མདོ་སྨད་ཁྲི་ཀའི་ཇོ་བོར་མཇལ་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-09-24 18:27:27     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

202004hhgd-2-7.jpg

 དེ་རིང་ཁྲི་ཀའི་ཇོ་བོར་མཇལ་དུ་སོང་།ང་ཁྲི་གར་ཡོང་ཐེངས་རེར་ཁོམ་པ་ཡོད་ན་ཁྲི་ཀའི་ཇོ་བོར་མཇལ་བ་སྲོལ་དུ་ཆགས།

ཁྲི་ཀའི་ཇོ་བོ་ནི་ཨ་མདོ་ཇོ་ཆེན་གསུམ་གྱི་གྲས་ཏེ། ཁྲི་ཀའི་ཇོ་བོ་དང་གཞོང་ཞན་ཇོ་བོ་དང་། མགུར་གྱི་ཇོ་བོ་གསུམ་ལ་ཨ་མདོ་ཇོ་ཆེན་གསུམ་ཞེས་གྲགས་པ་ཆེ། ངག་རྒྱུན་ལ་ཁྲི་ཀའི་ཇོ་བོ་དང་ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་གཉིས་ཀྱི་བྱིན་རླབས་མཉམ་ཞིང་། མདོ་སྨད་ནས་ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་ལ་མཇལ་དུ་འགྲོ་ན། ཐོག་མར་ཁྲི་ཀའི་ཇོ་བོ་ལ་མཇལ་དགོས་ཟེར།

微信图片_20231011083857.jpg

སྤྱིར་ན་བྱིན་རླབས་ཆེ་ཆུང་དེ་རང་གི་དད་པ་ཆེ་ཆུང་ལ་ཐུག་ཡོད།  གཞན་ལ་བྱིན་རླབས་ཆེ་ན་ཁྱོད་ལ་བྱིན་རླབས་ཆེ་བའི་ངེས་པ་མེད་ཅིང་། ཁྱོད་གང་ཞིག་ལ་མཇལ་ནའང་དད་པ་གལ་ཆེ།

ཇོ་བོ་ཞེས་པ་འཇུག་ས་མང་མོད། འདིར་གཙོ་བོའམ་མཆོག་ཅེས་པའི་ཞེ་ས་སྟེ། ལེགས་སྦྱར་ཀྱི་སྐད་དུ་སྭཱ་མཱི་ཟེར། དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་ལས། སྤྱིར་སྐྱབས་གནས་ཀྱི་ཇོ་བོ་ཐུབ་པ་ལ་རང་ལ་འཇིགས་པ་མེད་པ། གཞན་སྐྱོབ་པའི་ནུས་པ་ཡོད་པ། ཕན་སེམས་ཆེ་བ། རང་འདོད་མེད་པ་བཞི་ཚང་དགོས་ཏེ། དེ་སངས་རྒྱས་མིན་པ་ལ་མེད། ཅེས་གསུངས་པ་ལྟར་རོ། །

ཁོང་རྣམ་འདྲེན་བཞི་བ་ཡིན་ཏེ། རྒྱུད་བླ་མ་ལས། སྐྱེ་བ་མངོན་པར་སྐྱེ་བ་དང་། །༡.དགའ་ལྡན་གནས་ནས་འཕོ་བ་དང་། །༢.ལྷུམས་སུ་འཇུག་དང་༣.བལྟམས་པ་དང་། །༤.བཟོ་ཡི་གནས་ལ་མཁས་པ་དང་། །༥.བཙུན་མོའི་འཁོར་དགྱེས་རོལ་བ་དང་། །༦.ངེས་འབྱུང་ ༧.དཀའ་བ་སྤྱོད་པ་དང་། །༨.བྱང་ཆུབ་སྙིང་པོར་གཤེགས་པ་དང་། །༩.བདུད་སྡེ་འཇོམས་དང་༡༠.རྫོགས་པར་ནི། །༡༡.བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །༡༢.མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར་མཛད་པ་བཅུ་གཉིས་མཛད་དོ། །

