

དེ་ཚེ་དད་གསུམ་ཟླ་བས་རེག་པ་ཡིས།།
སྙིམ་པའི་ཨུཏྤལ་ཟུམ་པའི་གར་དང་བཅས།།
མཛེས་པའི་འཇོ་སྒེག་སྤྱི་བོར་བཅིངས་བའི་བདག།
དང་བའི་མགོ་བོ་འཛིན་མའི་གདན་དུ་སྙལ།།

དེ་སླད་ཁྱེད་ཀྱི་ཡོན་ཏན་གངྒའི་བདག།
དད་གུས་སྐྲ་ཡི་རྩེ་མོས་བླངས་པའི་བཅུད།།
རིག་བྱེད་ཚིག་གིས་ཆ་ཙམ་བརྗོད་པ་ལ།།
རྒྱལ་བ་ཉིད་ཀྱིས་བཀའ་ཡིས་དབུགས་དབྱུང་སྩོལ།།

ཉམས་རྟོགས་ལོ་འབྲས་ཁུར་གྱིས་དུད་པའི་ལྕིས།།
སྒོ་གསུམ་ལེགས་བྱེད་ཛམྦུའི་ཤིང་གི་འདབ།།
ཐར་འདོད་མ་དྲོས་མཚོ་རུ་ཟགས་པ་ཡི།།
ཆེ་བའི་སྒྲ་དེས་གླིང་འདིར་མཚོན་པར་བྱས།།

ཟབ་དོན་རིན་ཆེན་བཀོད་པའི་གདུ་བུ་ཅན།།
ཕྲ་ཞིབ་ཚིག་གིས་མཉེན་པའི་སོར་མོ་ཡིས།།
ཐུབ་དགོངས་འཕང་འགྲོའི་སྐུད་པར་ལེགས་བསྣུན་པས།།
བྱང་ཆེན་དབྱངས་ཀྱི་འགྱུར་ཁུག་རྫོགས་པར་བྱེད།།

མཁྱེན་རྩལ་དཔུང་པ་མཉེན་པའི་ཐབས་འཕྲུལ་གྱིས།།
མགར་བའི་བདེན་གསུང་ཀྱོ་བ་ཆུང་ངུས་ཀྱང་།།
སྔོན་བྱུང་མཁས་པའི་གཏམ་གྱི་གླང་པོའི་ཚོགས།།
ཉམ་ཆུང་བྱས་པའི་ཆེ་བ་ལྷ་ཡིས་འགྲེམ།།

བཀའ་བསྟན་གངྒའི་བདག་མོའི་ཁ་ཡི་རླངས།།
རྣམ་དཔྱོད་སྤྲིན་ལ་བསྟབས་པའི་དྭངས་བའི་བཅུད།།
སླར་ཡང་བརྩེ་བས་སྐྱུགས་པའི་པུ་ཏིའི་ཆབ།།
ཡིད་ཅན་འཁྲི་ཤིང་གསོ་བའི་མ་མར་གྱུར།།

བརྒྱད་ཁྲིའི་དགོངས་བཅུད་འདུས་པའི་སིནྡྷུའི་བདག།
ཁྱེད་ཐུགས་འཛིན་མའི་ལྟོ་བར་ལྟེམས་པའི་ལྕིད།།
རྒྱ་གྲམ་རླུང་གིས་བཏེགས་པར་ནུས་སམ་ཞེས།།
གོས་སེར་ཅན་ཡང་དུད་འགྲོའི་གཟུགས་སུ་བརྫུས།།

ཞི་གནས་མུན་པར་འཕྱན་པའི་གར་བུའི་ཁམས།།
ལྷག་མཐོང་རིན་ཆེན་དང་པོར་སྒྱུར་བའི་འཕྲུལ།།
ཕྲ་མོའི་རྟེན་འབྲེལ་རྩི་ཡིས་བཏབས་མཁས་པས།།
ཐུབ་དགོངས་ནོར་བུའི་མཛོད་ལ་ཁྱེད་ཉིད་དབང་།།
 

