སློབ་ཆུང་སློབ་མ་ཞིག་གི་གནས་མཇལ་ཉིན་ཐོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-09-23 22:08:02     རྩོམ་པ་པོ།   སྤེན་པ་གཡང་འཛོམས།     ཀློག་ཐེངས།  

སྤྱི་ཟླ7པའི་ཚེས7་ཉིན་ཟི་ལིང་ནས་མེ་འཁོར་བསྡད་ནས་ལྷ་ས་ལ་སོང་།ངའི་ཨ་ཕས་རླངས་འཁོར་བསྐོར་ནས་ལྷ་སར་འགྲོ་བ་ཡིན།ཡིན་ནའང་། ང་རང་མེ་འཁོར་བསྡད་མ་མྱོང་བས་ངའི་ཨ་ཕའི་རླངས་འཁོར་ནང་དུ་བསྡད་ནས་འགྲོ་མ་འདོད་པར་མེ་འཁོར་ལ་འགྲོ་བའི་རེ་བ་ཞུས།

ངས་ཨ་ཕ་ལ་རེ་བ་ཞུ་བས་ངའི་འདོད་ཐོག་ཏུ་བཞག།ཨ་ཕ་དང་ཨ་མ་ཨ་ཅེ་ཁོ་ཚོ་ཟི་ལིང་རང་ཁྱིམ་ནས་སྔ་དྲོ་དུས་ཚོད་དྲུག་ཐོག་ནས་ལམ་ལ་ཆས།

ང་ངའི་ཨ་ནེ་དང་འགྲོགས་ནས་དུས་ཚོད་8དང་སྐར་མ་30ཐོག་ནས་མེ་འཁོར་ས་ཚིགས་དུ་སླེབས།སྔ་དྲོ་དུས་ཚོད་10ཐོག་ནས་མེ་འཁོར་དུ་བསྡད་ནས་སོང་།

ང་རང་མེ་འཁོར་བསྡད་པ་ཐེངས་དང་བོ་ཡིན།མེ་འཁོར་ནང་དུ་ཉལ་ས་དང་ཟ་མ་སྤྱོད་ཁང་སོགས་ཡོད།

ང་རང་གི་ཉལ་ས་ཉལ་ཁྲི་གཉིས་ཐོག་པ་ཡིན།དེ་ནས་ཅང་མ་འགོར་མཚོ་སྔོན་པོ་མཐོང་།ངས་མཚོ་སྔོན་པོ་མཐོང་བ་དེ་ཐེངས་དང་པོར་མིན།

དེ་ནས་ཉིན་གུང་དུ་ཐོན་ནས་སྟབས་བདེ་ཐུག་པ་ཞིག་འཐུང་ནས་གཉིད་སོང་།གཉིད་སད་རྗེས་ན་གོར་མོ་ལ་ཐོན་ཡོད།

དྲ་ཁོང་དུ་ཡུལ་ལྗོངས་ལ་ཞིབ་ལྟ་བྱས་ནས་བསྡད་པས་ས་རིབ་ལ་ཡང་ཐོན།།དེ་ནས་མེ་འཁོར་ནང་གི་ཟ་མ་ལ་དྲོ་བ་ཞིག་མྱང་འདོད་ནས་དགོང་ཟས་ཟོས།དྲོ་བ་མི་ཞིམ་པའི་ཕྱེད་ཀ་མ་ཟོས་བཞག །

ད་ས་ཡང་རིབ་སོང་།ང་རང་ཡང་གཉིད་པ་ཡིན།སང་ཉིན་གཉིད་སད་རྗེས་ལྷ་ས་ལ་ཐོན་ཡོད། དུས་ཚོད་7རེད།

ང་ཚོ་མེ་འཁོར་ནས་བབས་དེ་སྒོར་ཐོན་པ་ན།ཤ་ཉེ་ཕུ་བོ་ཞིག་ཡོད་པ་དེ་ང་ཚོ་བསུ་རུ་ཡོང་ཡོད།དེ་ནས་གླ་གཏོང་དུ་བསྡད་ནས་སོང་བར་ཐོག་མ་ཕོ་བྲང་པོ་ཏ་ལ་མཐོང་ནས་སེམས་ནས་ཧ་ཅང་དགའ།

ངས་སྔོན་མ་འདྲ་པར་དང་བརྙན་རིས་སུ་རིག་མྱོང་བ་ལས་ངོ་མ་མཐོང་བ་ད་ཐེངས་ཡིན། འདི་ངོ་མ་རྒྱ་ཆེ་བ་ཞིག་རེད།ཡ་མཚན་པ་ཞིག་རེད།

ལྷ་ས་ནི་ངོ་མ་ལྷ་ས་ཞིག་རེད།སེམས་པ་སྐྱིད་པོ་ཞིག་རེད།ཡིན་ནའང་ངའི་ཨ་ཕ་ཁོ་ཚོ་ད་དུང་མ་ཐོན།

2023.7.8

ལྷ་ས་ཡོང་ནས་ཐོག་དང་བོ་གཙུག་ལག་ཁང་དུ་ཇོ་བོ་ཤྭཀྱ་མུ་ནེ་ལ་མཇལ་བར་སོང་།གཙུག་ལག་ཁང་ནི་ལྷ་སའི་གྲོང་ཁྱེར་གྱི་དཀྱིལ་སྙིང་ན་བཞེངས་ཡོད།

ངའི་ཨ་ཕས་བཤད་པ་ལྟར་ན།རྒྱལ་བོ་སྲོང་བཙན་སྒམ་པའི་སྤྱི་ལོ་639ལོ་བཞེངས།གཙུག་ལག་ཁང་འདིའི་རྒྱ་ཁྱོན་ལ་སྨིས་25100ཡོད།ལྷ་ཁང་20དང་།རྒྱ་ཕིབས་དང་བཅས་ཐོག་ཁང་བཞི་བརྩེགས་ཅན་ཡིན།ད་སྔ་ 1300ལོ་རྒྱུས་ཡོད།

ནང་རྟེན་གཙོ་བོ་ནི་ལོ་12ཅན་གྱི་ཇོ་བོ་ཤཱཀྱ་མུ་ནེ་ཡིན་ལ།དེ་ནི་རྒྱ་བཟའ་ཀོང་ཇོས་རྒྱ་ནག་ནས་གདན་དྲངས་པ་ཡིན།མདུན་དུ་རྡོ་རིང་ཆེན་པོ་ཞིག་གཉིས་ཡོད།ཇོ་བོ་ར་མ་རྒྱལ་མོ་ཡང་རིག་སོང་།གཉིས་ཐོག་གི་གྱང་ངོས་སུ་གཙུག་ལག་ཁང་གི་ལོ་རྒྱུས་རི་མོ་བྲིས་ཡོད།ཅུང་ཙམ་ཞིབ་ལྟ་ཞིག་བྱས་པ་ཡིན།ཡིན་ན་ཡང་དེ་འདྲ་ཧ་མ་གོ།

མཇལ་བ་དང་བལྟ་སྐོར་བ་ཧ་ཅང་མང་།

ང་ཚོས་སྔོན་ནས་གྲ་སྒྲིག་བྱས་བའི་ཇོ་བོ་ལ་ན་བཟའ་དང་ཞལ་གསེར་ཕུལ།གྲྭ་བ་རྒྱ་ལྷག་བཞུགས་པ་ལ་མང་ཇ་ཡང་བཏང་།

ཇོ་བོ་མདུན་ནས་སྨོན་ལམ་ཡག་པོ་ཞིག་རྒྱག་བསམ། ཡིན་ནའང་སྨོན་ལམ་ཡག་པོ་ཞིག་རྒྱག་མ་ཤེས། བར་བསྐོར་ན་མི་མང་པོ་དང་ཚོང་བ་མང་པོ་ཡོད།

རྒྱ་རྒྱ་མོས་བོད་ལྭ་གོན་ནས་འདྲ་པར་ལེན་པ་ཡང་མང་བོ་ཡོད།

ང་ཐང་ཆད་ནས་ངལ་ཅུང་ཙམ་གསོས་པ་ཡིན།ཀྱང་མ་འགོར་བར་ངའི་རྣ་ལམ་དུ་ཨ་མའི་འབོད་སྒྲ་གྲགས་བྱུང་།