ལྷ་ཁང་འདི་ནི་ཁྲི་ཀ་རྫོང་མཁར་གྱི་ཤར་རྒྱུད་དུ་སྤྱི་ལེ2.5ཙམ་གྱི་མཚམས་ཏེ། ཆུ་ཤར་(河东)ཡུལ་ཚོ་སྲིད་གཞུང་གི་ཁོངས་གཏོགས་པའི་ཉིན་སྡེ་བའི་ལྷོ་ནུབ་ཕྱོགས་སུ་བཞེངས་ཡོད།  ཁྲི་ཀའི་བྱིན་རླབས་ཅན་གྱི་རྟེན་བཞིའི་གྲས་སུ་གཏོགས་ཤིང་ཇོ་ཇོའི་ལྷ་ཁང་ཡང་ཟེར། ཇོ་ཇོའི་ལྷ་ཁང་ཞེས་པ་ནི་མུ་ཏིག་ལྷ་ཁང་ཞེས་པའི་དོན་ཡིན།

ད་ལྟ་ཇོ་ཁང་གི་ཁ་གཏད་དུ་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་ཆགས་ཡོད།

མདོ་སྨད་ཆོས་འབྱུང་ལས། མཁར་གྱི་གཡོན་ཀོ་རའི་ལུང་པར་ཇོ་ཇོའི་ལྷ་ཁང་ནི། འཇམ་པའི་དབྱངས་ས་པཎ་ཀུན་དགའ་རྒྱལ་མཚན་ཧོར་རྒྱལ་གྱིས་གདན་དྲངས་ཏེ་མཚོ་སྔོན་དུ་ཕེབས་སྐབས་ཁྲི་ཀའི་རྒྱ་མཁར་མཆོད་རྟེན་རྩད་གཅོད་མཛད་དེ་གནས་འདིར་ཕེབས། རྒྱལ་པོས་དད་འབུལ་གྱི་མུ་ཏིག་དྲེའུ་ཁལ་གཅིག་བསྐུར་བ་འབྱོར་བས་དེ་ལ་གཞི་བྱས་ལྷ་ཁང་རྟེན་བརྟེན་པར་བཅས་པ་བཞེངས། ཞེས་གསུངས།

ཤར་སྐལ་ལྡན་རྒྱ་མཚོའི་ཨ་མདོའི་ཕྱོགས་སུ་བསྟན་པ་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་པ་ལས།ཇུའི་ཇོའུ་ལྷ་ཁང་དང་པོར་ཆོས་རྗེ་ལྷུན་གྲུབ་རྒྱ་མཚོས་བཞེངས། ས་པཎ་གྱིས་རབ་གནས་མཛད། སངས་རྒྱས་བྱང་སེམས་མང་པོ་འཐིམ་པའི་སྣང་བ་ཤར། ཞེས་གསུངས།

ལྷ་ཁང་འདི་ནི་ས་པཎ་གྱི་ཐུགས་དགོངས་ལྟར་ཐུགས་སྲས་ཆོས་རྗེ་ལྷུན་གྲུབ་རྒྱ་མཚོས་བཞེངས་པ་ལ་འགལ་བ་ཅི་ཡང་མེད། དེའང་རབ་བྱུང་བཞི་བའི་ཤིང་འབྲུག་སྟེ་སྤྱི་ལོ1244ནས་མེ་རྟ་སྟེ་སྤྱི་ལོ1246ལོའི་བར། འཇམ་མགོན་ས་པཎ་ཡབ་སྲས་ཧོར་གོ་དན་རྒྱལ་བོས་གདན་ཞུས་ལྟར་ཧོར་ཡུལ་དུ་ཕེབས་པའི་ལམ་བར་དུ། ཆེད་དུ་ཁྲི་ཀའི་ཡུལ་འདིར་ཕེབས་ནས་མི་ཉག་མཆོད་རྟེན་དཀར་པོ་ཞིག་གསོ་དང་རབ་གནས་མཛད་སྐབས། ཧོར་རྒྱལ་བོ་གོ་དན་གྱིས་ཁོང་ལ་དད་འབུལ་གྱི་མུ་ཏིག་དྲེའུ་ཁལ་གཅིག་བསྐུར་བ་ཕྱག་ཏུ་འབྱོར་བ་འགྲོ་གྲོན་དུ་བཏང་ནས་ལྷ་ཁང་རྟེན་དང་བརྟེན་པ་བཅས་བཞེངས་པར་གྲགས་པ་དེ་ཡིན།

