ལས་ཀྱི་ས་གཞི།

    སྤེལ་དུས།  2015-12-06 17:01:05     རྩོམ་པ་པོ།   རྩིང་བ་དཀོན་བྷེ།༼མདོ་ལྷོ༽    ཀློག་ཐེངས།  

ཆེ་བ་མི་ནས་

ཆུང་བ་སྲིན་འབུ་ཡན་ཆད་བར།

ཁམས་དང་མོས་པ་མི་གཅིག་ཀྱང་།

དབང་བོ་རྣོ་རྟུལ་མི་འདྲ་བའི

སེམས་ཅན་ཐ་དད་པ་མང་པོ་ཞིག་བྱུང་བ་འདི།

མཐར་གཏུགས་ནས་བརྗོད་ན།

ལས་ཀྱི་ས་གཞི་ལ།

རང་རང་གིས་བྲིས་པའི་རི་མོ་མ་འདྲ་བས་རེད།

ཆུང་བ་གྲོག་སྦུར་ནས།

ཆེ་བ་མི་ཡི་བར།

ཚང་མར་འདྲ་ས་གཅིག་སྣང་བ་ནི།

སྡུག་བསྔལ་མི་འདོད་ཅིང་བདེ་སྐྱིད་འདོད་པ་དེ་ཡིན།

དེ་ཡང་།ལས་ཀྱི་ས་གཞི་ལ།

དཀར་ནག་གི་ས་བོན་བཏབ་པ་མ་འདྲ་བས།

ལ་ལས།

སྡུག་བསྔལ་བྱོལ་ནའང་།

སྡུག་བསྔལ་གྱིས་ཁོ་ལ་གཅར་ནས་ཡོང་།

ལ་ལས།

བདེ་སྐྱིད་བཙལ་ཀྱང་།

བདེ་སྐྱིད་ཀྱིས་ཁོ་ལ་གཟུར་ནས་བྲོས་འགྲོ།

ཡང་ལ་ལས།

སྐྱེ་བ་འདི་ལ།

བདེ་སྐྱིད་ཁོ་ན་བཙལ་ནས་རྙེད་ཅིང་།

ཡང་ལ་ལས།

སྐྱེ་བ་འདི་ལ།

སྡུག་བསྔལ་ཁོ་ན་གཞོལ་ནས་ཐར་འགྲོ།

འདི་དག་ལ།འཁང་ར་དང་ལེ་བདའ་ཡེ་ནས་མེད།

འདི་ཡང་།ལས་ཀྱི་ས་གཞི་ལ།

སྐྱེ་བ་སྔོན་མར།རང་རང་གིས་བཏབ་པའི་ས་བོན་མ་འདྲ་བ་དང་

རང་རང་གིས་བསགས་པའི་བག་ཆགས་མ་འདྲ་བས་རེད།

ལས་འདི།ལས་ལམ་འདི

འདི་འདྲའི་

མཐུ་ཆེ་ཞིང་དབང་བཙན་པས།

དཀར་པོ་དགེ་བས་ལས་བསགས་ན་ཁྱོད་ཀྱིས་འབྲས་བུ་བདེ་བ་མྱོང་ཐུབ་ལ།

ནག་པོ་སྡིག་པའི་ལས་བསགས་ན།

ཁྱོད་ཀྱིས་འབྲས་བུ་སྡུག་བསྔལ་མྱོང་ངེས་ཡིན།

དགེ་སྡུག་གི་འབྲས་བུ་མྱོང་ཚུལ་དེ་ཡང་།

སྐྱེ་བ་གཅིག་ལ་མྱོང་བ་དང་།

སྐྱེ་བ་གཉིས་ཕན་ཆད་ལ་མྱོང་བ་དང།

ཡང་ན།སྐྱེ་བ་དུ་མའི་རྗེས་སུ་མྱོང་བའང་ཡོད།

ཡང་ཅིག་བཤད་ན།

རང་གིས་བསགས་པའི་ལས་དེ།

གང་ཟག་གཞན་ཞིག་གིས་མྱོང་མི་དགོས་ལ།

རང་གིས་བསགས་པའི་དཀར་ནག་གི་ལས་དེ།

བསྐལ་བ་བརྒྱ་ཡང་ཆུད་མི་ཟ་བར།

དུས་ལ་བབས་པ་ན།

