སྟོན་པ་དྲན་པ།

    སྤེལ་དུས།  2015-12-06 23:17:06     རྩོམ་པ་པོ།   རྩིང་བ་དཀོན་བྷེ།    ཀློག་ཐེངས།  

 

དེ་རིང་ངས་སྟོན་པ་དྲན་བྱུང་།
སྟོན་པས་བསྟན་པའི་ལེགས་བཤད་དྲན་བྱུང་།
སྟོན་པས་བསྟན་པའི་ལེགས་བཤད་དེས།
ང་ཚོར།
ཐར་བའི་ཞིང་དུ་བགྲོད་པའི་ཐེམ་སྐས་གནང་བྱུང་།
 
དེ་རིང་ངས་སྟོན་པ་དྲན་བྱུང་།
སྟོན་པས་བཤམས་པའི་ཡུལ་ལྗོངས་ཉུལ་དུས།
ང་ཚོའི་མིག་མདུན་ན།ནམ་ཏུ་ཡང་།
ལྟུང་བ་མེད་པའི་
མི་གནས་པའི་མྱང་འདས་ཡོད།
ང་ཚོའི་སེམས་གཏིང་ན་
སླར་ཡང་ཕྱིར་མི་ལྡོག་པའི་བདུད་རྩིའི་གོ་འཕང་ཡོད་ཨང་།
 
དེ་རིང་ངས་སྟོན་པ་དྲན་བྱུང་།
སྟོན་པས་བསྟན་པའི་སྟོང་བས།
ང་ཚོར་བདག་འཛིན་གྱི་
ཞེན་ཡུལ་གཅོད་པའི་ཤེས་རབ་གནང་བྱུང་།
 
དེ་རིང་ངས་སྟོན་པ་དྲན་བྱུང་།
སྟོན་པས་བསྟན་པའི་རྟེན་འབྲེལ་གྱིས།
ང་ཚོར་འཇིག་རྟེན་གྱི་
གྲུབ་ཚུལ་ཞིག་གི་གསང་བ་བསྙད་བྱུང་།
 
སྟོང་བ་བསྟན་པས།
ཁྱོད་དང་ང་ཡི་སེམས་ཀྱི་དྲི་མ་དག་བྱུང་།
རྟེན་འབྲེལ་བསྟན་པས།
ཁྱོད་དང་ང་ཡི་སེམས་ཀྱི་ངོ་བོ་གསལ་བྱུང་།
 
སྟོང་བ་རྟེན་འབྱུང་དང་རྟེན་འབྱུང་སྟོང་བར་གཟིགས་པས།
ཕྱི་སྣོད་ཀྱི་ཕྲ་ཞིང་ཕྲ་བའི་ཕྲ་རབ་དེ་མཐོང་བྱུང་།
རྟེན་འབྱུང་སྟོང་བ་དང་
སྟོང་བ་རྟེན་འབྱུང་དུ་མཐོང་བས།
ནང་བཅུད་ཀྱི་ཐུང་ཞིང་ཐུང་བའི་ཐུང་མཐའ་དེ་རྟོགས་བྱུང་།
 
དེ་རིང་ངས་སྟོན་པ་དྲན་བྱུང་།
སྟོང་བ་རྟེན་འབྱུང་དང་
རྟེན་འབྱུང་སྟོང་བར་བསྟན་པའི་སྟོན་པ་དྲན་བྱུང་།
དེ་རིང་ངས་སྟོན་པ་དྲན་བྱུང་།
 
རྟེན་འབྱུང་སྟོང་བ་དང་
སྟོང་བ་རྟེན་འབྱུང་དུ་རང་དབང་དུ་གཟིགས་པའི་

སྟོན་པ་དྲན་བྱུང་།
 
2015.6.26ཉིན་ལ་རང་ཤག་ནས་སྔོན་འབོ་རའི་དགེ་རྒན་དུ་བཞུགས་མྱོང་བའི་དྷི་ཚ་ཡེ་ཤེས་མཆོག་གིས་བརྩམས་པའི་སྟོན་པ་བཀའ་དྲིན་ཅན་གྱི་རྣམ་ཐར་མཇལ་ནས་སེམས་པ་སྐྱོ་གདུང་དང་བཅས་ཏེ་བྲིས་པའི་སྙན་ངག་འདིའི་དགེ་རྩ་ཕྲ་མོ་རང་གཞན་སེམས་ཅན་ཐམས་ཅད་རྣམ་གྲོལ་རྒྱལ་བའི་གོ་འཕང་འཐོབ་པའི་རྒྱུ་རུ་བསྔོའོ།
 
 

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་འགོད་དག་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
      རྩོམ་འདིའི་སྦྲེལ་ཐག 
http://www.tb1025.cn

བརྒྱུད་འགོད།