རྙེ་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་ལས། སྔོན་འཇམ་མགོན་ས་པཎ་གྱི་ཐུགས་སྲས་ཆོས་རྗེ་ལྷུན་གྲུབ་རྒྱ་མཚོས་དུས་གསུམ་སངས་རྒྱས་དང་ཉེ་བའི་སྲས་ཆེན་བརྒྱད་སོགས་ལེགས་པར་བཞེངས།པཎ་ཆེན་རང་ཉིད་ཀྱིས་རབ་གནས་མཛད་པའི་ཚེ་སངས་རྒྱས་སུམ་ཅུ་སོ་ལྔ་སོགས་ཐིམ་པའི་གཟིགས་སྣང་ཤར།ཕྱིས་སུ་མི་ཉག་ཞབས་དྲུང་ཚུལ་ཁྲིམས་བསྟན་པའི་ཉི་མས་གཙོ་བོ་ཤཱཀྱ་ཐུབ་པ་ལ་དབུ་རྒྱན་ཕུལ་ཏེ་ལོངས་སྐུར་བསྒྱུར། ཅེས་གསུངས།

ཡང་མདོ་སྨད་ཆོས་འབྱུང་ལས།  རབ་གནས་མཛད་དུས་སངས་རྒྱས་བྱང་སེམས་མང་པོ་ཐིམ་པའི་གཟིགས་སྣང་ཤར། མུ་ཏིག་གི་རྒྱ་སྐད་ཀྲེན་གྲུའི་ཟུར་ཆག་པས་ཇོ་ཇོའི་ལྷ་ཁང་དུ་གྲགས་ཟེར། འདི་དང་པོར་ཆོས་རྗེ་ལྷུན་གྲུབ་རྒྱ་མཚོས་བཞེངས་པའི་ལོ་རྒྱུས་སྣང་། ལྷ་ཁང་ནང་དུ་སྨན་འདམ་ལས་གྲུབ་པའི་ཐུབ་སྐུ་ཆེ་བ། འདི་ལ་ཕྱིས་སུ་མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མས་གསེར་ཟངས་ཀྱི་དབུ་རྒྱན་ཕུལ། དཀར་ཆག་བརྩམས་ལྷ་ཁང་གསར་བཞེངས་ལ་སྟེང་དུ་གཉྫི་ར་དང་། ཁྲི་ཚབ་དགེ་བའི་བཤེས་གཉེན་ཨ་ཡག་ཤེས་རབ་དབང་ཕྱུག་གིས་རབ་གནས་མཛད། ཅེས་གསུངས།

 1967སྟེ་རིག་གསར་སྐབས་འདིའི་བརྟེན་དང་བརྟེན་པ་ཐམས་ཅད་བཤིགས་ཏེ་རྩ་མེད་དུ་བཏང་།ཇོ་ཁང་སླར་གསོ་བྱས་པའི་གནས་ཚུལ་ད་ལྟར་གསལ་བོར་མེད་པས་ངས་གོང་བ་གྲྭ་ཚང་གི་དགེ་བཤེས་ངག་དབང་ཕྱོགས་གླང་ལ་ཁ་པར་བཏང་ནས་དྲིས་པ་ན་ཁོང་གིས་དེ་དག་ང་ལ་གསལ་ཆ་ཡོད་ཟེར།

དགོན་པ་སླར་གསོ་བྱེད་པ་གོང་བ་གྲྭ་ཚང་ན་དགེ་སློང་རྒན་པ་ཨ་ཁུ་རིག་བཟང་ཞེས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད། ཁོང་གིས་འབྲེལ་ཡོད་སྡེ་ཁག་ལ་སླར་གསོ་བྱ་དགོས་པའི་རེ་བ་ཡང་ཡང་ཞུས་མོད་གནས་དེར་ཧོ་ཏུང་གུང་ཧྲེ་ཡོད་པས་སླར་གསོ་བྱེད་མ་ཐུབ།

