བརྗེད་དཀའ་ཞིང་བརྗེད་མི་འོས་པའི་ཉི་མ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-07 08:13:48     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

ཉི་མ་འདི་ནི་ལྷ་མི་ཐམས་ཅད་ཀྱིས་བརྗེད་མི་ཐུབ་པའི་ཉི་མ་ཞིག་ཡིན།

ཉི་མ་འདི་ནི་འགྲོ་བ་ཐམས་ཅད་ལ་བྱིན་གྱིས་བརླབས་པའི་ཉི་མ་ཞིག་ཡིན།

ཉི་མ་འདི་ནི་ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔ་ཡིན། ད་ལྟ་དགའ་ལྡན་ལྔ་མཆོད་ཆེན་མོ་ཟེར་ནའང་། འདི་ནི་དགའ་ལྡན་པ་ཁོ་ནའི་ལྔ་མཆོད་མ་ཡིན་པར་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་ལྔ་མཆོད་ཡིན།

ཅིའི་ཕྱིར་ཉིན་འདི་དེ་འདྲ་གལ་ཆེན་ཞིག་ཡིན་ནམ།   ཉིན་འདིར་གངས་རིའི་ལྗོངས་འདིར་སངས་རྒྱས་གཉིས་པ་ཞིག་སྐུ་མྱ་ངན་ལས་འདས་སོང་།བྱང་ཆུབ་སེམས་དཔའ་སྐུ་འཁྲུངས་ནའང་འགྲོ་དོན་བྱེད་ལ། སྐུ་བཞུགས་ནའང་འགྲོ་དོན་བྱེད། སྐུ་མྱ་ངན་ལས་འདས་ནའང་འགྲོ་དོན་བྱེད་ངེས་ཡིན།

སངས་རྒྱས་ཐམས་ཀྱིས་བོར་བའི་གདོང་དམར་གྱི་ཞིང་འདིར་འཕགས་པ་སྤྱན་རས་གཟིགས་ཀྱིས་བརྩེ་བས་གཟིགས་ཤིང་། ཁོང་གིས་བྱིན་གྱིས་བརླབས།

ཁོང་སུ་རེད། བོད་གངས་ཅན་གདུལ་དཀའ་བས་ཡིན་ནམ། ཁོང་ནི་རིགས་གསུམ་མགོན་པོ་གཅིག་ཏུ་བསྡུས་པའི་རྣམ་སྤྲུལ་རེད། རྟོགས་པ་མཐོན་པོར་གཤེགས་མོད་ཕལ་བའི་བརྟུལ་ཞུགས་བཟུང་བའི་དགེ་སློང་ཞིག་རེད།

ཁོང་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་བོ། རྒྱལ་བ་གཉིས་པ་ཤར་བློ་བཟང་གྲགས་པ་སྟེ། ཁོང་ལ་ཆོས་ཀྱི་རྒྱལ་བོ་ཞེས་པའི་མཚན་འདི་རྒྱ་ནག་གོང་མས་གནང་བ་མིན་ལ།  རྒྱལ་བ་གཉིས་པའི་མཚན་འདི་སློབ་མ་དག་གིས་བསྟོད་པ་ཙམ་ག་ལ་ཡིན།

ཁོང་ནི་བོད་ཀྱི་བསྟན་པར་དག་ཐེར་གནང་བའི་སྐྱེས་བུ་གསུམ་པ་སྟེ། དང་བོ་ཀ་མ་ལ་ཤི་ལ་དང་། གཉིས་པ་ཇོ་བོ་རྗེ་ཨ་ཏི་ཤ་ཡིན་ལ། གསུམ་པ་ཁོང་རེད།

དེ་ལས་དང་བོ་གཉིས་རྒྱ་གར་གྱི་པཎ་ཆེན་ཡིན་ལ་ཁོང་ནི་བོད་ཀྱི་མཁས་པའི་གཙུག་རྒྱན་ཡིན།ལྷ་ཐོ་ཐོ་རིའི་རིང་ལ་བསྟན་པའི་དབུ་བརྙེས། སྲོང་བཙན་སྒམ་པོའི་རིང་ལ་བསྟན་པའི་སྲོལ་གཏོད། ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བསྟན་པ་དར་ཞིང་རྒྱས་ཟེར།

