བསྟོད་པ་ཡོན་ཏན་སྤར་འཛིན།

    སྤེལ་དུས།  2016-05-16 21:24:13     རྩོམ་པ་པོ།   སྨར་སངས།    ཀློག་ཐེངས།  

        398997927407002640.jpg        

ང་ཡོན་ཏན་ཅི་སྐྱེས་བླ་མའི་དྲིན།། 
ང་བླ་མ་ཁོ་ནའི་དྲིན་གྱིས་འཚོ།། 
ང་བླ་མ་བསྟེན་ལས་ཡོན་ཏན་ཅི།། 
ང་རྟེན་འབྲེལ་མགོ་ནས་མ་ལོག་པ།།  
ང་ཨ་མདོ་བཀྲ་ཤིས་སྒོ་མང་བ།། 

 

ང་ལོག་སྨྲ་ཚར་གཅོད་སྒྲ་ཚད་བྱང་།།
ང་སྐལ་ལྡན་རྗེས་འཛིན་བཟོ་གསོ་སྨྲ།།
ང་ལུང་ཁྲིད་མན་ངག་གཏེར་ཀྱི་མཛོད།།
ང་མཁས་པའི་ཡན་ལག་ཀུན་རྫོགས་པ།།
ང་ཨ་མདོ་བཀྲ་ཤིས་སྒོ་མང་བ།།

 

ང་བཤད་པའི་དུས་སུ་སྒྲུབ་ཚུགས་བཟང་།། 
ང་སྒྲུབ་པའི་དུས་ན་ཐོས་པ་མང་།། 
ང་བཤད་སྒྲུབ་དུས་སུ་འགྲོ་དོན་འཕེལ།། 
ང་མཁས་པའི་མཛད་གསུམ་སྒོར་འཁྱིལ་ལེ།།
 ང་ཨ་མདོ་བཀྲ་ཤིས་སྒོ་མང་བ།། 

 

ང་ཚུལ་ཁྲིམས་སྲུང་དུས་ཏིང་འཛིན་འཕེལ།། 
ང་ཏིང་འཛིན་སྒོམ་དུས་ཤེས་རབ་རྒྱས།།  
ང་ཤེས་རབ་སྒོམ་དུས་ཚུལ་ཁྲིམས་སྲུང་།། 
ང་བསླབ་གསུམ་ཕྱོགས་ཆར་མ་ལྷུང་བ།།
 ང་ཨ་མདོ་བཀྲ་ཤིས་སྒོ་མང་བ།།  

 

ང་རང་གི་ལུགས་ལ་ཉམས་རྒྱུས་ཆེ།།
ང་གཞན་གྱི་ལུགས་ལ་དག་སྣང་སྦྱོང་།།
ང་མཁས་པའི་གསུང་ཀུན་གདམས་པར་གོ།།
ང་རང་གཞན་ཆགས་སྡང་མི་ཆེ་བ།།
ང་ཨ་མདོ་བཀྲ་ཤིས་སྒོ་མང་བ།།

 

ང་དབུ་ཚད་རིགས་པས་རྟག་ཆད་གྲོལ།།
ང་ཕར་མངོན་གཞུང་གིས་བྱིང་རྨུགས་སངས།།
ང་འདུལ་བའི་ལུང་གིས་སྤྱོད་པ་གཙང་།།
ང་པོཏ་ལྔའི་གཞུང་ལ་སྲབ་མཐུག་མེད།།
ང་ཨ་མདོ་བཀྲ་ཤིས་སྒོ་མང་བ།།

 

ང་མདོ་ལ་སློབ་དུས་སྔགས་ལ་མོས།། 
ང་སྔགས་ལ་སྦྱོང་དུས་མདོ་ལ་བརྟེན།། 
ང་མདོ་སྔགས་དུས་ན་དམ་ཚིག་གཟབ།། 
ང་མདོ་སྔགས་རིས་སུ་མ་བཅད་པ།།
ང་ཨ་མདོ་བཀྲ་ཤིས་སྒོ་མང་བ།།

 

         ཞེས་པ་འདི་ནི་བཀྲ་ཤིས་འཁྱིལ་གྱི་བཀའ་དྲིན་གསུམ་ལྡན་གྱི་བླ་མ་དམ་པ་དུ་མའི་བཀའ་དྲིན་ལས་བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་ཤས་ཙམ་མྱངས་པའི་སྐལ་བ་ཅན་སྨར་སངས་ཀྱིས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དམ་པ་དེ་དག་དང་མི་འབྲལ་བའི་སྨོན་ལམ་ཙམ་དུ་བྲིས་པའོ།།   ༢༠༡༦.༤.

བརྒྱུད་འགོད།