 1987ལོར་ཨ་པ་ཨ་བློ་ཁྲི་ཀའི་སྨན་ཆུ་འཕྲོད་བསྟེན་ལ་ཡོང་དུས།དགོན་པའི་གྲྭ་བ་འགའ་མཚམས་འདྲིར་སོང་ནས་གནས་ཚུལ་ཞུས། མཚོ་སྔོན་ཁུལ་དང་ཁྲི་ཀའི་རྫོང་གིས་ཨ་པ་ཨ་བློར་ཆེད་དུ་སྣེ་ལེན་ཚོགས་འདུ་འཚོགས་དུས་ཨ་པ་ཨ་བློས་མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་དོན་འགྲུབ་རྒྱལ་ལ་ཇོ་ཁང་སླར་གསོའི་གནས་ཚུལ་དེ་བཤད་པས་ཁོང་གིས་ཁས་བླངས།

རབ་བྱུང་བདུན་པའི་ས་འབྲུག་སྟེ་སྤྱི་ལོ1988ལོར་མཚོ་ལྷོ་ཁུལ་སྲིད་གཞུང་དང་ཁྲི་ཀ་རྫོང་འབྲེལ་ཡོད་སྡེ་ཁག་གིས་ཇོ་ཁང་འདི་ཉིད་ཆོས་སྒོ་འབྱེད་པའི་ཆོག་མཆན་བཀོད།

ཡིན་ནའང་།  ས་འདི་ཧོ་ཏུང་གུང་ཧྲེ་ཡོད་ཅིང་། དེ་གཞན་དུ་བསྣུར་བའི་ས་མེད་ཅིང་། བསྣུར་བའི་འབྱོར་བའང་མེད་ཅེས་བསྣུར་མ་ཐུབ་པ་ལ། མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་དོན་འགྲུབ་རྒྱལ་གྱིས་ཐུགས་འཁུར་གནང་སྟེ། གུང་ཧྲེ་སྤོར་བྱེད་ལ་སྒོར་ཁྲི་བཅུ་གཉིས་གནང་སྟེ།  ཧོ་ཏུང་གུང་ཧྲེ་ད་ལྟའི་གནས་དེར་སྤར། ཚོགས་ཁང་དགོན་པར་བྱིན།

ཇོ་ཁང་ཤར་དུ་གུང་ཧྲེའི་ཁང་ཤུར་གཉིས་ཡོད་པ་དེར་མཆོད་ཁང་ལས་ཏེ། ལྷ་སྡེ་ཨ་ཁུ་ཀུན་བཟང་གིས་ཇོ་སྐུ་ཆུང་ངུ་ཞིག་ཕུལ་བ་དེ་གཙོ་སྐུ་བྱས་ཏེ་ཆོས་སྒོ་ཕྱེས།

སྐབས་དེར་ཇོ་ཁང་སླར་གསོ་བྱེད་པའི་ཆ་རྐྱེན་མེད་ཅིང་། དུས་དེར་དཀར་ཐིགས་ཀྱང་སློང་མི་ཆོག མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་དོན་འགྲུབ་རྒྱལ་གྱིས། ཇོ་ཁང་སླར་གསོ་བྱེད་པར་སྒོར་ཁྲི་བཅུ་གནང་སྟེ།   ཁྱོད་ཚོས་དཀར་ཐིགས་སློངས། དུས་འདི་ཙམ་ནས་འགྲུབ་དགོས། ཞེས་དུས་བཅད། གྲུབ་ན་ང་བལྟ་རུ་ཡོང་རྒྱུ་ཞེས་དཀར་ཐིགས་སློང་ཆོག་པའི་ཡི་གེ་བྱིན། ཁོང་བཀའ་དྲིན་ཤིན་ཏུ་ཆེ་ཟེར།