རྣམ་སྨིན་གྱི་འབྲས་བུ་དང་རྒྱུ་མཐུན་གྱི་འབྲས་བུ།

ཡང་ན་བདག་པོའི་འབྲས་བུ་དང་བཅས་པ།

རང་དང་རྒྱུད་གཅིག་པའི་སྐྱེ་བ་མང་བོས་མྱོང་དགོས་ཨང་།

ལས་ཀྱི་ས་གཞི་ལ།

སེམས་པའི་ལས་དང་བསམ་པའི་ལས་གཉིས་ཡོད།

སེམས་པའི་ལས་ནི།

ཡིད་ཀྱི་ལས་གསུམ་ཡིན་ལ།

བསམ་པའི་ལས་ནི།

ལུས་ངག་གི་ལས་བདུན་པོ་ཡིན།

སེམས་པའི་ལས་དེ།

བརྣབ་སེམས་དང་གནོད་སེམས

ལོག་ལྟ་ཡིན་ལ།

ང་ཚོས་གཞན་གྱི་ཕུན་ཚོགས་མཐོང་དུས།

འགྲམ་ཆུ་བཞུར་ནས།

རང་ལ་འཐོབ་ནའང་སྙམ་པའི་བརྣབ་སེམས་བཅངས་ནས།

རང་ལ་མ་འཐོབ་པར་སྡུག་བསྔལ་མྱངས་པ་དེ་ཡང་།

ལས་ཀྱི་ས་གཞི་ལ།

བརྣམ་སེམས་ཀྱི་ས་བོན་བཏབ་པས་རེད།

བརྣབ་སེམས་འདི་ཆེ་ན།

རྒྱུ་མཐུན་གྱི་འབྲས་བའི་མཐུས།

ཡིད་ཀྱི་རེ་བ་མི་འགྲུབ་པས།

སྙིང་ལ་མིག་དང་མིག་ལ་ཤེས་རབ་ལྡན་ན།

ང་ཚོས་རང་ལ་མི་འཐོབ་པའི་དངོས་པོ་དེ།

རང་ལ་འཐོབ་པར་རེ་ནས་བརྣམ་སེམས་འཆང་མི་ཉན་ཨང་།

སྐབས་རེར།ང་ཚོ་འཇིགས་པར་འཕྲད་ཅིང་།

སེམས་ལ་དངངས་འདར་སྐྱེས་ཤིང་།

སྐྲག་འཇིགས་ཆེ་བ་དེ་ཡང་།

རྒྱུ་མེད་རྐྱེན་མེད་དུ་བྱུང་བ་མ་ཡིན་པར།

རང་དང་མཐུན་པའི་རྒྱུ་རྐྱེན་ལས་བྱུང་བ་ཤ་སྟག་རེད།

རྒྱུ་མཐུན་གྱི་འབྲས་བུའི་མཐུས།

འཇིགས་པ་ཆེ་བ་དེ་ཡང་།

ལས་ཀྱི་ས་གཞི་ལ།

གནོད་སེམས་ཀྱི་ཡུངས་དཀར་བཏབ་དྲགས་པས་རེད།

ཁོག་ལ་སྙིང་དང་སྙིང་ལ་དཔྱོད་ཤེས་ལྡན་ན།

ང་ཚོས་འཇིགས་པའི་རྩ་བ་དེ་སེལ་དགོས་ལ།

ལར་འཇིགས་པའི་རྩ་བ་འདི་སེལ་མ་ཐུབ་ན།

ནམ་དུ་ཡང་འཇིགས་པ་དང་ཁ་མི་འབྲལ་བར།

མི་འདོད་བཞིན་དུ་

ཁྱོད་ཀྱིས་འཇིགས་པ་མྱངས་ནས་འདུག་དགོས་ཨང་།

རྒྱུ་མཚན་དེའི་རྐྱེན་གྱིས།

ལས་ཀྱི་ས་གཞི་ལ།

རང་ལ་གཅེས་ན་གནོད་སེམས་ཀྱི་ས་བོན་མ་བཏབ་ན་ཨང་།

ང་ཚོའི་མི་ཚེའི་འགྲུལ་བཞུད་ཁྲོད་ནས།

ལན་རེར།ང་ཚོའི་དཔྱོད་ཤེས་ལ་སྨུག་པ་འཐིབས་པས།