2023.7.9

ར་མོ་ཆེ་གཙུག་ལག་ཁང་ནི་བར་སྐོར་ནས་ཤར་ཕྱོགས་སུ་སྨིས་500མཚམས་ན་ཡོད།

དུས་རབས་བདུན་པ་སྤྱི་ལོ་641ལོ་རྒྱལ་བོ་སྲོང་བཙན་སྒམ་པའི་སྐབས་སུ་བཞེངས།གཙུག་ལག་ཁང་དེ་རྒྱ་ཁྱོན་ལ་སྨིས་4000ཡོད།ཁང་ཚད་གསུམ་བརྩེགས་ཡིན།ནང་རྟེན་གཙོ་བོ་ནི་བལ་བཟའ་ཁྲི་བཙུན་གྱིས་གདན་དྲངས་བས་ལོ་བརྒྱད་ཅན་གྱི་ཇོ་བོ་མི་བསྐྱོད་རྡོ་རྗེ་ཡིན།

ང་ཚོས་ཞལ་གསེར་འབུལ་ནས་མཇལ་དུས་ལྷ་སའི་ཨ་ཡེ་རྒན་མོ་ཞིག་གིས་ཁྱི་གཉིས་ཁྲིད་ནས་ཡང་ཇོ་བོར་མཇལ་གི་ཡོད།

ཨ་ཡེ་རྒན་མོ་དེས་ཁྱི་གཉིས་ལ་བལྟས་ནས་བཤད་རྒྱུ།ཁྱོད་གཉིས་གྱིས་ཨེ་མཐོང་ཐལ།གསལ་བོ་ཞིག་ལྟོས།

སྐྱེ་བ་རྗེས་མར་མི་ལུས་རིན་པོ་ཆེ་ཐོབ་པའི་སྨོན་ལམ་ཞིག་རྒྱོབ་ཅེས་ཁྱི་གཉིས་མོའི་པང་དུ་བླངས་ནས་ཇོ་བོ་ལ་ཐོད་པ་ཐུག་ཏུ་བཅུག།

ང་ཡ་མཚར་བ་ཡིན།ཆོས་ས་ཆོས་ཡུལ་གྱི་ཨ་ཡེ་རྒན་མོ་ཞིག་ཡིན་ན་ཡང་གཞན་དང་མི་འདྲ་བ་ཟིག་རེད།མོ་བསམ་པ་ནི་འདི་འདྲའི་རྒྱ་ཆེ་བ་ཞིག་ཨང་།

སྐབས་དེར་ཨ་ཕས་ང་ལ་བརྡ་ཞིག་བསྟན་ཏེ་ཇོ་བོ་རིན་པོ་ཆེའི་རྒྱབ་སྟེང་ན་ཡང་ཇོ་བོ་ཞིག་བཞུགས་ཡོད་པ་དེ་ཨ་ཕ་དང་ངེད་གཉིས་མ་ཏོག་གཞན་སུས་ཀྱང་མཐོང་མེད་པ་འདྲ།དགེ་འདུན་པ་བརྒྱ་ལྷག་བཞུགས་ཡོད་པ་དེ་ལ་མང་ཇ་ཡང་བཏང་།ཕྱག་འཚལ་མཁན་དང་མནྜལ་འབུལ་མཁན་ཡང་མང་པོ་ཡོད།

འོན་ཀྱང་ཕྱི་སྐོར་ལ་འགྲོ་ས་མེད།ཨ་ཡེ་རྒན་མོ་དེ་ར་བསྐོར་ན་ངལ་གསོ་བཞིན་ཡོད་པ་དེ་ལ་ངས་ཡང་བསྐྱར་གསལ་བོ་ཞིག་བལྟས།

2023.7.9

འབྲས་སྤུངས་དགོན་ནི་ལྷ་སའི་གྲོང་ཁྱེར་གྱི་ནུབ་ངོས་སུ་རི་སྐེད་ན་ཆགས་ཡོད།

སྤྱི་ལོ་1416ལོར་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་ཕྱག་བཏབ།དགོན་པའི་རྒྱབ་རི་དང་མཐའ་སྐོར་ན་རྡོ་ཕ་བོང་མང་པོ་ཡོད།གོས་སྐུ་བཤམས་ས་ཡང་ཆེན་པོ་ཞིག་མཐོང་།

ཚོགས་ཆེན་འདུ་ཁང་ཧ་ཅང་ཆེན་པོ་ཞིག་བཞེངས་ཡོད།འདུ་ཁང་ཐོག་ཁའི་བྱམས་ཁང་དུ་བྱམས་པ་མཐོང་གྲོལ་ཆེན་མོ་བཞུགས།དགོན་པ་འདིར་གྲྭ་ཚང་བདུན་ཡོད།བློ་གསལ་གླིང་།སྒོ་མང་།བདེ་ཡངས།ཤག་སྐོར།ཐོས་བསམ་གླིང་།འདུལ་བ།སྔགས་པ་གྲྭ་ཚང་བཅས་ཡོད།

དགེ་འདུན་པ་650གཞུགས།ཚོགས་ཆེན་ལ་མང་ཇ་ཡང་བཏང་།ཉིན་དེར་ཚ་བ་ཧ་ཅང་ཆེ་བས་ངལ་གསོ་ས་བསིལ་གྲིབ་ལྡན་པའི་གནས་ཤིག་ཡང་བཙལ་མ་རྙེད། ཐང་ཆད་ནས་ཁ་ལྕེ་ཡང་སྐོམ། དེ་རྗེས་དགོན་པའི་ཁྱམས་རའི་འོག་ཏུ་ཅུང་ཙམ་ངལ་གསོས་ནས་གཉིད་སོང་།

2023.7.10

སེ་ར་དགོན་པ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་རྒྱབ་རི་ན་ཆགས་ཡོད།སྲང་བར་དང་སྐོར་ལམ་ན་སྡོང་བོ་ཆེན་པོ་མང་བོ་ཡོད།

སྤྱི་ལོ1416ལོ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་ཕྱག་བཏབ།ཀ་བ་བརྒྱ་དང་བརྒྱད་ཡོད་པའི་ཚོགས་ཆེན་འདུ་ཁང་ནང་གི་རྟེན་གཙོ་བོ་ནི་རྗེ་ཡབ་སྲས་གསུམ་དང་སྤྱན་རས་གཟིགས་བཅུ་གཅིག་ཞལ།།དུར་ཁྲོད་ཆེན་པོ་བསིལ་པ་ཚལ་གྱི་རྡོ་ནག་ལས་གྲུབ་པའི་མགོན་པོ་ཕྱག་བཞི་པ་སོགས་དང་།བྱམས་ཆེན་གྱི་ཞལ་རས་ལྷ་ཁང་དུ་ཇོ་བོ་རྗེའི་སྐུ་ནང་རྟེན་ནོར་བུ་བསམ་འཕེལ་དང་།རིང་བསྲེལ་སོགས་བཞུགས་ཡོད།

ཆེད་དུ་རྟ་མགྲིན་རང་བྱོན་ཀྱི་ལྷ་ཁང་ནང་དུ་མཇལ་བར་སོང་།མཇལ་བ་མང་བས་ཡུན་རིང་གྲལ་སྒྲིག་དགོས།ལྷ་ཁང་འདིའི་རྒྱབ་སྟེང་ན་མདའ་མདུང་སོགས་མཚོན་ཆ་སྣ་ཚོགས་ཡོད།སྲུང་འཁོར་ཞིག་ཀྱང་བླུ།

དགེ་འདུན་པ་750ལྷག་བཞུགས།གྲྭ་ཚང་བཞི་ཡོད།ཚང་མ་ལ་མང་ཇ་བཏང་།ཨ་ཕ་ལ་རོགས་བྱས་ནས་སེར་གཙུག་དཔེ་ཁང་ནང་དུ་དཔེ་ཆ་རྩ་ཆེན་མང་བོ་བླུས། སེ་ར་སྒོ་ཆེན་གྱི་མདུན་དུ་ང་ཚོ་ཚང་མ་མཉམ་དུ་འདྲ་པར་ཞིག་བླངས།ཉིན་གུང་ལ་ཐོན་ཡོད་པས་ལྷ་སའི་བོད་ཐུག་ཞིག་འཐུང་བ་དེ་ཐེངས་དང་བོ་ཡིན།

2023.7.11

དེ་རིང་ང་མལ་ལས་ལང་ནས་དྲ་མ་ནས་སྒོར་བལྟས་ན་ཆར་འབབ་པ་མཐོང་།ཟ་མ་ཟས་རྗེས་ང་ཚོ་སྒྲ་སྒྲིག་བྱས་ནས་མཆོད་མཇལ་ལ་ལམ་དུ་ཆས།