སླར་གསོའི་ཆེད་དུ་རྫོང་ནང་ཞབས་དྲུང་གིས་སྒྲོལ་མ་འབུམ་གསུང་དགོས་ཞེས་དགོན་པས་ཟླ་འགའ་ལ་རིམ་གྲོ་བསྒྲུབས་ནས་ལས་མགོ་བརྩམས། དགོན་པར་རྒན་པ་རེ་འགའ་ལས་མེད་པས་དགེ་བོ་ལྷག་བསམ་ཅན་ཕུལ་བྱུང་དང་། སྟོབས་ལྡན། འོད་སྲུངས། བསྟན་འཕེལ་བཞི་ལ་ཚེགས་བཙུགས་ཤིང་།  ཕུལ་བྱུང་འགན་ཁུར་བ་གཙོ་བོར་བསྐོས།  མང་ར་དང་མཚོ་སྔོན་པོ་ཕྱོགས་སོ་སོར་དཀར་ཐིགས་བཀྲམ།

རབ་རྒྱལ་ལྕགས་རྟ་ལོར་(1990)ཧོར་ཟླ་དགུ་བའི་ཚེས་གསུམ་ལ་སྟོན་པ་དགུང་ལོ་བཅུ་གཉིས་ཀྱི་ཚད་ཀྱི་འདི་ཉིད་བཞེངས།  སྐབས་དེར་རྒྱ་མི་ཞིག་གི་སྔོན་གྱི་ཇོ་བོའི་དབུ་ཐོད་བདག་བྱས་པ་འཁྱེར་ཡོང་ནས་དགོན་པར་ཕུལ་བ་དེ་དབུ་ཐོད་བྱས། རྒྱ་མི་ཤིང་བཟོ་ཞིག་གིས་ཉར་བའི་སྔོན་གྱི་ཕྱག་གཡས་སྨན་འདམ་དུ་བཞེས་ནས་གྱི་ཇི་ལྟ་བུར་བཞེངས།

微信图片_20231011083912.jpg

སྐབས་དེར་ཀ་ཞར་གྱི་ཨ་ཁུ་སྨན་པ་ཞེས་པས་སྔོན་གྱི་མུ་ཏིག་གི་ཕྲེང་བ་ཞིག་ཉར་ཡོད་པ་དགོན་པར་ཕུལ་བ་དང་། ང་དྲུག་ལོར་རྒྱལ་བ་པཎ་ཆེན་གཉིས་ཀྱིས་ཕུལ་བའི་རྡོ་རྗེ་གདན་གྱི་སྟོན་པའི་ན་བཟའ་སོགས་རྟེན་རྩ་ཆེན་མང་བོ་གཟུངས་གཞུག་ལ་ཕུལ།

བཟོ་བཀོད་ཕུན་སུམ་ཚོགས་པར་བཞེངས་ཏེ། མཚན་སྒྲོགས་ཚང་དབུར་བཞུགས་ནས་གོང་བ་གྲྭ་ཚང་གིས་རབ་གནས་དགེ་ལེགས་ཆར་འབེབས་ཀྱི་སྒོ་ནས་རབ་གནས་མཛད་དེ།རི་ཁྲོད་པ་དག་མཆོད་མེའི་ཆོས་ཐོག་འཚོགས་ཤིང་ཆོས་སྟོན་བྱས། དོན་འགྲུབ་རྒྱལ་ཡོང་ནས་འདི་རྟེན་འགངས་ཆེན་ཡིན་ཞིང་། ཕྱོགས་འདིའི་མཆོད་གནས་ཡིན་པས་ངའི་བསམ་པའང་གྲུབ་པ་ཡིན།  གོང་བ་གྲྭ་ཚང་གིས་བདག་ལེགས་པོ་བྱ་དགོས་ཞེས་གདམས།

དགེ་བཤེས་ཕྱོགས་གླང་གིས་དེ་ལྟར་ངོ་སྤྲོད་ཞིབ་མོ་བྱས་པས་ངའང་སྔོན་ལས་ལྷག་པར་འདི་ལ་གསལ་ཆ་ཡོད་པ་ཞིག་ཏུ་གྱུར།