ལམ་མ་ཡིན་པ་ལ་ལམ་དུ་བཟུང་ནས།

མདུན་ཕྱོགས་སུ་ཇི་ལྟར་བསྐྱོད་ཀྱང་།

དམིགས་ཡུལ་དུ་མི་བསླེབས་པར།

དེ་ལས་ཕུགས་བསམ་དང་ཁ་ཐག་ཇེ་རིང་དུ་ཕྱིན་པ་ནི།

ལས་ཀྱི་ས་གཞི་ལ།

ལོག་ལྟའི་བག་ཆགས་བཏབ་དྲགས་པས་རེད།

མི་ལ་སེམས་དང་སེམས་ལ་ལྷ་མཆིས་ན།

ང་ཚོས་མུན་པའི་རྩ་བ་དེ་སེལ་དགོས་ལ།

མུན་པའི་རྩ་བ་འདི་སེལ་མ་ཐུབ་ན།

རྒྱུ་མཐུན་གྱི་འབྲས་བུའི་མཐུས།

ནམ་ཡིན་ཡང་།ལོག་ལྟ་དང་ཁ་མི་འབྲལ་བར།

རང་གིས་བསགས་པའི་དགེ་རྩ་དེ་ཆད་ནས།

རང་ལ་ཞི་བའི་ཕུགས་བསམ་དེ་མི་འཐོབ་པས།

བདུད་རྩའི་གོ་འཕང་ཞིག་རྙེད་དགོས་ན།

ཡང་དག་པའི་ལྟ་བ་དེ་རྙེད་དགོས་པས།

རྒྱུ་མཚན་དེའི་ཕྱིར་ན།

ལས་ཀྱི་ས་གཞི་ལ།

ལོག་ལྟའི་བག་ཆགས་ཀྱི་ས་བོན་མ་བཏབ་ན་ཨང་།

བསམ་པའི་ལས་ནི་བདུན་དེ།

ལུས་ཀྱི་ལས་གསུམ་དང་ངག་གི་ལས་བཞིའོ།

མ་རུང་བ་འདི་དག་ཆམ་ལ་མ་ཕབ་ན།

ནམ་དུ་ཡང་ང་ཚོར་བློ་བདེ་བག་ཕེབས་སུ་སྡོད་དུ་མི་འཇུག་པས།

ང་ཚོས་རང་ཉིད་གཅེས་ན།

ང་ཚོས་རང་ཉིད་བདེ་སྐྱིད་ཁོ་ན་འདོད་ན།

རང་ཉིད་ཀྱི་བདེ་སྐྱིད་དེ་

གཞན་ཉིད་སྡུག་ལ་སྦྱར་ནས་མི་བཙལ་བར།

བདེ་སྐྱིད་མི་འབྱུང་བའི་འགོ་ཁུངས་དེ།

རང་སྟེང་ན་མཆིས་པས།

རང་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་ཞིབ་བཤེར་བྱ་དགོས།

ལུས་ཀྱི་མི་དགེ་བ་གསུམ་པོ་འདི།

ལུས་ལ་བརྟེན་ནས་བསགས་པས།

སྐྱེ་བ་སྔ་མ་གང་རུང་ཞིག་ལ།

ལས་ཀྱི་ས་གཞི་ལ།

སྲོག་གཅོད་ཀྱི་ལས་བསགས་ཡོད་ན།

རྒྱུ་མཐུན་གྱི་འབྲས་བུ་དེ་རང་གི་མྱོང་དགོས་ལ།

དུས་ནམ་ཞིག་ལ།

མི་ཚེས་ཆེས་མི་འདོད་པ་གཞན་ཞིག་ནི།

ཚེ་ཐུང་བ་དེ་ཡིན་ལ།

དེའང་།ལས་ཀྱི་ས་གཞི་ལ་བཏབ་པའི་མེ་ཏོག་དེར་དཀར་ནག་གི་འབྲས་བུ་སྨིན་ངེས་པས།

སྐྱེ་བ་གང་རུང་ཞིག་ལ།

ཚེ་ཐུང་ཞིང་ནད་མང་བའི་ཁུར་བོ་དེ།