ཐོག་མར་ང་ཚོ་གླང་ཐང་དགོན་དུ་སོང་།དགོན་པ་འདི་སྡེ་དཀྱིལ་ན་ཆགས་ཡོད།གནའ་སྔ་མའི་མཆོད་རྟེན་ཆེན་པོ་བཞི་བཞེངས་ཡོད་ལ།ཕུར་ཁང་མཆོད་རྟེན་ནི།ཐོ་རེངས་ནས་ཉིན་གུང་བར་མིས་བསྐོར་བ་དང་།ཉིན་གུང་ནས་སྲོད་བར་ལྷ་འདྲེས་བསྐོར་བར་སྒྲིག་ཅན་མཛད།དགེ་བཤེས་གླང་ཐང་བའི་གདན་ས་ཡིན།ད་ལྟ་གྲུབ་མཐའ་ས་སྐྱ་ཡིན། དེ་ནས་ལྕགས་རི་དགོན་ལ་སོང་། ་བཙུན་མའི་དགོན་པ་ཞིག་ཡིན གྲུབ་མཐའ་ཡང་ས་སྐྱ་ཡིན།

ང་ཚོ་དགོན་པ་མང་པོར་སོང་སོབ་ནས་ཕྱིར་འདམ་གཞུང་འགྲོ་བའི་ལམ་དུ་ཆུ་སྟོད་དུ་གཞུར་བ་མཐོང་།ངས་ཨ་ཕ་དང་ཨ་མ་གཉིས་ལ་བཤད།ཁོ་གཉིས་ཧ་ཅང་ཡ་མཚན།

འདམ་གཞུང་རྫོང་ས་ཆ་ཧ་ཅང་མི་བཟང་། ་ འོན་ཀྱང་ཟ་མ་ཧ་ཅང་ཞིམ་པོ་ཞིག་ཡིན། དགུང་མོ་འགྲོན་ཁང་ཞིག་བཙལ་ནས་ཉལ།

2023.7.13

རྒ་ལོ་བཙུན་མའི་དགོན་ནི་རི་ཡི་སྐད་ན་ཆགས་ཡོད།དགོན་པ་གཡས་གཡོན་ན་ཆུ་ཕྲན་ཡང་བཞུར་བཞིན་འདུག།ཧ་ཅང་ལྟ་ན་སྡུག་པ་ཞིག་ཡིན།

དགོན་པའི་གྲུབ་མཐའ་ནི་བཀའ་བརྒྱུད་པ་ཡིན་ལ།གྲྭ་གྲངས་ནི་144ཡིད།

ཚོགས་ཆེན་འདུ་ཁང་ནང་དུ་རྒྱལ་བ་ཀརྨ་པའི་སྐུ་ཡོད།སློབ་དཔོན་པདྨ་འབྱུང་གནས་དང་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་།འོད་དཔག་མེད་སོགས་བཞུགས་ཡོད།ངའི་ཨ་ཕས་མང་ཇ་ལ་སྒོར་2000དང་།ཨ་ནེ་རེ་རེའི་ཕྱག་ཏུ་སྒོར་20ཕུལ།

2023.7.14

བདེ་ཆེན་ཡངས་པ་ཅན་དགོན་ནི་རི་འདབས་སུ་ཆགས་ཡོད་ལ།མདུན་ངོས་སུ་ཆུ་བོ་ཞིག་བཞུར་བཞིན་ཡོད།

གྲུབ་མཐའ་བཀའ་བརྒྱུད་པ་ཡིན་ལ།གྲྭ་གྲངས་ནི་151བཞུགས།འདུ་ཁང་དུ་སྟོན་པ་འཁོར་གསུམ་བཞུགས་པ་དང་།སློབ་དཔོན་པདྨ་འབྱུང་གནས་སོགས་བཞུགས་ཡོད།

འོན་ཀྱང་རྗེ་ཙོང་ཁ་བ་ཆེན་པོ་མ་མཐོང་བས་སེམས་པ་ཅུང་ཙམ་མ་སྐྱིད། ཨ་ཕས་ཨ་ཁུ་རེ་རེ་ལ་སྒོར་20རེ་ཕུལ།

2023.7.14

རྡོ་རྗེ་གླིང་དགོན་ནི་བྲག་འོག་ཏུ་ཡོད།དགོན་པ་ཆུང་ཆུང་ཞིག་སྟེ། བཙུན་མའི་དགོན་པ་ཞིག་ཡིན།གྲུབ་མཐའ་བཀའ་བརྒྱུད་པ་ཡིན།གྲྭ་གྲངས་ཨ་ནེ63བཞུགས།མཇལ་ས་འདུ་ཁང་ཆུང་ཆུང་ཞིག་མ་གཏོགས་མེད།ཨ་ནེ་རེ་ལ་སྒོར་20ཕུལ།མང་ཇ་སྒོར་1000ཡིན།

2023.7.14

རྒྱབ་རི་བྲག་དང་མདུན་ངོས་ཆུ་ཡིས་བར་ན་ཡོད་པའི་མཚུར་ཕུ་དགོན་ནི་རྒྱལ་བ་ཀརྨ་པའི་གདན་ས་ཡིན།ང་ཚོ་གནས་དེར་ཐོན་དུས་ཕྱི་དྲོ་དུས་ཚོད་གསུམ་པ་ཡིན།

མ་མཇལ་བར་རུང་ཁང་དུ་སོང་ནས་མང་ཇ་ལ་སྒོར2500སྐུ་འགྱེད་དགེ་འདུན་རེ་རེ་ལ་སྒོར20ཕུལ།དེ་ནས་རེམ་མ་འདུ་ཁང་དུ་སོང་ནས་རྗེ་མར་བ་ལོ་ཙ་བ་དང་།རྗེ་བཙུན་མི་ལ་རས་པ།མཉམ་མེད་དྭགས་པོ་བ་ལ་ཞལ་མཇལ་ཞུས་ཤིང་སྨོན་ལམ་བརྒྱབས། ང་སྐྱེ་བ་རྗེས་མ་ཁོང་ཚོ་ལྟ་བུ་ཞིག་ཡོང་པའི་་སྨོན་ལམ་བཏབ།གྲྭ་གྲངས་550བཞུགས།ཁྱོན་བསྡོམས་སྒོར13500ཕུལ།

2023.7.14 དུས་ཚོད་4དངབསྐར་མ30རླངས་འཁོར་ནང་དུ་བྲིས།

དུས་ཚོད5དང་ཕྱེད་ཀའི་ཐོག་སྒྲོལ་མ་ལྷ་ཁང་ཏུ་ཐོན།སྒྲོལ་མ་ལྷ་ཁང་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བཏབ་པ་ཡིན།གོ་ཐོས་ཡིན་ན་སྒྲོལ་མ་གསུང་འབྱོན་མ་ཞིག་ཡོད་ཟེར།ང་ཚོ་མཇལ་མ་ཐུབ།

སྐབས་དེར།ངའི་ཨ་ཕས་ལྷ་ཁང་དེ་ན་བཞུགས་པའི་གྲྭ་བ་20ལ་སྐུ་མཇལ་དང་མང་ཇ་སོགས་ཕུལ་བས་ཨ་ཁུ་ཐུགས་དགྱེས་ནས་ང་ཚོ་ལ་སྒྲོལ་མ་གསུང་འབྱོན་མ་མཇལ་ཁ་གནང་སོང་།

ང་རང་ཧ་ཅང་དགའ་སོང་།དེ་ན་ཨ་མདོ་ཡི་མཇལ་བ་མང་པོ་ཡོད།སྒྲོལ་མ་ལྷ་ཁང་མདུན་དུ་གཞུང་ལམ་ཆེན་པོ་ཡོད།ཁོ་ནི་ལྷ་ཁང་ཁེར་རྐྱང་ཞིག་ཡིན།

2023.7.14 དུས་ཚོད་7ལ་སྐར་མ་20 རླངས་འཁོར་ནང་དུ་བྲིས།

སྔ་དྲོ་དུས་ཚོད་8དང་ཕྱེད་ཀ་ཐོག་ནས་ང་ཚོ་ཁྲ་འབྲུག་དགོན་ན་ཐོན།ཁྲ་འབྲུག་དགོན་གྲུབ་མཐའ་དགེ་ལུགས་པ་ཡིན་པ་དང་།དགོན་པ་ཆུང་ཆུང་ཞིག་རེད།

འོན་ཀྱང་མཇལ་ས་ཧ་ཅང་མང་།མཇལ་ས་གཅིག་ནང་དུ་བུད་མེད་འགྲོ་མི་མཆོག་ཟེར།ངས་ཉན་མ་བཞག་པར་ནང་དུ་བུད་སོང་།ང་ཧ་ཅང་སྐྲག།