ཇོ་ཁང་དུ་སྟོན་པ་གཙོས་དུས་གསུམ་སངས་རྒྱས་དང་ཉེ་སྲས་བརྒྱད་བཞེངས་ཡོད་ཅིང་། 1990ལོར་ཇོ་ཁང་གི་རྒྱབ་ཏུ་སྤྱན་རས་གཟིགས་ཀྱི་ལྷ་ཁང་བཞེངས།2019ཟླ་ལྔ་བར་ཚེས་བཅོ་ལྔ་དགོན་པས་སྦྱིན་བདག་བྱས་ཏེ།2020ལོའི་ཟླ་བཅུ་བར་ཁང་བཟང་བཞེངས།2021ཇོ་ཁང་གི་གཡོན་དུ་སྒྲོལ་མའི་ལྷ་ཁང་བཞེངས་ཤིང་།2022ལོར་སྒྲོལ་མའི་སྟོང་སྐུ་གྲུབ།2023ལོར་སྒྲོལ་མ་སྟོང་སྐུ་དང་བཅས་པ་གྲུབ།

བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་ཡིན་ཏེ།དམ་ཆོས་པད་མ་དཀར་བོ་སོགས་སུ། སྤྱན་རས་གཟིགས་དབང་ཕྱུག་གི་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པའི་ཚེ། སངས་རྒྱས་སྟོང་གི་སྤྱན་སྔར་སྨོན་ལམ་བཏབ་སྟེ། སྔོན་དུས་གསུམ་སངས་རྒྱས་གང་གིས་ཀྱང་ཞབས་ཀྱིས་མ་བཅགས་པའི་གནས། མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་ན་ཡོད་པའི་སེམས་ཅན་འདུལ་དཀའ་བ་དེ་རྣམས་ཐར་བ་བྱང་ཆུབ་ཀྱི་ལམ་ལ་འཁོད་པར་གྱུར་ཅིག  མཐའ་འཁོབ་དེ་ཡང་བདག་གིས་གདུལ་བའི་ཞིང་དུ་གྱུར་ཅིག  བདག་འདྲེ་སྲིན་ལ་སོགས་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཕ་མ་ལྟ་བུར་གྱུར་ཅིག འགྲོ་བ་སྒྲོལ་བའི་དེད་དཔོན་ལྟ་བུར་གྱུར་ཅིག མུན་པ་སེལ་བའི་སྒྲོན་མེ་ལྟ་བུར་གྱུར་ཅིག ཅེས་པ་སོགས་སྨོན་ལམ་རྒྱ་ཆེན་པོ་བཏབ་གསུངས།

སྔོན་ལྷའི་བཟོ་བོ་བི་ཤྭ་ཀརྨས་ད་ལྟའི་སྐུ་བརྙན་ཇོ་བོ་ཤཱཀྱ་མུ་ནི་བཞེངས་དུས་སྟོན་པས་འདིའི་དབུ་ལ་ཕྱག་བཞག་ནས་མ་འོངས་པར་སྐུ་གཟུགས་འདིས་ངའི་ཚབ་བྱས་ཏེ་ཁ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་པ་དང་། དེ་ཚེའི་རྒྱལ་སྲས་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་ཚུལ་སོགས་ལུང་བསྟན་པ་དང་། སྟོན་པ་འཁོར་བཅས་གླང་རིར་བཞུགས་དུས་རྒྱལ་སྲས་རྒྱ་མཚོའི་དབུས་སུ་བོད་གདོང་དམར་ཅན་གྱི་ཡུལ་དུ་བསྟན་པ་སྤེལ་མཁན་སུ་ཡོད་དྲིས་པར་སྤྱན་རས་གཟིགས་བཞེངས་ཏེ་ཁོང་གིས་མཛད་པར་ཁས་བླངས་པ་དང་། དཀོན་མཆོག་འབངས་ཀྱི་སྐྱེས་རབས་སུ། ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་ལུང་བསྟན།