ཡིན་ནའང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བོད་དུ་དར་བ་ནས་འཕེལ་འགྲིབ་སྣ་ཚོགས་བྱུང་སྟེ། མཁན་སློབ་ཆོས་གསུམ་གྱིས་བསྟན་པའི་སྲོལ་བཙུགས་པ་ཧྭ་ཤང་གིས་བསླད་པ་ལ་ཀ་མ་ལ་ཤཱི་ལས་དག་ཐེར་མཛད། བསྟན་པ་ཕྱི་དར་སྐབས་བསྟན་པ་བསླད་པ་ལ་ཇོ་བོ་རྗེས་དག་ཐེར་མཛད། རྗེས་སུ་རྒྱ་བོད་སྣ་ཚོགས་ཀྱིས་བསླད་པ་ལ་རྗེ་ཙོང་ཁ་བས་དག་ཐེར་མཛད།

རྗེ་ཙོང་ཁ་བའི་བྱས་རྗེས་དེ་ཙམ་ཁོ་ན་ག་ལ་ཡིན་ཏེ། བོད་ཀྱི་མཁས་པ་རྣམས་ཀྱིས། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་ཙོང་ཁ་བ་ཞེས་བསྔགས་པ་ལྟར་ཟབ་མོ་སྟོང་ཉིད་སྟོན་པའི་བསྟན་བཅོས་ལྔ་བརྩམས་ནས་ལྟ་བ་རྣམ་པར་དག་པའི་སྲོལ་གསལ་བར་མཛད།

སྟག་ཚང་ལོ་ཙཱ་བས། མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག།རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན།།རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ།།སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད།།ཅེས་གསང་སྔགས་ཀྱི་གནད་ཕྱེས་ནས་རིན་ཆེན་གྱི་གཏེར་དུ་མཛད།

ཁོང་ནི་ཨ་རིག་དགེ་བཤེས་ཀྱིས། སློབ་དཔོན་ཀླུ་སྒྲུབ་དང་རྗེ་ཙོང་ཁ་བ་ལྟ་བུ་དབང་བོ་རྣོན་པོ་དང་། ཕྱོགས་གླང་ཆོས་གྲགས་ལྟ་བུ་དབང་བོ་འབྲིང་། རང་ཅག་ལྟ་བུ་དབང་བོ་རྟུལ་བོ་ཡིན་གསུངས་པ་ལྟར་ཁོང་ནི་བོད་དུ་བྱོན་ནའང་ཀླུ་སྒྲུབ་ལྟ་བུ་ཡིན་ལ། འཛམ་གླིང་དུ་བྱོན་པའི་སྟོན་པ་ལྟ་བུ་ཡིན།

འཇམ་དཔལ་རྩ་རྒྱུད་ལས།ང་ནི་མྱ་ངན་འདས་གྱུར་ཏེ།  །ས་ཡི་སྟེང་འདི་སྟོངས་པ་ན། ། ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་པ་ལྟར་སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་མཛད་པ་མཛད་པའང་ཁོང་ཡིན།

ཉི་མ་འདི་ནི་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་ཞི་བའི་དབྱིངས་སུ་གཤེགས་པའི་དུས་ཆེན་ལྔ་མཆོད་ཆེན་མོ་ཞེས་ཡོངས་སུ་གྲགས་པ་དེ་ཡིན་པས། གསང་བདག་གི་ཞལ་ནས།  ཁོ་བོ་ལག་ན་རྡོ་རྗེས་ཀྱང་འདིའི་ཡོན་ཏན་ནི་དཔག་པར་མི་ནུས་སོ། ། ཞེས་གསུངས་པ་ལྟར་ཁོང་གི་རྣམ་ཐར་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས།

དེ་ཡང་ཕག་གི་ལོ་སྟེ་སྤྱི་ལོ་1418ལོའི་སྟོན་ཁར་དགའ་ལྡན་ནས་འབྲས་སྤུངས་སུ་ཕེབས་ཏེ།དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་སྟོང་ཕྲག་གཉིས་རེ་ཙམ་དང་།གྲོང་པའི་སྐྱེ་བོ་ཇི་ཙམ་ཞིག་འོངས་པ་དང་། སྤྲང་བོའི་ཚོགས་དུ་མ་འདུས་པ་ཡན་ཆད་ལ་ལམ་རིམ་དང་དབུ་མ་ལ་སོགས་པའང་བཀག་པ་མེད་པར་གནང་།

བདེ་ཆེན་རྩེར་དཔལ་གསང་བ་འདུས་པའི་འཆད་ཉན་རྣམ་པར་དག་པ་རྐང་བཙུགས་པ་དང་། གཞི་འདུལ་བའི་བསླབ་ཁྲིམས་ཕྱག་སྲོལ་ཇི་བཞིན་པའི་གྲྭ་ས་བཙུགས།