2023.7.15

ཡུམ་བུ་བླ་མཁར་ནི་བོད་ཀྱི་རྒྱལ་བོ་ཐོག་མའི་འདུག་ས་ཡིན།འདི་བྲག་རྩེ་ནས་ཆགས་ཡོད།

རྒྱང་ནས་བལྟས་ན་མཐོ་ཞིང་བརྗིད་པ། ང་འདི་ཧ་ཅང་ཡ་མཚན།གནའ་སྔ་མོར་ལག་ཆ་གཅིག་མེད་ཀྱང་བྲག་འདི་ཐོག་ཏུ་ཕོ་བྲང་ཞིག་ཅི་ཞིག་ལས་ཐུབ།ཕོ་བྲང་ནང་དུ་རྒྱལ་བོ་སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེ་བཙན། གཉའ་ཁྲི་བཙན་པོ་སོགས་སྐུ་འདྲ་ཡོད།

2023.7.15

བསམ་ཡས་དགོན་ནི་མཁན་སློབ་ཆེ་གསུམ་གྱིས་བཞེངས་པ་ཡིན།འདི་ནང་དུ་ཤར་ལྷོ་ནུབ་བྱང་ནས་མཆོད་རྟེན་བཞི་ཡོད།མདོག་དམར་པོ།ལྗང་ཁུ།དཀར་པོ།ནག་པོ་ཡོད།མཆོད་རྟེན་ཐོག་དུ་མིག་ཞིག་ཡོད།ང་མཚོན་ན་མིག་འདི་ཧ་ཅང་སྙིང་རྗེ་ལྡན་པ་ཞིག་རེད།ཉིན་དེར་ཚ་བ་ཧ་ཅང་ཆེ་བས།ང་མང་བོ་མང་བོ་མཇལ་འདོད་མ་སྐྱེས་བས་ངལ་གསོས་ནས་བསྡད།

2023.7.15

སྨིན་གྲོལ་གླིང་གི་གྲུབ་མཐའ་རྙིང་མ་ཡིན།དགོན་པ་འདི་ཧ་ཅང་ཆེ།

འདི་ཁང་ནང་དུ་ཤཱཀྱ་ཐུབ་པའི་སྐུ་འདྲ་ཆེན་པོ་ཞིག་ཡོད།ད་དུང་མཁན་ཆེན་ཞི་བ་འཚོ།སློབ་དཔོན་པདྨ་འབྱུང་གནས།ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཀྱི་སྐུ་འདྲ་ཡང་ཡོད།

འོན་ཀྱང་རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་སྐུ་འདྲ་མ་མཐོང་།ཨ་ཕས་མང་ཇ་དང་དགེ་འདུན་ལ་སྐུ་འགྱེད་བཏང་། ། དགོན་པ་འདི་སྡེ་བ་དང་འབྲེལ་ནས་ཆགས་ཡོད།

2023.7.15

སྔ་དྲོ་དུས་ཚོད8སྟེང་ཤར་ཆུ་རྗོང་ནས་གཞིས་ཀ་རྩེ་ལ་སོང་།

དུས་ཚོད་11དང་ཕྱེད་ཀ་ཐོག་ཏུ་གཞིས་རྩེ་ལ་ཐོན། བཀྲ་ཤིས་ལྷུན་པོ་དགོན་ནི་གཞིས་ཀ་རྩེ་གྲོང་ཁྱེར་གོང་དུ་ཆགས་ཡོད།ཁང་བ་ཤིན་ཏུ་མཐོ་ཞིང་རྩི་དམར་བོ་ཅན་ཞིག་གི་ནང་དུ་རྒྱལ་བ་བྱམས་པའི་སྐུ་བརྙན་ཆེན་པོ་ཞིག་ཡོད།

ང་ཚོ་དེ་མདུན་ནས་གྲོག་མ་ཞིག་དང་འདྲ།རྒྱལ་བ་བྱམས་པ་མཐོ་ཚད་ལ་སྤྱི་ཁྲེ་26.2ཡོད།པད་མའི་བཞུགས་ཁྲིའི་མཐོ་ཚད་ལ་སྤྱི་ཁྲེ་3.8་གསེར་རྒྱ་མ་279དང་།ཟངས་སྤྱི་རྒྱ་ཁྲི23དེ་གཞིན་གཟི་དང་།གཡུ།བྱུ་རུ།མུ་ཏིག་སོགས།འདི་ནི་འཛམ་གླིང་ཐོག་ནས་ཆེས་ཆེ་བའི་སྐུ་བརྙན་ཡིན།

ང་ཚོ་ད་དུང་པན་ཆེན་སྐུ་ཕྲེང་བཞི་བའི་སྐུ་གདུང་དང་སྐུ་ཕྲེང་བཅུ་བའི་སྐུ་གདུང་ལ་མཇལ །

སྐུ་ཕྲེང་བཞི་བའི་སྐུ་གདུང་ནི་དངུལ་ཐོག་དུ་གསེར་རྩིའི་བརྒྱན་ཡོད།སྐུ་ཕྲེང་བཅུ་བའི་སྐུ་གདུང་གསེར་རྐྱང་རྐྱང་ལས་གྲུབ་པ་ཡིན།ཚོགས་ཆེན་འདུ་ཁང་ཧ་ཅང་ཆེ།

ཀ་བ་ཐོག་དང་གྱང་ཐོག་དུ་དྲི་ནག་ཆགས་ཡོད།དེ་ལ་བལྟས་ན་ལོ་མང་པོ་འགོར་ཡོད་པ་ཤེས། ང་ཚོས་གྲྭ་བ་960ལ་སྒོར་35700མང་ཇ་བཏང་།དམིགས་གསལ་གྱིས་ང་ཚོ་ལ་རྒྱལ་བ་སྐུ་ཕྲེང་དང་བོ་རྗེ་དགེ་འདུན་གྲུབ་གྱི་ཞབས་རྗེས་མཇལ་ཁ་འཐོབ།

ཕྱི་དྲོ་ང་ཚོ་ཕྱི་སྐོར་ལ་སོང་།ཕྱི་བསྐོར་ལམ་དུ་ཚང་མ་མ་ནེ་ཡིན།ཕྱི་བསྐོར་ནས་ཕར་བལྟས་ན།མཐོ་ཞིག་བརྒྱུད་ཆགས་བའི་ཕོ་བྲང་པོ་ཏ་ལ་འདྲ་བ་ཞིག་ཡོད།འདི་ནང་དུ་ན་སྔ་མོར་རྒྱལ་བོ་ཞིག་གི་འདུག་ས་ཡིན་ནམ་མིན་ངས་མ་ཤེས། ཕྱི་བསྐོར་ན ཁྱི་དང་བྱ་ཡང་ཧ་ཅང་མང་།

2023.7.17 ས་སྐྱ་འགྲོ་བའི་ལམ་དུ་བྲིས།

སྔ་དྲོ་རྩམ་པ་ཞིམ་པོ་ཞིག་ཟས་ནས་ལམ་ལ་ཆས།

དུས་ཚོད་བཅུ་དང་ཕྱེད་ཀའི་ཐོག་ས་སྐྱ་དགོན་ལ་ཐོན།འདི་བཞན་དང་མི་འདྲ་བ་ནི་ཕྱི་སྐོར་ཀྱི་གྱང་ངོས་རྩི་མདོག་ནག་པོ་རེད།

སྒོ་ཆེན་ནང་དུ་སོང་མ་ཐག་གཡས་ཕྱོགས་ན་་ཡོད་པའི་ཚེས་བཅུ་ལྷ་ཁང་།འདི་ནི་ས་སྐྱ་བའི་་ཕོ་བྲང་གཉིས་ཀྱི་ཡ་གྱལ་སྒྲོལ་མ་ཕོ་བྲང་གི་གདུང་རྟེན་ལྷ་ཁང་ཡིན།འདིར་ཚེས་བཅུ་རྒྱུན་པར་གཏོང་སྲོལ་ཡོད་པས་ཚེས་བཅུ་ལྷ་ཁང་ཞེས་གྲགས།འདིའི་རྟེན་གྱི་གཙོ་བོ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་གསུང་བྱོན་མ་དང་།དེ་བཞིན་གོང་མ་རིམ་བྱོན་གྱི་གདུང་རྟེན་རིམ་བར་བཞུགས།ལྡེབས་བྲིས་སུ་སློབ་དཔོན་པདྨའི་མཛད་པ་པདྨ་བཀའ་ཐང་བཞིན་ཡོངས་སུ་རྫོགས་པ་ཡོད།