རང་ཉིད་ཁོ་ནས་མི་འདོད་བཞིན་དུ་འཁུར་དགོས་ཨང་།

སྐྱེ་བ་ནས་སྐྱེ་བའི་བར་དུ།

སྡུག་བསྔལ་དེ་མྱངས་མི་འདོད་ན།

སྡུག་བསྔལ་དེ་ལས་ངེས་པར་དུ་ཐར་དགོས་ན།

ལས་ཀྱི་ས་གཞི་ལ།

སྲོག་གཅོད་ཀྱི་ལས་མ་བསགས་ན་ཨང་།

སྲེད་པའི་ལུང་བ་དེ་ཕུགས་རིང་ལ་གཏིང་ཟབ་པས།

དུས་རྟག་ཏུ་གཞན་ནོར་བལྟས་ཏེ།

ཇི་ལྟར་རང་ལ་འཐོབ་འདོད་ཀྱི་བསམ་བློ་བསྐོར་ནས།

གཞན་གྱི་མ་ཤེས་མ་ཚོར་བར།

ལས་ཀྱི་ས་གཞི་ལ།

མ་བྱིན་ལེན་གྱི་བག་ཆགས་བསགས་ན།

དུས་ནམ་ཞིག་ལ།

རྒྱུ་མཐུན་གྱི་འབྲས་བུ་སྨིན་པའི་དུས་ལ་བབས་ན།

རང་ཉིད་ནི་ཅི་ཡང་མེད་པའི་

གོ་ལ་འདིའི་མགྲོན་པོ་ལྷག་མ་ཞིག་ཏུ་གྱུར་ནས།

གཉེན་ཉེ་ཚོས་མི་མཐོང་ལ།

གྲོགས་པོ་ཚོས་དོར་བའི་ཁེར་རྐྱང་གི་སྡུག་བསྔལ་མྱོང་དགོས་ལ།

བཟོད་དཀའ་བའི

ལུས་ཀྱི་སྡུག་བསྔལ་དེའང་རང་ཁོ་ནས་མྱོང་དགོས་ཨང་།

ཚེ་རབས་ནས་ཚེ་ཡི་ཕྲེང་བའི་བར།

ཅི་ཡང་མེད་པའི་ལག་སྟོང་གི་སྡུག་བསྔལ་དེ་མྱངས་མི་འདོད་ན།

ལས་ཀྱི་ས་གཞི་ལ།

མ་བྱིན་ལེན་གྱི་ས་བོན་མ་བཏབ་ན་ཨང།

སྡུག་བསྔལ་མང་ནའང།

སྡུག་བསྔལ་ཐམས་ཅད་རང་ཉིད་ཀྱིས་བསྐྲུན་པ་མ་གཏོགས།

ཕྱི་རོལ་ནས་ཆར་བཞིན་རང་མགོར་འབབ་རྒྱུ་ག་ལ་ཡོད།

དེ་བས་སྡུག་བསྔལ་རྒྱ་མཚོ་ལས་སྣ་གཅིག་ནི།

འདོད་པའི་རྟ་ཁ་དེ་དཀྱུས་མ་ཐུབ་པས།

རྟག་ཏུ།གཞན་གྱི་ཡིད་འོང་ལ་ངན་སེམས་འཆང་ནས།

ཇི་ལྟར་རོལ་འདོད་ཀྱི་སྲེད་མ་ངར་མས།

ལས་ཀྱི་ས་གཞི་ལ།

ལོག་གཡེམ་གྱི་ས་བོན་བཏབ་ན།

དུས་ནམ་ཞིག་ལ།

རྒྱུ་མཐུན་གྱི་འབྲས་བུ་རང་ཁོ་ནས་མྱོང་དགོས་ཏེ།

རང་ཉིད་ཀྱི་བགོ་སྐལ་དེ་བདག་པོ་རྒྱག་མི་ཐུབ་པའི་སེམས་ངལ་མཐུག་པོ།

རང་ཁོ་ནས་མྱངས་ཏེ་སེམས་པར་འགྲམ་དར་ཆགས་སྲིད།

མི་རབས་ནས་མི་རབས་བར།

སེམས་ཀྱི་མེ་ཏོག་བསྲུང་མི་བཏུབ་པའི་སྡུག་བསྔལ་མྱོང་མི་འདོད་ན།

ལས་ཀྱི་ས་གཞི་ལ།