རྣམ་དཔྱོད་ཆུ་གཏེར་བསྲུབས་པའི་ལྟོ་བ་ལས།།
སྐྱེས་པའི་ལྟ་སྤྱོད་རི་བོང་འཛིན་པའི་བུ།།
ཕས་རྒོལ་རཱ་ཧུའི་མཆེ་བས་མ་ཟིན་སྟེ།།
དྲན་དབང་བདེ་འབྱུང་གཙུག་ན་ཆེ་བས་འཛུམ།།

མཁས་མང་བི་ཤྭའི་པིར་གྱིས་མ་རེག་པའི།།
སྦས་དོན་མདོངས་མཐའི་ལུས་སྐྱེས་ཐིག་ལེའི་མདངས།།
ཁྱེད་ཀྱི་མཁྱེན་དགོངས་མཁའ་གླང་གླལ་བའི་སྒྲས།།
གསལ་བའི་ངོ་མཚས་ལྷ་ཡང་སྐྱེངས་པར་བྱེད།།

མཁས་བརྒྱའི་བློ་ཡིས་རྭ་བར་མ་ཚུད་པའི།།
ཤེར་མདོའི་དགོངས་ཟབ་སྟོབས་ལྡན་དབང་བའི་ཁྱོན།།
ཁྱེད་ཀྱི་མཁྱེན་རབ་གོམ་ཆུང་གཅིག་གིས་ཀྱང་།།
ཅིག་ཆར་བརྒལ་བས་ས་གསུམ་བདག་གིར་བྱས།།

འཁོར་ལོ་གསུམ་གྱི་དགོངས་དོན་གསེར་ཞུན་མདོག།
འདྲ་མིན་བརྡལ་ལ་མཁས་གཞན་སྒྱིད་ལུག་མོད།།
ཁྱེད་ཀྱིས་དྲང་ངེས་པིར་གྱིས་མདངས་ཕྱུངས་ཏེ།།
ཐུབ་དགོངས་དཔལ་བེའུ་རི་མོ་གསལ་བར་མཛད།།

དེ་ཚེ་གངས་ཅན་མཁས་པའི་གཙུག་རྒྱན་དུ།།
གྲུབ་པའི་ཆེ་བ་འོད་གསལ་གནས་སུ་ཡང་།།
བཏེགས་ཕྱིར་དབང་ཆེན་གསེར་གྱི་ས་གཞི་ཆེ།།
གཡོས་པའི་ཟོལ་གྱིས་རི་རབ་གཟུགས་སུ་བཞེངས།།

མདོ་སྔགས་ལམ་གསུམ་ལྷ་ཆུ་འདུས་པའི་འཇིངས།།
ཕྱིན་དྲུག་ཆུ་ཡིི་ཤིང་རྟས་ལེགས་བགྲོད་དེ།
བདེ་གླགས་ཞི་བའི་གླིང་དུ་བསྐྱོད་པའི་འགྲོས།།
སྐལ་དམན་འགྲམ་སྐྱོང་བློ་ཡིས་དཔོག་ནུས་མིན།།

དགག་སྒྲུབ་མར་ཁུས་བྲན་པའི་ཡམ་བུའི་ཤིང་།།
ཕྱིར་རྒོལ་རྡེག་ཆས་དུམ་སྟེ་དཔངས་བརྩིགས་ཀྱང་།།
ཁྱེད་ཀྱི་མཁྱེན་རབ་ཞུགས་ཀྱིས་སྦྱིན་སྲེག་ཏུ།།
བྱས་པའི་མེ་ལྕེ་དེ་བས་འཕེལ་བར་གྲགས།།

ཐོས་བརྩོན་རླུང་གི་བགྲོད་བྱེད་ལ་བཅིབས་ཤིང་།།
གཙུག་ལག་ནམ་མཁའི་ཕ་མཐར་ཡོངས་བསྐྱོད་དེ།།
རྣམ་གསུམ་ལས་ཀྱི་ཟེར་ཐག་འབུམ་སྤྲོས་པས།།
ལུང་རྟོགས་ཆུ་གཏེར་མཐའ་རུ་རྒྱས་པར་བྱས།།

ཨེ་མ་མང་ཐོས་མཁས་པའི་ཁྲི་འཕང་སྟེང་།།
བསྐྱོད་པའི་རྐང་སྟེགས་འཆའ་བའི་ཆེ་དགུ་ཡང་།།
ཁྱེད་གསུང་འདབ་བརྒྱའི་ཐིག་ལེའི་ཕྲ་ཚོམ་གྱིས།།
མཛེས་པའི་གདུགས་ཀྱིས་ཆེ་བར་མ་བྱས་སམ།།