ཚོགས་ཆེན་འདུ་ཁང་ར་སྐོར་གཉིས་བའི་ནང་དུ་ཡོད།ཀ་ཆེན་30ཡོད།སྟག་ཕོ་ཀ་བ།འབྲོང་ཕོ་ཀ་བ།སེར་ཅན་ཀ་བ་དེ་རེ་རེ་སྟེང་ན་དངུལ་ལས་གྲུབ་པའི་སྐུ་འདྲ་ཞིག་ཡོད།འོན་ཅང་སྐུ་འདྲ་ཅི་ཞིག་ཡིན་པ་མི་ཤེས།ཀ་བ་འདི་རྣམས་གཞན་པ་དང་མི་འདྲ།སྡོང་བོ་ཆེན་པོ་ཞིིག་དང་འདྲ།སེར་ཅན་ཀ་བ་སྤོམ་ཚད4公尺 རིང་ཚད་ལ་6公尺དང60公分ཡོད།

རྒྱབ་དུ་ཆོས་བརྩེགས་བྲག་རི་མ་ཡོད། རིང་ཚད་ལ་སྨིས73། མཐོ་ཚད་ངས་མ་ཤེས།དཔེ་ཆ་མང་པོ་མང་པོ་ཡོད།ཚེ་གང་ལ་དོན་མི་ཚར་པ་འདོད།འདིའི་ནང་དུ་སྐུ་རྟེན་གཙོ་བོ་ཐུབ་དབང་འཛམ་གླིང་གཡས་བཞག་ཡོད།གཡོན་ཕྱོགས་སུ་གདུང་རྟེན་ལྷ་ཁང་ཡོད།

འདི་ནི་དཔལ་ས་སྐྱའི་ཕོ་བྲང་གཉིས་ཀྱི་ཡ་གྱལ་ཕུན་ཚོགས་ཕོ་བྲང་གོང་མ་རིམ་བྱོན་གྱི་སྐུ་གདུང་བཞུགས་གནས་ཡིན་ལ།རྟེན་གྱི་གཙོ་བོ་དཔལ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོའི་སྐུ་བརྙན་སོགས་བཞུགས།གཡས་ཕྱོགས་ན་ཕུར་པ་ལྷ་ཁང་ཡོད།

འདིའི་རྟེན་གྱི་གཙོ་བོ་དཔལ་ས་སྐྱའི་དོ་མཚར་རྟེན་བཞིའི་ཡ་གྱལ་འཇམ་དབྱངས་གཟི་འོད་འབར་བ་དང་།དེ་བཞིན་སྐུ་བརྙན་སྟོང་ཕྲག་དྲུག་ལྷག་ཙམ་དང་།ལྡེབས་བྲིས་སུ་ཐུབ་དབང་དང་ལེན་མ་སོགས་བཞུགས།

ལྕགས་རི་སྟེང་དུ་ས་སྐྱའི་ཡུལ་ལྗོངས་ལ་རྒྱང་ལྟ་ཞིག་བྱས།ཉིན་གུང་དུས་ཚོད་གཅིག་ལ་ཐོན་སོང་།བོད་ཟས་ཟ་ཁང་ཞིག་བཙལ་ནས་ཟ་མ་ཟོས།

དེ་ནས་སྤྱི་ལེས་4ཙམ་དུ་གསར་ཏུ་བཞེངས་བའི་ཚོགས་ཁང་ཆེན་མོ་ཞིག་ཡོད་པ་དེར་སོང་།ཕྱོགས་སོ་སོ་ནས་ཕེབས་པའི་ས་སྐྱའི་ཆོས་ཚོགས་ཆེན་མོ་འཚོགས་ཡོད།གྲྭ་བ་700ལྷག་ལ་མང་ཇ་བཏང་ནས་ཕྱིར་ལོག།

2023.7.17 གཞིས་རྩེ་ལ་ལོག་པའི་ལམ་བར་དུ་བྲིས།

བསེ་བྲག་སྒྲུབ་སྡེ་དགོན་ནི་རྙིང་མའི་དགོན་པ་ཞིག་ཡིན།དགོན་པ་ཆུང་ཆུང་ཡང་ཡིན།གྲྭ་བ20ལྷག་ལས་མེད།

རྟེན་གཙོ་ནི་ཤཱཀྱ་ཐུབ་པ།གུ་རུ་རིན་པོ་ཆེ།སྤྱན་རས་གཟིགས་ཕྱག་བཞི་བ་བཞུགས།

རྒྱབ་རི་བྲག་ཏུ་སྣང་ས་འོད་འབུམ་གྱི་སྒྲུབ་ཕུག་ཡོད།སྒྲུབ་ཕུག་དེ་ཞོལ་ན་ལྷ་ཆུ་ཡོད་ཟེར།

2023.7.18

དགའ་གདོང་དགོན་ནི་གཞིས་རྩེ་ནས་རྒྱལ་རྩེ་འགྲོ་བའི་ལམ་དུ་ཡོད།གྲྭ་བ་60ལྷག་བཞུགས།

དེང་མ་རྙིང་མ་བ་དང་།དེ་ནས་བཀའ་བརྒྱུད་པ།ད་ལྟ་དགེ་ལུགས་པ་ཡིན།དགོན་པ་ཆེ་རྒྱུ་མེད།རྟེན་རྩ་ཆེན་ཡོད།ང་ཚོས་མང་ཇ་བཏང་བར་དམིགས་གསལ་གྱི་མཇལ་ཁ་གནང་།

ཡ་མཚན་པ་ནི་རང་བསྲེལ་ཐོག་དུ་ནས་འབྲུ་འདྲ་བའི་རང་བྱོན་སྟོན་པ་ཤཱཀྱ་ཐུབ་པ།སྤྱན་རས་གཟིགས།བདེ་མཆོག་ཡབ་ཡུམ་བབས་ཡོད།

རྣལ་འབྱོར་མ་ཞིག་གི་དབུ་ཐོད་ཐོག་དུ་རང་བྱོང་ཨ་དང་།ར།ད་ཡིག་བབས་ཡོད།

ད་དུང་སྒྲོལ་མ་དང་ཚེ་དཔག་མེད་ཡང་བབས་ཡོད།

འདུ་ཁང་ནང་དུ་རྟེན་གཙོ་བོ་སྟོན་པ་ཤཱཀྱ་ཐུབ་པ་དང་རྗེ་ཡབ་སྲས་གསུམ་ཀྱི་སྐུ་བརྙན་ཡོད།ར་སྐོར་ནང་དུ་ཁྱི་ཆ་གཅིག་ཉལ་འདུག །བྱི་ལ་ཞིག་ཀྱང་ཡོད།

2023.7.18

དུས་ཚོད11ཐོག་ཏུ་རྒྱལ་རྩེ་ལ་ཐོན།རྒྱལ་རྩེ་མཆོད་རྟེན་དེ་མཐོང་བྱུང་།

མཆོད་རྟེན་དེ་ཁང་བརྩེགས་དགུ་ཅན་དང་མཐོ་ཚད་ལ་སྨིས42ཡོད།ལྷ་ཁང་76 ཡོད།བང་རིམ་ཤར་ཕྱོགས་རྣམ་པར་སྣང་མཛད་ལྷ་ཁང་།ལྷོ་ཕྱོགས་ཐུབ་པ་ཆུ་ལོན་མའི་ལྷ་ཁང་།ནུབ་ཕྱོགས་ཤཱཀྱ་སེང་གེའི་ལྷ་ཁང་།བྱང་ཕྱོགས་ཡུམ་ཆེན་མོའི་ལྷ་ཁང་ཡིན། མཆོད་རྟེན་དེ་གཡས་ཕྱོགས་ན་རྗེ་ཡབ་སྲས་གསུམ་གྱི་ལྷ་ཁང་།གཡོན་ཕྱོགས་ན་ཚོགས་ཆེན་འདུ་ཁང་ཡོད།

