ཁྲིན་ཏུའུ་ན་བཞུགས་པའི་རྡོ་རྗེའི་གདན་གྱི་མཆོད་རྟེན་ལ་མཇལ་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-01-29 18:39:12     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  


ཁ་སང་ང་ཚོ་མཚོ་སྔོན་གྱི་ལོ་ཙཱ་བ་དག་གིས་ལུང་བདེན་པ་བསྒྱུར་ནས་གྲུབ་ཅིང་།དེ་རིང་ངལ་གསོ་བའི་དོད་དུ་ལུང་ཞིན་དགོན་དུ་མཇལ་དུ་སོང་།  དགོན་པ་འདིར་མཇལ་དོན་དོན་ཁྲིན་ཏུའུར་བཞུགས་པའི་རྒྱའི་སློབ་དཔོན་ཡོན་ཏན་རྒྱ་མཚོའི་དགོན་པ་དག་ལ་མཇལ་བའི་ཆེད་དུ་ཡིན།

ལོ་ཙ་བ་གཅན་ཚའི་ཨོ་རྒྱན་གྱིས་ལོ་འགའི་སྔོན་ནས་དགོན་པ་འདི་གླེང་མྱོང་མོད།དེ་རིང་བར་འགྲོ་མ་ཐུབ། ད་རེས་བྱ་བ་ཆེན་པོ་ཞིག་གྲུབ་པའི་གཏང་རག་གི་ཚུལ་དུ་འདིར་མཇལ་བའི་སྐལ་བ་ཐོབ།

ང་ཚོ་དགེ་བསྙེན་ཞིག་གི་རླངས་འཁོར་གྱིས་ལུང་ཞིན་དགོན་ལ་སྐྱེལ།རླངས་འཁོར་འགྲོ་བའི་དུས་སུ་ངས་བརྒྱ་བཤེར་ལས་དགོན་པ་འདིའི་ངོ་སྤྲོད་ལ་བལྟས།

ལུང་ཞིན་དགོན་ནི་སི་ཁྲོན་ཞིང་ཆེན་ཕེང་ཀྲོའུ་གྲོང་ཁྱེར་གྱི་བྱང་འདབས་སུ་ཆགས་ཤིང་།ཅིན་རྒྱལ་རབས་ཤར་མའི་ཞན་ཁང་ཉན་གྱི་དུས་འགོར་མིང་ལ་ཆོས་དབྱིངས་ཆེན་པོ་དགོན(大空寺)ཞེས་ཟེར།

ལིའང་ཝུའུ་ཏིས་ཡུང་ཏིང་ལོ་གཉིས་(梁武帝梁武帝永定二年)(558ལོར་)པར་སྒོམ་ཆེན་ཀྲི་ཀུང་(志公)གིས་དགོན་པ་རྒྱ་བསྐྱེད་པ་དང་།རྒྱལ་མོ་ཝུའུ་ཙེ་ཐེན(武则天)(691ལོ་)གྱིས་"ཏ་ཡུན་དགོན་"ཞེས་བཏགས། ཐང་ཞོན་ཙུང་(唐武宗)སྲིད་ལོ་དྲུག་པར་(718ལོ་)ཀྲུའུ་ལུང་ཞིན་དགོན་པ་ཞེས་བཏགས།

ཐང་རྒྱལ་རབས་ཀྱི་ཝུའུ་ཙུང་ཧུའེ་ཁྲང་ཁྲི་ལོ་ལྔ་པར་(唐武宗会昌五年)(སྤྱི་ལོ་༨༤༥ལོར་)དགོན་པ་གཏོར།ཕྱི་ལོའི་ཟླ་གསུམ་པར་ཝུའུ་ཙུང་གིས(སྤྱི་ལོ་༨༤༨ལོར)སྒོམ་ཆེན་ལུང་ཤིང་ལ་དགོན་པ་བསྐྱར་གཞི་བྱ་ཆོག་པའི་བཀའ་བཏང་། དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་པའི་ནང་དགོན་པར་ས་ཆ་མུའུ་༨༠ལྷག་ཙམ་དང་།ལྷ་ཁང་བཞི་དང་།སྐུ་བརྙན་བརྒྱ་ལྷག།གྲྭ་བ་༡༠༠ལྷག་ཙམ།གྲྭ་ཤག་༡༠ལྷག་ཙམ་ཡོད།