སྒྲོལ་མ་ནི་སྤྱན་རས་གཟིགས་ཀྱིས་བོད་གངས་ཅན་སྐྱོབ་པའི་གྲོགས་སུ་བྱོན་ཅིང་། ཁྱད་པར་གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །ཞེས་པ་སྟེ། ཉིན་མཚན་གྱི་ཆ་གཉིས་པོ་རེ་རེ་ལ་ཐུན་གསུམ་གསུམ་དུ་བྱས་ཏེ། ཐུན་རེ་རེ་ལ་བསྟོད་ཚིག་ལན་བདུན་བདུན་དུ་མངོན་པར་བརྗོད་ན། རིགས་དང་ཆོས་བརྒྱུད་འཛིན་པའི་བུ་འདོད་པ་རྣམས་ཀྱིས་ནི་བུ་དང་སློབ་མ་ཐོབ་པར་འགྱུར་ཞིང། འདི་ཕྱིའི་བདེ་བ་སྒྲུབ་པའི་ནོར་འདོད་པ་རྣམས་ཀྱིས་ནི་ནོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྣམས་བདེ་བླག་ཉིད་དུ་ཐོབ་པ་སོགས། མདོར་ན་མཐུན་ཕྱོགས་གནས་སྐབས་དང་མཐར་ཐུག་གི་འདོད་པ་ཇི་སྙིད་ཡོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། དེ་ལ་མི་མཐུན་ཕྱོགས་ཀྱི་བགེགས་དང་བར་དུ་གཅོད་པ་རྣམས་གསར་དུ་འབྱུང་བ་མེད་ཅིང་། སྔར་བྱུང་ཟིན་པ་རྣམས་ཀྱང། རྗེ་བཙུན་མ་སྐབས་གང་ཡིན་གྱི་ནུས་པས་སོ་སོར་ལྷག་མེད་དུ་འཇོམས་པར་འགྱུར་རོ། །གསུངས།  

འདི་གསུམ་ནི་གངས་ཅན་པར་མཚོན་ན་མེད་དུ་མི་རུང་བའི་ལྷ་གསུམ་ཡིན།

 1994ལོ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དགེ་བཤེས་བློ་བཟང་རྒྱ་མཚོས་བཀའ་འགྱུར་དང་།  བསྟན་འགྱུར་ཆེན་མོ་གཉིས་ཀྱི་ལུང་ཆ་ཚང་བར་གནང་།

འདི་ནི་ཁྲི་ཀའི་ཡུལ་ཙམ་དུ་མ་ཟད། ཡུལ་མདོ་སྨད་ཀྱི་རིན་པོ་ཆེ་ཞིག་ཡིན་མོད། ད་ལྟ་ཆོས་ལས་འཇིག་རྟེན་གཙོ་ཆེ་བས་མང་བོ་ཞིག་ཤན་འབུམ་གདོང་སྣ་ལ་བསྙེག་འགྲོ། ལྷག་པར་འདིའི་ལོ་རྒྱུས་ལ་གསལ་ཆ་ལྡན་པ་ཉུང་།

ངས་དེ་ལྟར་བསམ་བཞིན་དུ་སྨོན་ལམ་ཞིག་བཏབ་ནས་ཕྱིར་ལོག སྐབས་འདིར་ངའི་ཡིད་ལ་ཐོག་མར་མཇལ་བའི་སྐབས་སུ་བྲིས་པའི་སྙན་ངག་དེ་དྲན་བྱུང་།

སྙིགས་མའི་གྲོང་གིས་མཐོ་རིས་ཕྱོགས་སུ་བསྐོར། །

མེ་ཏོག་སྨྱོན་པས་མི་རྣམས་བཟི་ཁ་འབར། །

མུན་པའི་ཆང་ལ་རོལ་བའི་དེང་གི་དུས། །

ཞལ་འཛུམ་འོད་ཀྱིས་སྙིང་གི་མུན་པ་སེལ། །

微信图片_20231011083913.jpg

༢༠༢༣ལོའི་ཧོར་བརྒྱད་པའི་ཚེས་བདུན་གྱི་དགུང་མོར་ཁྲི་ཀའི་ཤམ་བྷ་ལའི་གཞིས་ཀར་བྲིས།

༢༠༢༣ལོའི་ཧོར་བརྒྱད་པའི་ཚེས་བཅུའི་དགུང་མོར་མང་རར་ཞུ་དག་བྱས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 



བརྒྱུད་འགོད།