ཚོགས་ཆེན་འདུ་ཁང་གི་རྟེན་གྱི་གཙོ་བོ་ནི་ཤཱཀྱ་ཐུབ་པ་ཡིན།འདུ་ཁང་ནང་གི་གཡས་ན་རྣམ་པར་སྣང་མཛད་གྱི་ལྷ་ཁང་ཡོད།གཡོན་དུ་རྒྱལ་བ་བྱམས་པའི་ལྷ་ཁང་ཡོད།འདུ་ཁང་ཧ་ཅང་མི་ཆེ།གྲྭ་བ་80ཙམ་གཞུགས་འདུག།ངས་ཕྱག་འཚལ་ནས་སྨོན་ལན་རྒྱབ།ཡང་ཕ་གི་ན་པོ་ཏ་ལ་འདྲ་བ་ཞིག་ཡོད།ཕལ་ཆེར་དེང་མ་སྲིད་དབང་མཛིན་ས་ལས་ཡིན་འདོད།ང་ཚོ་རྐང་ཐང་ལ་སོང་སོང་ནས་ཐང་ཆད།སྐོམ་ཆུ་ཞིག་ཉོས་ནས་ངལ་གསོས་ནས་ཡར་འབྲོག་གཡུ་མཚོ་ལ་འགྲོ་བར་གྲ་སྒྲིག་བྱས།

2023.7.18

སྔ་མོ་ཡར་ལངས་ནས་ཉིང་ཁྲི་དུ་སོང་།གོང་པོ་རྒྱ་མདའ་ལ་ཐོན་རྗེས་རི་བོ་ཐམས་ཅན་ནགས་གིས་གང་། ལུང་བ་རེ་རེ་ན་ཆུ་བོ་རེ་བཞུར་གྱིན་ཡོད།ས་ཆ་ཧ་ཅང་སྐྱིད་པོ་རེད།ཉིན་གུང་ལ་བྲག་གསུམ་མཚོ་དུ་ཐོན།བྲག་གསུམ་མཚོ་དཀྱིལ་ན་མཚོ་རྫོང་དགོན་ཡོད།མཚོ་རྫོང་ཞེས་པ་ནི་མཚོ་དཀྱིལ་གྱི་མཁར་རྫོང་གི་དོན་ཡིན།དེ་ནི་ཆོས་ལུགས་གྲུབ་མཐའ་རྙིང་མའི་དགོན་སྡེ་ཞིག་ཡིན་པ་དང་ཐང་རྒྱལ་རབས་ཀྱི་དུས་མཇུག་ཏུ་སྐྲུན་པ་དང་ད་བར་ལོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།དགོན་སྡེའི་རྟེན་གཙོ་བོ་ནི་སློབ་དཔོན་པདྨ་འབྱུང་གནས་ཡིན། ཉིང་ཁྲི་ལ་ད་དུང་སྤྱི་ལེ་85ཡོད། ད་ང་གཉིད་ན་འདོད། གཉིད་སད་རྗེས་ཉིང་ཁྲི་ལ་ཐོན། །ང་ཚོ་མགྲོན་ཁང་གྲ་དག་པ་ཞིག་བཙལ་ནས་ངལ་གསོ་བྱས།།

2023.7.19

ཉིན་གུང་དུ་གཟི་ཆེན་བླ་མཚོ་ལ་ཐོན།མཚོ་ཆུང་ཆུང་ཞིག་རེད།མཚོ་འདི་མལ་གྲོ་གུང་དཀར་རྫོང་རི་ཐོག་ཤང་ཁོངས་སུ་གནས་ཡོད་ལ།རྫོང་གི་ཤར་ཕྱོགས་སུ་སྤྱི་ལེ་66ཙམ་ཡོད་ལ།ས་བབས་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་སྤྱི་ཁྲུ་4500ཙམ་ལ་གནས་ཡོད་པ་དང་།ཁམས་དབུས་གཞུང་ལམ་མམ་ཁྲོན་བོད་གཞུང་ལམ་གྱི་ཉེ་འགྲམ་དུ་གནས་ཡོད་པས།ཡུལ་སྐོར་བས་མཇལ་དུས་ཧ་ཅང་གི་སྟབས་བདེ་ཡོད་པ་རེད།

2023.7.20

འོལ་ཁ་ཆོས་ལུང་དགོན་ནི་རི་སྐེད་དུ་ཆགས་ཡོད།རྗེས་རིན་པོ་ཆེས་སྒྲུབ་པ་མཛད་སའི་གནས་ཡིན།དགོན་པ་མི་ཆེ་ཆུང་ཆུང་ཞིག་རེད།ཁོང་གིས་ཕྱག་འབུམ་35མཛད་པའི་གནས་དེར་ངས་ཀྱང་ཕྱག་མཚལ་ནས་སྨོལ་ལན་བརྒྱབ།མནྜལ་འབུལ་སའི་རྡོ་དེ་ཡང་ཡ་མཚན་ཞིག་རེད།རྒྱབ་རི་ན་ཁོང་གི་སྒྲུབ་ཕུག་ཡོད།དགའ་ལྡན་གྱི་ས་ལ་ལྟ་སའི་གནས་ཡིན་ཟེར་བས་ཕ་ལོང་ཆེན་པོ་ཞིག་ཡོད།ཁོང་སྐུ་རྒྱབ་གྱི་རྗེས་ཀྱང་བབས་འདུག།འདུ་ཁང་ཆུང་ཆུང་ནང་དུ་རྟེན་གཙོ་བོ་རྗེས་ཡབ་སྲས་གསུམ་ཡིན།གྲྭ་བ་25མ་གཏོགས་མེད།ཕྱག་མཚལ་དང་མནྜལ་འབུལ་མཁན་ཡང་ཧ་ཅང་མང་།གནས་དེ་ན་ནགས་ཚལ་ཆུང་ཆུང་ཞིག་དང་ཆུ་བོ་ཆུང་ཆུང་ཞིག་གཞུར་གྱིན་འདུག།

2023.7.20

ཕྱི་དྲོ་དུས་ཚོད་གསུམ་ཐོག་ནས་རྫིང་ཕྱི་ལ་ཐོན།རྫིང་ཕྱི་དགོན་ནི་རྫིང་ཕྱི་ཞང་ཐོག་དུ་ཡོད།དགོན་པའི་ནང་གི་རྟེན་གཙོ་བོ་ནི་རྫིང་ཕྱི་བྱམས་པ་ཡིན།རྗེ་རིན་པོ་ཆེའི་མཛད་ཆེན་བཞི་ནང་གི་གཅིག་ཡིན། རྒྱལ་བ་བྱམས་པ་འདུ་ཁང་གི་གཉིས་ཐོག་དུ་གཞུགས་ཡོད།མཐོ་ཚད་ལ་ཕལ་ཆེར་སྨིས་གཅིག་ལྷག་ཡོད། ཡར་བཞེངས་ཡེ་འདུག། འདུ་ཁང་གཅིག་མ་གཏོགས་མེད། ཨ་ཁུ་24ཡོད།རྗེ་རིན་པོ་ཆེ་ཞབས་རྗེས་ཡང་མཇལ།

2023.7.20

མཁར་དམར་སྟེང་དགོན་ནི་ཟངས་རི་རྫོང་ཐོག་དུ་ཡོད།དགོན་པ་ཆུང་ཆུང་ཞིག་ཡིན།གྲྭ་བ་10མ་གཏོགས་མེད།འདུ་ཁང་ནང་དུ་རྗེས་ཡབ་སྲས་གསུམ་དང་ཤཱཀྱ་ཐུབ་པ་མཁའ་འགྲོ་ཡི་ཤེས་མཚོ་རྒྱལ།རྗེ་བཙན་འཕགས་མ་སྒྲོལ་མ།མ་ཅིག་ལབ་གྱི་སྒྲོལ་མ་བཞུགས།གནས་འདི་ནི་མ་ཅིག་ལབ་སྒྲོན་གྱི་གདན་ས་ཡིན།འདུ་ཁང་ནང་དུ་མ་ཅིག་ལབ་སྒྲོན་གྱི་ཞབས་ཕྱག་རང་བྱོན།གླང་ལུང་དགོན་ཤུལ་ནས་གདན་དྲངས་པའི་མ་ཅིག་ལབ་སྒྲོན་གྱི་པདྨའི་རང་བྱོན་ཡོད།རྡོ་ཡི་བརྒྱ་བཀོང་ནི་ཨེ་ཆུང་གླང་ལུང་ནས་གདན་དྲངས་པའི་རྡོ་ཡི་བརྒྱ་བཀོང་འདི་ཐོག་མར་མ་ཅིག་ལབ་སྒྲོན་གྱི་སྐུ་གདུང་ལ་མར་མཆོད་འབུལ་ས་དང་།དེ་རྗེས་གདུང་རྟེན་མཆོད་རྟེན་གྱི་གཟུགས་སུ་བཞུགས་ཡོད།གྲུབ་མཐའ་ནི་དགེ་ལུགས་པ་ཡིན།