འབྲས་སྤུངས་ནས་ཡར་ལ་ཕྱག་མ་བཏེགས་པའི་གོང་ཙམ་ལ། ས་ཆེན་པོ་གློ་བུར་ཉིད་དུ་གཡོ་བ་དང་། ནམ་མཁའི་དབྱིངས་མཐའ་མི་མངོན་པའི་ལམ་རིང་བོ་ནས་འོངས་པའི་འཇའ་ཚོན་རྣམ་པར་བཀྲ་བ་ལྷའི་ཕོ་ཉ་ལྟ་བུ་རི་བོ་དགེ་ལྡན་གྱི་རྩེ་ལ་ཡང་དང་ཡང་དུ་འཛུགས་པ་ལ་སོགས་པ་རྟགས་མཚན་མང་དུ་བྱུང་།

དགའ་ལྡན་དུ་ཕེབས་པའི་མཚན་མོའི་གུང་ཐུན་ནས་སྐུ་ཁམས་ཅུང་ཞིག་བསྙེལ་བའི་ཚུལ་བསྟན་ཏེ།སྔོན་ནས་བུ་ཆེན་རྣམས་ལ་བསྟན་འགྲོའི་དོན་ཐམས་ཅད་གདམས་ཡོད་པས་ཐུགས་དམ་ལ་གཞོལ། གནས་བརྟན་རིན་ཆེན་རྒྱལ་མཚན་སོགས་ལ་བརྩེ་བས་གཟིགས་ནས།ཚུལ་འདི་ཤེས་པར་གྱིས་ལ་བྱང་ཆུབ་ཀྱི་སེམས་སྒོམས་ཤིག་ཅེས་སོགས་དང་།ཡང་མ་འོངས་པའི་དུས་ཀྱི་སློབ་མ་ང་དང་མ་འཕྲད་སྙམ་དུ་ཡིད་གདུང་བ་རྣམས་ཀྱིས།ངས་བརྩམས་པའི་མདོ་སྔགས་ཀྱི་ལམ་རིམ་གཉིས་ལ་ལྟོས་ཤིག་དང་།ང་ཕྲད་པ་དང་ཁྱད་པར་མེད།ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བཅུད་བསྡུས་ཏེ་གཅིག་ཏུ་དྲིལ་ནས་བཤད་པ་ཡིན།ང་དང་ཕྲད་ཀྱང་དེ་ལས་ལྷག་པ་བཤད་རྒྱུ་མི་འོང་བ་ཞེས་ཐུགས་བརྩེ་བ་ཆེན་པོས་བཀའ་བསྩལ།

འདི་ནི་ཁོང་གིས་ཆེས་མཐའ་མར་རྗེས་འཇུག་པ་ཡོངས་ལ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་པ་ཡིན།

གཞན་སྐུ་ཁམས་ཅུང་ཟད་བསྙེལ་བའི་ཚུལ་བསྟན་པའི་རིང་ལའང་སྔར་གྱི་ཐུན་བཞིའི་རྣལ་འབྱོར་དང་བདག་འཇུག་ལ་སོགས་པའི་ཐུགས་དམ་གྱི་རིམ་པ་རྣམས་འཆག་མེད་དུ་མཛད་ཅིང་། ནང་གི་ཏིང་ངེ་འཛིན་ལ་མཆོག་ཏུ་གཞོལ་བའི་ཐུགས་དམ་ལ་བཞུགས།

དེ་ནས་མཚན་མོའི་རིང་ལ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་ཏེ།ཞིང་འདིའི་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ནས་ཕག་ལོ་སྟེ་སྤྱི་ལོ1419Lལོའི་ཧོར་ཟླ་བཅུ་བའི་ཉི་ཤུ་ལྔའི་ཉིན་དགའ་ལྡན་མཁའ་སྤྱོད་ཀྱི་གནས་སུ་གཤེགས་པའི་ཚུལ་བསྟན།

ཉིན་འདི་ནི་དགེ་ལུགས་པ་ཡོངས་ཀྱིས་བརྗེད་མི་ཐུབ་པའི་ཉིན་མོ་ཞིག་ཡིན་ལ། བོད་གངས་ཅན་ཡོངས་ཀྱིས་བརྗེད་མི་འོས་པའི་ཉིན་མོ་ཞིག་ཀྱང་ཡིན།

རྗེ་བླ་མ་དེ་ལྟར་སྐུ་གཤེགས་ནའང་ཁོང་གི་ཞལ་ཚབ་ཏུ་གསུང་པོ་ཏི་བཅུ་དགུ་བཞུགས་ཡོད། ཁོང་གི་གསུང་འདི་དག་ལ་གཟིགས་ན་རྗེ་བླ་མར་མ་མཇལ་སྙམ་པའི་སྐྱོ་བ་གཏན་ནས་མི་དགོས། ལྷག་པར་ལམ་སྔགས་གཉིས་ལ་མཇལ་ན་གསུང་འབུམ་པོད་བཅུ་དགུ་ལ་མ་གཟིགས་ནའང་མི་རུང་བ་མེད།