ཟབ་དོན་མགྱོགས་འགྲོ་བདུན་གྱི་བང་ཁ་ཡིས།།
བསྐྱོད་པའི་ལྟ་དགོངས་བཅུ་གཉིས་བདག་པོའི་ཟིལ།།
མ་བཟོད་མཁའ་ཡི་གླང་པོའི་ཡན་ལག་ཀྱང་།།
ས་འཛིན་ལྟོ་བར་གབ་པའི་གཡོ་སྒྱུ་བརྟེན།།

ངན་རྟོག་ལྟོ་འཕྱེ་འཁྲུག་པའི་ཟ་བྱེད་ལས།།
བག་མེད་བཅུད་མས་དགའ་མགུར་སྤྱོད་པའི་རླངས།།
ལོག་སྤྱོད་མཆུ་ལ་འཁྲིལ་བའི་ཚངས་པའི་བུ།།
རྒྱལ་བསྟན་སྲོག་གི་ཆོམ་པོར་ཆས་པའི་ཚེ།།

སྤང་བདུན་གནམ་རུས་བསྐུལ་བའི་སྒྲོ་ལྡན་གྱིས།།
འཆལ་སྤྱོད་ས་ལུས་བཀུམ་པའི་དགའ་སྟོན་དུ།།
བླངས་པའི་འདུལ་གཞུང་རི་དྭགས་ལྟེ་བའི་བཅུད།།
དམ་ཆོས་ཚེ་ཐག་སྲིང་བའི་སྨན་དུ་གྲུབ།།

དེ་ལྟར་རྒྱལ་བསྟན་འོ་མའི་མཚོ་ཆེན་པོ།།
ངན་རྟོག་རྡུལ་གྱིས་རྙོགས་མར་བྱེད་དུས་འདིར།།
ཁྱེད་ཀྱི་འཕན་མེད་འཕྲིན་ལས་ཀེ་ཏ་ཀས།།
དགྲུང་པའི་སྤྲིན་དབྱངས་འཇིག་རྟེན་གསུམ་ན་མཐོ།།

ཨེ་མ་གཙུག་ལག་ནམ་མཁའི་ཕ་མཐའ་ཆེ།།
ཅིག་ཆར་གསལ་བའི་སྣང་བ་ཆེས་རྒྱས་པས།།
རྒྱལ་བ་གཉིས་པའི་མཚན་གྱི་མེ་ཏོག་ཚོམ།།
དབུ་ལ་ཕབ་པའི་ངོ་མཚར་ལྷ་ཡི་སྒྲོག།

སྤང་རྟོགས་མཐའ་རུ་སོན་པའི་རྫུ་འཕྲུལ་ལ།།
བསླུ་མེད་བདེན་གསུང་ལྷ་ཡི་རྔ་བོ་ཆེ།།
སྟོང་གསུམ་གྲགས་པའི་ཆེ་བ་ཡོངས་རྫོགས་པས།།
ཐུབ་པ་ཉིད་ཀྱི་ལྗགས་ལ་ངས་གསོ་བྱིན།།

ཁྱེད་ཐུགས་མདའ་སྦྱིན་མཚན་མོའི་ལྷ་ཡི་རྫིང་།།
མ་འདྲེས་ཤེས་བྱའི་རྒྱུ་སྐར་གསལ་བའི་གཟུགས།།
བཀྲ་ལ་དཔལ་སྟུག་མཁྱེན་པའི་མེ་ལོང་ཡང་།།
དོག་སྟེ་ཉན་ཐོས་བརྫུས་པའི་ངལ་བ་བསྟེན།།

མཁྱེན་རབ་དྲང་སྲོང་མངལ་ལས་འབབ་པ་ཡི།།
དཔྱད་གསུམ་རླབས་ཕྲེང་འཛུམ་པའི་གར་སྟབས་ཅན།།
ལེགས་གསུང་ཛ་ཧུའི་བུ་མོའི་འཇོ་སྒེག་གིས།
དྲན་དབང་ནཱ་གའི་དབང་པོ་ཚིམས་པར་བྱེད།།