2023.7.21

དེ་ནས་འཆད་དཀར་ཆོས་སྡེ་དགོན་ལ་ཐོན།མཚན་ཡོངས་དུང་དཀར་གནས་མཆོག་འཆད་དཀར་བཀྲ་ཤིས་རབ་བརྟན་དགོན་ཟེར།དགོན་པ་ཕྱག་འདེབ་མཁན་ནི་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ཡིན།འདུ་ཁང་ནང་གི་རྟེན་གཙོ་བོ་ནི་སངས་རྒྱས་མར་མེ་མཛད།རྒྱལ་བ་བྱམས་པ།ཤཱཀྱ་ཐུབ་པ།རྗེས་ཡབ་སྲས་གསུམ་གཞུགས།གེ་སེར་ཀྱི་རལ་གྲི་ཡིན་ཟེར་བའི་གྲི་ཆེན་པོ་ཞིག་ཅིང་འདུག།གཉིས་ཐོག་ན་ཟངས་ལས་གྲུབ་པའི་སྒྲོལ་མ་ཉེར་གཅིག་གཞུགས།གྲུབ་མཐའ་ནི་དགེ་ལུགས་བ་ཡིན།གྲྭ་བ7གཞུགས།

2023.7.21

གདན་ས་མཐིལ་དགོན་ནི་རི་རྩེ་དུ་ཆགས་ཡོད།ཕག་མོ་གྲུ་བའི་གདན་ས་ཡིན་ལ།ཕག་གྲུ་བཀའ་བརྒྱུད་གྱི་མ་དགོན་ཡང་ཡིན།འདུ་ཁང་ནང་དུ་རྟེན་གཙོ་བོ་རྒྱལ་བ་ཤཱཀྱ་ཐུབ་པ་ཡིན།མར་བ་ལོ་ཙ་བ།རྗེ་བཙུན་མི་ལ་རས་པ་མཉམ་མེད་དྭགས་པོ་ལྷ་རྗེ་གསུམ་གྱི་སྐུ་བརྙན་ཆེན་པོ་བཞེངས་འདུག།ཕག་གྲུ་བས་བོད་ཀྱི་སྲིད་དབང་བཟུང་མྱུང་། ཕག་གྲུ་རྡོ་རྗེ་རྒྱལ་བའི་བླ་མ་མཉམ་མེད་དྭགས་པོ་པ་ཡིན།མཉམ་མེད་དྭགས་པོ་བའི་བླ་མ་མི་ལ་རས་པ་ཡིན།རྗེ་བཙན་མི་ལ་རས་པའི་བླ་མ་མར་བ་ལོ་ཙ་བ་ཡིན།མར་བ་ལོ་ཙ་བའི་བླ་མ་ནི་ན་རོ་བ་ཡིན།ན་རོ་བའི་བླ་མ་ནི་དེ་ལོ་བ་རེད།དེ་ལོ་བའི་བླ་མ་ནི་མེ་དྲི་བ་ཡིན།མེ་དྲི་བའི་བླ་མ་རྡོ་རྗེ་འཆང་ཡིན།རྡོ་རྗེ་འཆང་གིས་ཁོང་ལ་རྨི་ལམ་དུ་ཆོས་གསུངས་ཟེར།འདུ་ཁང་ཧ་ཅང་ཆེན་པོ་ཞིག་ཡིན།སྔོན་མ་གྲྭ་བ་20000ལྷག་གཞུགས་ཟེར།དགོན་པ་འདི་ལོ་ངོ800ལྷག་གི་ལོ་རྒྱུསཡོད།དགོན་པའི་་རྒྱབ་རི་དང་གཡས་གཡོན་ན་ནགས་ཚལ་དང་ཤུག་སྡོང་གིས་བཀང་ཡོད།ཆུ་བོ་ཆུང་ཆུང་ཞིག་ཀྱང་གཞུར་གྱིན་འདུག།གཞུང་ལམ་གྱག་གྱོག་ཡིན་པ་དང་དོགས་མོ་ཡང་ཡིན།དགོན་པ་འདི་ན་དྲ་མེད།ཁ་པར་རྩེ་མི་ཐུབ།ཨ་ཁུ་ཚོས་ཕལ་ཆར་ཉིན་རེ་ལ་དཔེ་ཆ་ལྟ་བ་དང་སློབ་སྦྱོང་བྱས་ནས་བསྡད་པ་ཡིན།འདི་ནི་དཔེ་ཆ་ལྟ་སའི་གནས་བཟང་བོ་ཞིག་རེད།

2023.7.21

ང་ཚོ་ལྷ་ས་ནས་འབྲི་གུང་མཐིལ་ལ་སོང་།དུས་ཚོད་10ཐོག་ནས་ཐོན།འབྲི་གུང་མཐིལ་དགོན་ནི་རི་ངོས་ན་ཆགས་ཡོད།དགོན་པ་ཧ་ཅང་ཆེན་པོ་ཞིག་ཡིན།གྲྭ་བ200ལྷག་གཞུགས།དགོན་པ་འདི་ཕྱག་འདབས་པ་པོ་ནི་སྐྱོབ་པ་འཇིག་རྟེན་མགོན་པོ་ཡིན།ཁོང་ནི་ཕག་གྲུ་རྡོ་རྗེ་རྒྱལ་བོའི་ཐུགས་སྲས་ཡིན།འདུ་ཁང་གི་རྟེན་གཙོ་ནི་ཤཱཀྱ་ཐུབ་པ།སྐྱོབ་པ་འཇིག་རྟེན་མགོན་པོ།སློབ་དཔོན་པདྨ་འབྱུང་གནས་ཡིན།གནས་རྟེན་བཅུ་དྲུག་གི་སྐུ་བརྙན་ཆེན་པོ་ཡོད།སྐྱོབ་པ་འཇིག་རྟེན་མགོན་པོ་གྱི་སྐུ་གདུང་གི་མཐོ་ཚད་ལ་ཁང་བརྩེགས་གསུམ་ཡོད།དགོན་པའི་རྒྱབ་རི་ནགས་ཚད་གྱིས་འཐིབ་ཡོད།དགོན་པ་ཧ་ཅང་སྐྱིད།ང་ཚོས་མང་ཇ་བཀོལ་ནས་ཨ་ཁུས་འབྲི་གུང་བཀའ་བརྒྱུད་ཀྱི་སྐྱབས་འགྲོའི་ཚོགས་ཞིང་གི་དཔེ་ཆ་གནང་།དགོན་པ་འདི་གདན་ས་མཐིལ་གྱི་དགོན་ལག་ཡིན།དེ་ནས་ཉིན་གུང་ལ་ཐོན་ནས་ང་ཚོ་ཟ་ཁང་ཞིག་ནས་ཟ་མ་ཟོས།

་་་་ 2023.7.23

གཡའ་མ་རི་དགོན་ནི་རི་རྩ་ན་ཆགས་ཡོད།གྲྭ་བ་69གཞུགས།འདུ་ཁང་དང་མགོན་ཁང་ཡོད།འདི་ཁང་རྟེན་གཙོ་བོ་ནི་རྒྱལ་བ་བྱམས་པ།ཚེ་དབག་མེད།སྐྱོབ་པ་འཇིག་རྟེན་མགོན་པོ་ཡིན།འབྲི་གུང་མཐིལ་དགོན།གཏེར་སྒྲོམ་དགོན།གཡའ་མ་རི་དགོན་རྣམས་གྱི་བསྟན་སྲུང་གཙོ་བོ་ཨ་ཕྱི་ཆོས་སྒྲོན།མགོན་པོ་ཕྱག་བཞི་བ།ཙེའུ་དམར་ཡིན།མགོན་ཁང་ནང་དུ་བུད་མོ་སོང་མི་ཆོག།

2023.7.23

ཡང་རི་སྒར་དགོན་ནི་གཞུང་ལམ་གྱི་གཡས་ཕྱོགས་སུ་ཡོད།ར་སྐོར་ཆེན་པའི་དཀྱིལ་ན་འདུ་ཁང་ཆེན་པོ་ཞིག་ཡོད།མཐའ་སྐོར་དུ་གྲྭ་བ་འདུག་ས་ཁང་བ་གཉིས་བརྩེགས་ཅན་གྱི་བསྐོར་ཡོད།འདུ་ཁང་རྟེན་གཙོ་ནི་སྟོན་པ་ཤཱཀྱ་ཐུབ་པ་ཡིན།གྲུབ་མཐའ་ནི་བཀའ་བརྒྱུད་ཡིན།