ལོག་གཡེམ་གྱི་ཉེར་ལེན་མ་བཏབ་ན་ཨང་།

ཡང་ཅིག་བཤད་ན།

སེམས་མ་བཀྲུས་ན་ངག་ཀྱང་མི་དག་ལ།

ངག་གི་དྲི་མ་མ་དག་ན།

ངག་གི་མི་དགེ་བ་བཞི་བོས།

ལས་ཀྱི་ས་གཞི་ལ།

མི་དགེ་བའི་ས་བོན་བཏབ་ན།

རྣམ་སྨིན་གྱི་འབྲས་བུ་དེ།དུས་ལས་མི་ཡོལ་བར།

འདི་ལྟར་སྡུག་བསྔལ་མང་བོ་ཞིག

རང་གིས་མྱོང་མི་འདོད་ན།

ལས་ཀྱི་ས་གཞི་ལ།

ངག་གི་ཉེས་པ་བཞི་བོ་དེ་མ་བསགས་ན་ཨང་།

ཆེ་བ་རྒྱལ་ཁབ་ནས་ཆུང་བ་ཁྱིམ་མཚེས་བར།

རང་རང་གི་བསམ་པའི་ཁ་དོག་སྟོན་དགོས་ན།

ངག་གི་བརྡ་ལ་བརྟེན་དགོས་པ་དང་།

དེའི་ཕྱིར།ངག་གི་འཕྲིན་ལས་འདི།

སྤྱི་ཚོགས་དང་མི་སྒེར་ལ་ཐད་གར་འབྲེལ་བས།

འདི་ལ་དོགས་ཟོན་དང་

རྟག་ཏུ་འདི་ལ་དྲན་ཤེས་ཀྱི་བྱ་ར་བྱེད་ན་ཨང་།

ཉོན་མོངས་པས་ཀུན་ནས་བསླངས་ཏེ།

རང་ཁོ་ནའི་ཆེད་དུ།

ཕ་རོལ་བོའི་མགོ་བོ་རྨོངས་པར་བྱ་ཆེད།

ལས་ཀྱི་ས་གཞི་ལ།

བརྫུན་གྱི་ས་བོན་བཏབ་དྲགས་ན།

དུས་ནམ་ཞིག་ལ།བརྫུན་གྱི་མྱུ་གུ་འབུས་ཏེ།

རྒྱུ་མཐུན་གྱི་འབྲས་བུ་དེ།

རང་ལ་མི་ཁ་འཁོར་ནས་འོང་།

གལ་ཏེ།རང་ཉིད་འོད་ཀྱི་ཕུང་བོ་ཞིག་ཏུ་གཏོང་འདོད་ན།

གལ་ཏེ།རང་གིས་མི་སྙན་པའི་མི་ཁ་དེ་འགོག་འདོད་ན།

ཅིས་ཀྱང་།ཁྱོད་ཀྱིས་བསྒྲུབ་དགོས་པ་ཞིག་ནི།

ལས་ཀྱི་ས་གཞི་ལ།

བརྫུན་གྱི་ས་བོན་མ་གཏོར་ན་ཨང་།

ཞི་བདེ་དང་འཆམ་མཐུན་གྱི་གཞི་རྩ་ནི་

མཐུན་སྒྲིལ་ཡིན་ལ།

མཐུན་སྒྲིལ་ནི་སྟོབསཤུགས་་ཀྱི་འབྱུང་རྩ་ཡིན་པས།

ང་ཚོས་མཐུན་སྒྲིལ་བྱས་ན།

ཁྱོད་བདེ་ང་སྐྱིད་ཀྱི་ལམ་ནས།

སེམས་ཅན་རྣམས་འདྲ་མཉམ་སྒོས་གནས་ཐུབ།

འོན་ཀྱང་།ཉོན་མོངས་མ་དག་པས།

ལས་ཀྱི་ས་གཞི་ལ།

ཕྲ་མའི་ས་བོན་གསར་དུ་བསགས་ན།

ཆེ་བ་རྒྱལ་ཁབ་གཏོར་ཞིང་།

ཆུང་བ་ཁྱིམ་ཚང་གཏོར་ངེས་པས།

དུས་ནམ་ཞིག་ལ།རྒྱུ་མཐུན་གྱི་འབྲས་བུ་དེ།

ལས་བསགས་པ་པོས་མྱོང་དགོས་པས།

རྒྱལ་ཁབ་ལའང་རྒྱལ་ཁབ་ཀྱི་མཛའ་བཤེས་ཉུང་ཞིང་།