ཉིན་འདི་ནི་དགོན་སྡེ་ཆེ་ཕྲ་རྣམས་སུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་རྗེ་རིན་པོ་ཆེ་རྗེས་སུ་དྲན་པའི་ཉིན་མོ་སྟེ།ཉིན་དེ་ནས་ད་ལྟའི་བར་དུ་དགའ་ལྡན་ལྔ་མཆོད་ཅེས་རྗེ་བླ་མ་རྗེས་སུ་དྲན་བཞིན་ཡོད།

རྗེ་བླ་མ་རང་ཅག་རྣམས་ལ་སངས་རྒྱས་ཐམས་ཅད་ལས་ཀྱང་བཀའ་དྲིན་ཤིན་ཏུ་ཆེ་ཞིང་།  ཉིན་འདིར་དགེ་སྡིག་གི་འགྱུར་ཡང་མཐའ་ཡས་པ་ཡོད་པའི་ཚུལ་ལེགས་པར་དགོངས་ནས་དགེ་འདུན་ཚང་མས་དད་པ་ཤུགས་དྲག་པོས་ཀུན་ནས་བསླངས་པའི་ཞལ་འདོན།  མཆོད་པ།   གླིང་མེ།  ཏིང་ངེ་འཛིན་གྱི་དམིགས་རིམ་སོགས་རྒྱ་གང་ཆེ་མཛད་དེ་དགོངས་རྫོགས་རྒྱ་ཆེན་པོ་བསྒྲུབས།

དེ་བས་ཉིན་འདི་གཙོ་བྱས་དུས་རྒྱུན་རྗེའི་རྣམ་ཐར་བཀླག་དགོས་ཤིང་། ཁྱད་པར་ཨ་རིག་དགེ་བཤེས་ཆེན་མོས།རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་མཁས་གྲུབ་རིན་པོ་ཆེས་བསྐྱར་དུས་ན། མི་དམན་རྣམ་དཔྱོད་མཆོག་གིས་ལེགས་བསྡམས་ཤིང་། །ནས་གཅིག་ཏུ་སྒྲུབ་ལ་དགྱེས་པ་དེ་རྨད་དོ། ། ཞེས་གསུངས་པ་རྗེའི་རྣམ་ཐར་འཆུག་མེད་ཡིན། རྗེ་བདག་ཉིད་ཆེན་པོ་གོང་མ་ རྒྱལ་བོས་གདན་དྲངས་ནས་ཁོའི་བླ་མ་བྱེད་དགོས་ཞུས་དུས། ངེད་ཁམས་མི་བདེ་ཞེས་སེ་ར་རྩེའི་བྲག་སྲིབ་ལ་ཡིབ་ནས་སྒུལ་མ་ཚུགས། དེ་མིན་པ་རྒྱལ་ཚབ་མཁས་གྲུབ་གཉིས་ཀྱིས་མགོ་བྱས་ས་རྙིང་ཀར་འབྲུག་དགེ་ལྡན་པའི་བླ་མའི་རིགས་སུ་ལའང་གོང་མས་དེ་འདྲ་ཞིག་སྨྲས་ན་མ་གིར་མི་རྒྱུག་མཁན་མེད་གསུངས་པ་ལྟ་བུའི་སྤྱོད་པ་རྗེས་སུ་དྲན་དགོས།

མདོར་ན། ཁོང་གི་གསུང་ནི་ཞལ་ཆེམས་ཡིན་པས་དེ་ལ་ཐོས་བསམ་སྒོམ་གསུམ་བྱ་དགོས་ཤིང་། དེ་མི་ནུས་ན་ལམ་སྔགས་གཉིས་དང་དྲང་ངེས་ལེགས་བཤད་སྙིང་བོ་སོགས་རྗེའི་གསུང་རྣམས་ལ་མཇལ་ན་རྗེ་ཉིད་ལ་མཇལ་བ་དང་འདྲ།

དེ་བས་ང་ཚོས་རྗེ་ཉིད་ལ་མཇལ་བའི་ཆེད་དུ་རྗེའི་གསུང་ལ་མཇལ་བར་བྱ། ཀློག་པར་བྱ།བསམ་པར་བྱའོ༎སྐྱེ་བ་འདི་དང་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་རྗེའི་གསུང་དང་མི་འབྲལ་བའི་སྨོན་ལམ་འདེབས།

 2023ལོའི་བཅུ་བའི་ཚེས་ཉེར་ལྔའི་ཞོགས་པར་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་བྲིས།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།