ང་ཚོ་དགོན་པའི་གློ་སྒོ་ལས་ནང་དུ་སོང་ནས་ཐོག་མར་མཆོད་རྟེན་ལ་མཇལ།མཆོད་རྟེན་འདི་ནི་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་པོའི་རྣམ་པས་བཞེངས་འདུག ཕྱོགས་བཞི་བོར་མཆོད་རྟེན་རྡོ་རྗེ་གདན་གྱི་མཆོད་རྟེན་ཆུང་བ་རེ་བཞེངས་འདུག འདི་རྒྱ་ནག་གི་སངས་རྒྱས་རིང་བསྲེལ་མཆོད་རྟེན་བཅུ་དགུའི་གྲས་ཡིན་ཞིང་།ཁྲིན་ཏུའུའི་སངས་རྒྱས་རང་བསྲེལ་མཆོད་རྟེན་གསུམ་གྱི་ཡོད་པའི་ནང་གི་གཅིག་ཡིན། མཐོ་ཚད་སྨི་གྱ་གཅིག་ཡོད་ཅིང་རྔམ་ཞིང་བརྗིད།

ང་ཚོས་རྡོ་རྗེ་གདན་གྱི་མཆོད་རྟེན་གྱི་པར་དང་གཤིབ་ཏེ་ལྟ་དུས་ཅུང་ཟད་རེ་མི་འདྲ་བ་མ་གཏོགས་གཅིག་ཏུ་མཐོང་། མཆོད་རྟེན་ལ་སྐོར་བ་རྒྱག་དུས་སྐོར་ལམ་དུ་མ་ནིའི་འཁོར་ལོ་བསྟར་འདུག མདུན་དུ་པཎ་ཆེན་རིན་པོ་ཆེ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ན་མོ་ཞེས་པའི་ཕྱག་བྲིས་ཤིག་འདུག་པས་དབང་མེད་དུ་སྤྲོ་ཡེར་སེར་འགྲོ།

མཆོད་རྟེན་ནང་དུ་མཇལ་ན་གྲྭ་བས་སྒོ་བྱང་ཉོ་མི་དགོས་ཤིང་། གྲོང་བ་རེས་ཉི་ཤུས་སྒོ་བྱང་ཉོ་དགོས། ང་ཚོ་བང་རིམ་རེ་རེ་མཇལ་བཞིན་འགོས་ནས་ཡར་སོང་། བར་རིམ་རེ་རེར་མཇལ་ནས་ཡར་འགྲོ་དགོས་ཤིང་། བང་རིམ་རེར་སངས་རྒྱས་རབས་བདུན། སངས་རྒྱས་སྟོང་སྐུ་སོགས་ཀྱི་སྐུ་བཞེངས་འདུག་མོད།བྱིས་པའི་བལྟ་བྱའི་རི་མོ་ལྟ་བུར་འདུག་པས་ཉམས་དགའ་བ་ཞིག་ཏུ་མ་མཐོང་།

མཆོད་རྟེན་གྱི་ལོགས་བཞིར་མཆོད་རྟེན་ཆུང་བ་བཞི་བཞེངས་ཡོང་དེ།དེའི་ལོགས་གཉིས་རེར་སྐུ་རེ་སྟེ་རྒྱལ་བ་རིགས་བཞི་དང་ཕྱོགས་བཞིའི་མཆོད་རྟེན་དུ་ཉེ་བའི་སྲས་ཆེན་བརྒྱད་བཞེངས་འདུག

དགོན་པ་མཆོད་རྟེན་རྒྱབ་ཏུ་ཡོད་ཅིང་།དེར་བོད་ཡིག་གི་རྡོ་རིང་ཞིག་ཡོད་པ་ལུང་ཞིན་དགོན་གྱི་རང་བསྲེལ་གྱི་ལོ་རྒྱུས་ཡིན། ཁ་བཏགས་སོགས་བོད་ཀྱི་ཁྱད་ཆོས་མངོན་པར་གསལ།དགོན་པ་འདིར་གྲྭ་བ་བཅུ་དྲུག་བཞུགས།