མི་ལའང་མིའི་མཛའ་བཤེས་བྲལ་ངེས་པས།

རང་ཉིད་ཁེར་རྐྱང་གིས་འཚོ་མི་འདོད་ན།

ལས་ཀྱི་ས་གཞི་ལ།

ཕྲ་མའི་ས་བོན་མ་བཏབ་ན་ཨང་།

རང་ཉིད་ཁོ་ན་མཐོན་པོ་རུ་སྙམ་ཏེ།

གཞན་ལ་དམའ་འབེབས་དང་མཐོང་ཆུང་།

ད་དུང་།ཟུར་ཟ་ཡིས་དམའ་ཕབ་ནས།

ལས་ཀྱི་ས་གཞི་ལ།

ཚིག་རྩུབ་ཀྱི་བག་ཆགས་བསགས་ན།

ནམ་ཞིག་ལ།ཉི་མ་སྤྲིན་གསེབ་ནས་ཐོན་པ་བཞིན།

ཉོན་མོངས་ཀྱིས་བསགས་པའི་ལས་དེའི་འབྲས་བུ་སྨིན་ནས།

རྒྱུ་མཐུན་གྱི་འབྲས་བུ་རང་གིས་མྱོང་དགོས་ལ།

དུས་དེར།རང་རྒྱུད་སྲེག་ཅིང་མི་སྙན་པ་འཕེལ་བས།

འཇམ་པོས་རྩུབ་པོ་འདུལ་ཐུབ་ལ།

རྩུབ་པོས་རྩུབ་པོ་འདུལ་མི་ཐུབ།

དེ་བས།ང་ཚོས་ནམ་ཡང་འཇམ་པོ་ཁོ་ན་སྤྱད་དེ།

རྩུབ་པོ་འཇམ་པོ་རུ་གཏོང་དགོས་པ་དེ་ཡིན།

རྩུབ་པོ་འཇམ་པོ་རུ་གཏོང་དགོས་ན།

ལས་ཀྱི་ས་གཞི་ལ།

ཚིག་རྩུབ་ཀྱི་ས་བོན་མ་གཏོར་ན་ཨང་།

དུས་ཚོད་ཀྱིས་ཚེ་སྲོག་ཁྲིད་ནས་འགྲོ་བཞིན་ཡོད་ལ།

ང་ཚོས་དུས་ཚོད་ནི་རྒྱལ་ཁ་དང་།

དུས་ཚོད་ནི་གྲུབ་འབྲས་ཡིན་པར་མ་བསམ་པར།

ལས་ཀྱི་ས་གཞི་ལ།

ངག་ཀྱལ་གྱི་ས་བོན་བཏབ་ནས།

འཇིག་རྟེན་འདིར་ཐེངས་ཤིག་ཡོང་བའང་།

ཕྱིར་ལག་སྟོང་དུ་སོང་ན།

མི་ཚེ་སྟོང་ཟད་དུ་བཏང་བ་ལགས་པས།

དུས་ཚོད་བསྐུར་མི་ཉན།ཚེ་སྲོག་བསྐུར་མི་ཉན་ཡ།

མི་ལུས་རིན་ཆེན་དེ།

ལན་གཅིག་རྙེད་པའི་ཡིད་བཞིན་གྱི་ནོར་བུ་འདི།

རི་གཟར་གྱི་རྦབ་ཆུ་བཞིན།

ནམ་མཁའི་གློག་ཞག་བཞིན།

ཆུ་ཡི་ཆུ་བུར་བཞིན།

རྙེད་དཀའ་ལ་འཇིག་སླ་བས།

དགོས་མེད་ཀྱི་བྱ་བཞག་མགོ་འཁོར་ནས།

བག་མེད་དང་རྩེད་འཇོས་དུས་ཚོད་མི་བསྐྱལ་བར།

མི་ཚེ་དོན་ལྡན་དུ་གཏོང་དགོས་ན།

ཐེངས་གཅིག་རྙེད་པའི་མི་ལུས་འདི།

ལག་ལེན་གྱིས་གསེར་དུ་བསྒྱུར་དགོས་ན།

ལེ་ལོ་དང་རྣམ་གཡེང་གི་བར་གླགས་གསུབ་ནས།

ལས་ཀྱི་མཆོག་ནི།