2023.7.23

རྫོང་རྩེ་དགོན་ནི་རི་རྩེ་ན་ཆགས་ཡོད་ལ།མདུན་དུ་མཚོ་ཆུང་ཞིག་ཀྱང་ཡོད།རྒྱབ་རི་ནགས་གྱི་བཀང་ཡོད།དགོན་པའི་སྒོ་ཁ་ན་ཁྱི་ཆེན་པོ་ཞིག་ཡོད་པའི་ང་ཚོ་སྐྲག་ནས་ནང་དུ་འགྲོ་མ་ཐུབ།ཅུང་ཙམ་ང་ཚོ་ཨ་ཁུ་ཞིག་མཐོང་ནས་ང་ཚོ་ནང་དུ་སོང་།འདུ་ཁང་ནང་གི་རྟེན་གཙོ་ནི་སྟོན་པ་ཤཱཀྱ་ཐུབ་པ་ཡིན།གྲྭ་བ་30ལྷག་གཞུགས།གྲུབ་མཐའ་འབྲི་གུང་བཀའ་བརྒྱུད་ཡིན།

2023.7.23

ཆོས་ལུང་དགོན་ནི་བཙུན་མའི་དགོན་ནི་བྲག་གཉིས་ཀྱི་བར་ན་ཆགས་ཡོད།འདུ་ཁང་ནང་གི་རྟེན་གཙོ་ནི་སློབ་དཔོན་པདྨ་འབྱུང་གནས་ཡིན།བཙུན་མ100ལྷག་ཡོད།འདུ་ཁང་འགྲམ་དུ་ཆུ་ཕྲན་ཆུང་ཆུང་ཞིག་ཡོད།དགོན་པ་ཧ་ཅང་སྐྱིད་པོ་ཞིག་ཡིན།གྲུབ་མཐའ་རྙིང་མ་ཡིན།

2023.7.23

ཀ་ཚལ་དགོན་ནི་མལ་གྲོ་གོང་དཀར་རྫོང་ན་ཡོད།འདུ་ཁང་དང་མཆོད་རྟེན་ཆེན་པོ་ལྔ་ཡོད།འདུ་ཁང་ནང་གི་རྟེན་གཙོ་ནི་སྟོན་པ་ཤཱཀྱ་ཐུབ་པ་ཡིན།ངག་རྒྱུན་ལྟར་ན་སྲོང་བཙན་སྒམ་པོས་བཏབ་པའི་དགོན་པ་ཞིག་ཡིན་ཟེར།གྲྭ་བ60ཡོད།གྲུབ་མཐའ་ནི་བཀའ་བརྒྱུད་པ་ཡིན།

2023.7.23

སྔ་མོ་ལངས་ནས་ཆར་བ་ཞག་ཞག་དུ་འབབ་བཞིན་ཡོད།ང་ཚོ་ཆར་བ་དང་མཉམ་དུ་ཕ་བོང་ཁ་ལ་སོང་།ཕ་བོང་ཁ་ནི་བོད་གྱི་ཡི་གེ་གསར་བཟོ་མཛད་ས་ཡིན་ལ།མཛད་པ་པོ་ནི་སློབ་དཔོན་ཐོན་མི་སམྦྷོ་ཊ་ཡིན།ཕ་བོང་ཆེན་པོ་བྲག་ཁུང་ནང་དུ་དུ་དྲགས་ནག་པོ་ཆགས་ཡོད།ལྷ་མོ་རང་བྱུང་ཡང་ཡོད།ཡ་མཚན་པ་ཞིག་ལ་མིས་བཟོས་བའི་ཁང་བ་ཞིག་ཀྱང་མཚུངས། ཕ་བོང་ཆེན་པོ་དེ་སྟེང་དུ་ལྷ་ཁང་གཉིས་ཐོག་ཞིག་བཞེངས་ཡོད།གཉིས་ཐོག་ན་རྟེན་གཙོ་སྤྱན་རས་གཟིགས་རྡོ་སྐུ་རང་བྱུང་ཡོད་པ་དང་།གྲྭ་བའི་ཚོགས་འཚོགས་ས་་ཡིན།འོག་དུ་འགོན་ཁང་ཡོད།ལྷ་ཁང་རྩི་དཀར་པོ་ཅན་ཞིག་ཡིན།དེའི་མདུན་དུ་རྗེ་ཙོང་ཁ་བས་ཐོག་མར་ཐེག་ཆེན་གསོ་སྦྱོང་བཞེས་སའི་སྒྲུབ་ཕུག་ཡིན།།དེའི་སྟེང་དུ་རྩི་སེར་པོ་གྱི་ལྷ་ཁང་ཞིག་ཡོད།དེ་ནང་དུ་རྗེ་རིན་པོ་ཆེ་དང་དཔའ་ལྡན་ལྷ་མོ་གཞུགས་ཡོད།དེ་གཡས་སུ་ལྷ་ཁང་རྩི་དམར་པོ་ཅན་ཞིག་ཡོད།དེ་ནང་དུ་སྔགས་ཆངས་རིན་པོ་ཆེ་སྐུ་གདུང་ཡོད།ཞོལ་དུ་ལྷ་ཁང་ཞིག་ཡོད་པ་ནང་དུ་རྗེས་ཡབ་སྲས་གསུམ་གྱི་སྐུ་བརྙན་ཆེན་པོ་ཞིག་ཡོད།རྡོ་ཡིས་བཞེངས་བའི་མཆོད་རྟེན་ཆེ་ཆུང་50ལྷག་ཡོད།ཕ་བོང་ཁ་ནས་བལྟས་ན་པོ་ཏ་ལ་རིག་འདུག།ཆར་བ་ད་དུང་ཞག་ཞག་ཏུ་འབབ་བཞིན་ཡོད།ངས་ཆར་བའི་ནང་དུ་ཐོབ་མི་ཐོན་མི་སམྦྷོ་ཊ་དྲན་གྱིན་ཡོད།ཁྱི་དེ་ཚོ་ཡང་ཆར་བའི་ནང་དུ་ཡར་རྒྱུགས་མར་རྒྱུགས་བྱེད་བཞིན་ཡོད།

2023.7.24

ཕ་བོང་ཁའི་གཡས་ཕྱོགས་ན་ཆོས་བཟང་བཙུན་མའི་དགོན་ཡོད།བཙུན་མ100ལྷག་ཡོད།འདུ་ཁང་ནང་གི་རྟེན་གཙོ་ནི་རྗེས་ཡབ་སྲས་གསུམ་དང་སྟོན་པ་ཤཱཀྱ་ཐུབ་པ།རྒྱལ་བ་བྱམས་པ།མར་མེ་མཛད་སོགས་སྐུ་བརྙན་ཆེན་པོ་ཡོད།གྲུབ་མཐའ་དགེ་ལུགས་པ་ཡིན།དེ་ནས་ཡང་པོ་ཏ་ལ་མཐོང་ཡེ་འདུག།ཆར་བ་ད་དུང་ཞག་ཞག་ཏུ་འབབ་བཞིན་ཡོད།ཁྱི་ཚོ་ཡང་ཆར་བ་ནང་དུ་རྩེ་མོ་རྩེས་བཞིན་ཡོད།

2023.7.24

གར་རི་དགོན་ནི་བཙུན་མའི་དགོན་ཞིག་ཡིན།པོ་ཏ་ལའི་བྱང་ཕྱོགས་སུ་རི་སྐེད་ན་ཡོད།ཨ་ནེ་100ལྷག་གཞུགས།འདུ་ཁང་ཆུང་ཆུང་ཞིག་ཡིན།རྟེན་གཙོ་ནི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཡིན།གྲུབ་མཐའ་དགེ་ལུགས་པ་ཡིན།དགོན་པའི་ནང་དུ་ཁྱི་མང་པོ་ཡོད།ང་ཚོ་ཐོན་དུས་ཨ་ནེ་ཚོས་གུང་ཚིགས་བཞེས་གྱི་ཡོད།ཚོད་མ་སྣ་ག་མང་པོ་ཡོད།ངའི་ཕོ་བ་ལྟོགས་ནས་ཟ་ན་འདོད། ཨ་ཕས་བཤད་ན་ཟ་མི་ཉན་དཀོར་རེད་ཟེར། ད་ཟ་མ་ཐུབ་པས་ཟ་ཁང་ཞིག་བཙལ། ད་ཆར་བ་ཡང་མཚམས་ཆད་ཡོད།

2023.7.24

微信图片_20230927125959.jpg

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།