བསླབ་གསུམ་འོད་བརྒྱ་འགྱེད་པའི་ཞབས་སེན་རྡུལ། 
ཡིད་ཅན་གཙུག་གི་པདྨོས་བཏུད་པའི་ཚུལ།།
སྤྲིན་དཀར་ལྕུག་མ་གཡོས་པའི་མཐོངས་ཀ་ནས།།
མཆོད་སྦྱིན་བརྒྱ་པས་མིག་སྟོང་སྤྲུལ་ཏེ་བལྟ།།

ཤེས་རབ་བསྐལ་པའི་བི་ཤྭ་ན་རའི་བུས།།
ལོག་རྟོག་འོག་གཞིའི་དཀྱིལ་འཁོར་བསྲེགས་བའི་ཁས།།
ནམ་མཁའི་མཐོངས་ཡང་ཟ་བར་འགྱུར་སྙམ་ནས།།
སྐར་མའི་ཚོགས་དག་དུས་སུ་འདར་བར་མཐོང་།།

ཚུལ་དགུའི་ཤིང་རྟས་བསྒྱུར་པའི་དཀྱིལ་འཁོར་ཆེ།།
མཐོང་གྲོལ་ཐར་པའི་ཟེགས་མ་རེ་རེ་ཡང་།།  
ལྷ་ལམ་སྒེག་མོའི་ཡོལ་གོར་མ་ཤོང་བས།།
དགུ་ཚིགས་སྐྱ་མོ་མཐའ་རུ་གྱེས་ཞེས་ཐོས།།

དེ་ལྟར་རྒྱལ་བསྟན་གསེར་གྱི་དྷྭ་ཛ་ཀ།
བཤད་སྒྲུབ་མ་ཎི་ཀ་ཡིས་ལེགས་སྤུད་དེ།།
ཐར་འདོད་ཡིད་མཁར་བཏེགས་པའི་ཆེ་བའི་དཔུང་།།
སྲེད་མེད་བུ་ཡི་སྟོབས་ལ་འཕྱ་བར་བྱས།།

ལས་ཉོན་དུག་རླངས་ནག་པོས་མུན་བྱས་པའི།།
སྐྱེ་འཆི་ལྟོ་འགྲོའི་ཚང་དུ་ལྟུང་བའི་བདག།
ཁྱེད་ཀྱི་ལེགས་གསུང་གློག་གི་གར་ཙམ་ཡང་།།
མཇལ་བའི་སྨན་གྱིས་བདེ་བའི་སྐབས་ཀྱང་བརྙེད།།

གང་གི་ལུས་སྐྱེས་རེག་པའི་བདེ་དགའ་ཡིས།།
འཇིགས་རུང་དུཿཁའི་གཡུལ་ངོར་ལུས་པའི་བུའི།།
སྒོ་གསུམ་རྡོ་རྗེའི་མཚོན་དུ་རབ་སྒྲུབ་པའི།།
དགེ་ལེགས་དེ་ཡིས་བསྐལ་པར་སྲུང་གྱུར་ཅིག།

ཨེ་མ་ཁྱེད་ཀྱི་ཡོན་ཏན་ཆ་ཡི་རྡུལ།།
སྨྲ་ལ་ཐུབ་པའི་ལྗགས་ཀྱང་ངལ་གྱུར་མོད།།
ཐ་མལ་ངག་གིས་རྗོད་པའི་ཁུར་ལེན་པ།།
འདི་ཡང་དམིགས་མེད་ཐུགས་ལས་བསྙེལ་མི་འཚལ།།

         
                  ཞེས་ཤྭོ་ལོ་ཀ་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་གྱི་གྲངས་དང་ལྡན་པ་འདི་ཤིང་མོ་ལུག་ལོའི་ཆུ་སྟོད་ཟླ་བའི་དཀར་ཕྱོགས་རྫོགས་པ་དང་པོའི་ཉིན་གོ་འཇོའི་སློབ་གཉེར་པ་ཤེས་རབ་ནོར་བུ་རུ་འབོད་པས་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་རང་སྤྱིལ་ཤིང་ཁང་འཁོགས་པོའི་ནང་དུ་རྫོགས་པར་བྲིས་པ་དགེའོ།། །།

                                         རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 


གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།