གཞན་དོན་རྐྱང་རྐྱང་བསྒྲུབ་རྒྱུ་དེ་ཡིན་ལ།

གཞན་དོན་བསྒྲུབ་དགོས་ན།

ཟིང་ཟིང་གི་སྦྱིན་པས་སེམས་ཅན་བསྡུས་ནས།

གནས་ལུགས་དང་ཆོས་ཉིད་བསྟན་ནས།

ཆོས་ཀྱི་སྦྱིན་པས་སེམས་ཅན་གྲོལ་དགོས་ལ།

འདི་ལྟར་སྦྱིན་པ་དེ་ཡང་།

འདོད་ཆགས་དང་མ་འདྲེས་པར།

ཞེ་སྡང་དང་མ་འདྲེས་པར།གཏི་མུག་དང་ཡང་མ་འདྲེས་པར།

མདོར་ན།ཉོན་མོངས་དང་མ་འདྲེས་པར།

ཚུལ་ཁྲིམས་དག་པའི་རྒྱུ་དེ།

དྲན་པ་དང་ཤེས་བཞིན་བག་ཡོད་བཅས་ཀྱིས།

ལུས་ངག་ཡིད་གསུམ་གྱི་ཉེས་པ་བཀྲུས་ནས།

ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱིས་སྲུང་དགོས།

འདི་ལྟར་ཚུལ་ཁྲིམས་གཡག་རྔ་བཞིན་བསྲུང་ཐུབ་ན།

ལ་ལར།ཕར་ཕན་བཏགས་ནའང་།

ཚུར་གནོད་པས་མཐོ་མཚམས་ཀྱང་རུང་།

དེ་ལ་ཅི་ཡང་མི་སྙམ་པར་བཟོད་པའི་གོ་ཆ་བརྟན་འགྲོ།

ལར།གཞན་དོན་བསྒྲུབ་པ་ལ་རང་དོན་འགྲུབ་དགོས་ཤིང་།

རང་དོན་དེ་ཡང་།

ལུས་ངག་ཡིད་གསུམ་གྱི་ཉེས་པ་གཙང་མར་ཕྱགས་པའི།

ཤེས་རབ་གལ་ཆེའོ།

ཤེས་རབ་དེ་ཡང་།

ཡིད་སེམས་རྣམ་གཡེང་གིས་མི་འགྲུབ་པས།

སེམས་བསམ་གཏན་གྱི་དམིགས་པའི་སྟེང་དུ་བཞག་ནས།

ལེ་ལོ་དང་བྱ་བ་ངན་ཞེན་གྱིས་ཅི་ཡང་མི་ཡོང་བས།

དགེ་བར་དུངས་པའི་བརྩོན་འགྲུས་བརྩམ་དགོས།

འདི་ལྟར།གོ་རིམ་མ་ནོར་བར།

ལས་ཀྱི་ས་གཞི་ལ།

ཕ་རོལ་དུ་ཕྱིན་པ་དྲུག་གི་ས་བོན་བཏབ་ན།

དུས་ནམ་ཞིག་ལ།

རང་དོན་སྤངས་པ་ཕུན་ཚོགས་དང་།

གཞན་དོན་འཕྲིན་ལས་ཕུན་ཚོགས་འགྲུབ་ནས།

ཆོས་གཟུགས་ཀྱི་སྐུ་གཉིས་པོ་དེ་རྙེད་ངེས་རེད།

འདི་ནི།ལས་ཀྱི་ས་གཞི་ལ།

བོད་མིས་ས་བོན་བཏབ་ནས།

རྣམ་བྱང་གི་འབྲས་བུ་བསྡུ་ཚུལ་ཁོ་ན་ཡིན།

2015.6.24ཉིན་ལ་བླ་བྲང་བཀྲ་ཤིས་འཁྱིལ་ནས་སྦྱར་བ་དགེའོ།

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
      རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།