སྔོན་ལུང་ཞིན་དགོན་དུ་རྒྱུན་སྡོད་དགེ་འདུན་པ་བརྒྱ་ལྷག་ཙམ་ཡོད་ཅིང་།ཕྱོགས་བཅུར་ནགས་ཚལ་ཞིག་ཡིན་ལ། སྐབས་དེའི་དགོན་སྡེ་ཆེན་པོ་ཞིག་ཀྱང་ཡིན། དགོན་པར་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་འབར་མའི་རྒྱལ་པོས་ཕུལ་བའི་གཡང་ཊི་དང་།རྒྱ་གར་གྱི་རྒྱལ་པོས་གནང་བའི་རིང་བསྲེལ་དང་།《ཏ་ལའི་ལོ་མའི་གླེགས་བམ》རི་པིན་རྒྱལ་ཁབ་ཀྱིས་གསར་དུ་བསྟན་པའི་བཀའ་བསྟན་(རྩ་ཆེའི་རིག་དངོས་དེ་དག་གི་ད་ཡོད་གྲོང་ཁྱེར་རིག་གནས་དོ་དམ་ཁང་)བཅས་ཡོད།

ངག་རྒྱུན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱི་འཛམ་བུའི་གླིང་དུ་ཉིན་གཅིག་ལ་མཆོད་རྟེན་ཁྲི་བརྒྱད་བཞེངས་པའི་ནང་གི་མཆོད་རྟེན་19རྒྱ་ནག་ན་ཡོད་པར་བཤད་ཅིང་།འདི་དེའི་ནང་གི་གཅིག་ཡོད་པར་བཤད།

འདིར་མཇལ་བ་བོད་མང་ཞིང་ལྷ་ས་དང་ཆབ་མདོ།རྔ་བ་མཚོ་སྔོན་སོགས་གང་སའི་མི་འདུག ང་ཚོ་མཆོད་རྟེན་ཆེ་བར་མཇལ་ནས་འདུ་ཁང་སོགས་སུ་མཇལ་དུ་སོང་མོད་སྒོ་ཕྱེས་མེད་པས་སྒོ་ཁར་མཇལ་ཏེ།མཆོད་རྟེན་ཆུང་བར་མཇལ།དེའི་མདུན་གྱི་ཁྲི་གཡས་གཡོན་དུ་བོད་ཡིག་དང་རྒྱ་ཡིག་གི་པཎ་ཆེན་རིན་པོ་ཆེའི་ཕྱག་བྲིས་གནང་འདུག

དེའི་མདུན་གྱི་ར་སྐོར་ཆུང་བ་ཞིག་ཏུ་སྐུ་གདུང་མཆོད་རྟེན་འགའ་བཞུགས་ཤིང་།དེའི་ནང་དུ་སློབ་དཔོན་ཡོན་ཏན་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་བཞུགས་ཤིང་རྒྱའི་སློབ་དཔོན་ཡོན་ཏན་རྒྱ་མཚོ་ནི་སི་ཁྲོན་དུ་དགེ་ལུགས་པའི་སྲོལ་སྤེལ་བའི་སློབ་དཔོན་ཆེན་པོ་དེ་ཡིན།

གཡོན་དུ་འཇམ་དབྱངས་ལྷ་ཁང་ཞིག་བཞེངས་འདུག ང་ཚོ་འཇམ་པའི་དབྱངས་ལ་མཇལ་ཏེ། ཨ་ར་པ་ཙ་འགའ་བཏོན་ཞིང་། སྨོན་ལམ་ཞིག་བཏབ་ནས་དགོན་པའི་སྒོར་བུད།

ང་ཚོ་རིན་ཆེན་གཟི་འབར་(宝光寺)དགོན་པར་བསྙེགས།དེའང་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པའི་དགོན་པ་གསུམ་གྱི་གྲས་དང་རྒྱའི་སློབ་དཔོན་ཡོན་ཏན་རྒྱ་མཚོའི་གདན་ས་ཡིན།

 2024ལོའི་སྤྱི་ཟླ་དང་བོའི་ཚེས་ཉེར་དགུའི་སྔ་དྲོ་འགྲོ་ཞོར་དང་མཇལ་ཞོར་དུ་བྲིས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།