ལྷ་དཀར་བོ་བྱམས་པ་རང་སྐྱེ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-09-22 23:35:27     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  



     དེ་རིང་ལྷ་དཀར་བོ་མཇལ་དུ་སོང་།  ལྷ་དཀར་བོ་ནི་ཁྲི་ཀའི་བྱིན་རླབས་ཅན་གྱི་རྟེན་བཞིའི་གྲས་ཡིན་ལ།ཁྲི་ཀ་རྫོང་སྲིད་གཞུང་ནས་ཤར་བྱང་གི་ཕྱོགས་སུ་སྤྱི་ལེ་བཅུ་གཅིག་གི་ས་སྟེ། ཧི་ཏུང་ཞང་ཚྭ་ཏ་སྡེ་བ་ནས་ཤར་བྱང་དུ་སྤྱི་ལེ་གཅིག་གི་སའི་རྨ་ཆུའི་ཉེ་སའི་ཐང་ཆུང་སྐེ་ཞེས་པར་བཞེངས་ཡོད།

    ལྷ་ཁང་གི་སྤྱིའི་རྒྱ་ཁྱོན་ལ་ས་མུའུ3.6དང་། བཟོ་བཀོད་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ780ཡོད། སྔར་ནས་ད་ལྟའི་བར་གོང་བ་གྲྭ་ཚང་ཐོས་བསམ་དར་རྒྱས་གླིང་གིས་བདག་གཉེར་བྱེད་ཀྱིན་ཡོད།



    འདི་ལ་ཁྲི་ཀའི་ལྷ་དཀར་བོ་བྱམས་པ་རང་སྐྱེས་ཟེར་ཏེ། ལྷ་ཁང་བཞེངས་དུས་བྱམས་པའི་སྐུ་ཉིན་རེ་བཞིན་པས་སྐྱེས་པས་ཤིང་བཟོ་ཐབས་ཟད་དེ། ཉིན་ཞིག་ཤིང་བཟོས་ཤིང་གི་ལྷམ་ཞིག་བཟོས་ནས་དབུའི་སྟེང་དུ་བཞགས་པས་སྐྱེ་མཚམས་བཞག་སྐད།

 《མཚོ་ལྷོ་རི་ཆུའི་རིག་གནསསུ།མཚོ་སྔོན་ཞིང་ཆེན་གྱི་དཔེ་མཛོད་ཁང་དུ་ཉར་ཡོད་པའི་ཀྲུང་ཧྭ་མེན་གོ་སྐབས་ཀྱི་ཁྲི་ཀའི་རྫོང་རབས་བསྡུས་དེབཅེས་པར། མིང་རྒྱལ་རབས་ཀྱི་ཧུང་ཝུའུ་ཁྲི་ལོ་གཉིས་པ་སྟེ་སྤྱི་ལོ་1369ལོར་རྡོ་སྐུ་ས་ཁར་བུད་ནས་རིམ་བཞིན་སྤྱི་ཁྲེ་གསུམ་ལྷག་གི་མཚམས་སུ་ཡར་སྐྱེས་པ་ན། བཟོ་བོ་མངགས་ནས་ལྷ་ཁང་བཞེངས། ཕྱི་ཉིན་ལྟ་དུས་རྡོ་སྐུ་སྐྱེས་ནས་ལྷ་ཁང་གི་ཡང་ཐོག་ཏུ་བུད་འདུག་པས། བཟོ་བོ་ཁྲོས་ཏེ་སྟ་རེས་རྡོ་སྐུའི་དབུ་ལ་བསྣུན་པས་སྐྱེ་མཚམས་བཞག་ཅེས་ཅེ་ཁྲིན་ལེན(解成林)ཟེར་བས་བརྩམས་པའིཁྲི་ཀའི་རིག་གནས་ལོ་རྒྱུས་དཔྱད་ཡིགལས།བཀོད་ཡོད་ཟེར་ཏེ། ངས་དཔེ་ཆ་དེ་མཐོང་མ་མྱོང་།

    མདོ་སྨད་ཆོས་འབྱུང་ལས།རྨ་ཆུ་བརྒྱུད་ནས་རེ་ཞིག་ན་ལྷ་དཀར་པོ་བྱ་བ་ཡོད་ལ།འདིར་ཕ་བོང་དཀར་པོ་ཞིག་ཡོད་པར་དགེ་སློང་ཆོས་གོས་རྣམ་གསུམ་གྱོན་པ་ཞིག་ཐིམ་པ་ཕྱུགས་རྫི་འགས་མཐོང་ཟེར་བ་དང་།རྗེ་སྐལ་ལྡན་གྱིས་ཕ་བོང་ལ་བྱམས་སྐུ་རང་བྱོན་ཡོད་པར་གསུངས།ཞེས་གསུངས།

    དེ་ནི་ཤར་སྐལ་ལྡན་རྒྱ་མཚོའི་ཨ་མདོའི་ཕྱོགས་སུ་བསྟན་པ་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་པ་ལས། ཁྲི་གའི་ལྷ་དཀར་པོ་བྱ་བའི་བྱམས་སྐུ་འདིའི་ཐུགས་རྟེན་ལ་ཕ་བོང་གཅིག་ལ་བྱམས་སྐུ་རང་བྱོན་དུ་ཕེབས་པ་བཞུགས། ཞེས་གསུངས་ཡོད་པ་དེ་ཡིན།



    ལྷ་ཁང་འདི་སྔོན་གྱི་དམ་པ་དག་གི་རྣམ་ཐར་ནའང་གསལ་ཞིང་གྲགས་པ་ཆེ། ངེད་ཅག་རླངས་འཁོར་ལས་དེར་ཆས་ཤིང་། རྨ་འགྲམ་གྱི་ལམ་འགྲམ་ཁྲི་ཀའི་ལྷ་དཀར་བོ་ཞེས་བྲིས་པའི་ཕ་བོང་དེའི་འགྲམ་གྱི་ལམ་དེད་ནས་ཡར་ཅུང་སོང་དུས་ལྷ་ཁང་ཉམས་དགའ་བ་ར་སྐོར་དང་བཅས་བཞུགས་པ་མཐོང་།

    དཀོར་གཉེར་ཨ་ཁུ་འཕྲིན་ལས་ཟེར།ཁོང་མེ་ལོང་དགོན་པའི་གྲྭ་བ་ཡིན་ཞིང་། ཇོ་ཁང་ནས་འདིར་ཡོང་བ་ཡིན་ཟེར།

    ཁོང་གིས་རྟེན་བཤད་གནང་། བྱམས་པའི་སྐུ་འདི་སྔོན་གྱི་ཕ་བོང་གི་སྙིང་བོར་བྱས་ནས་བཞེངས་ཤིང་། ཕ་བོང་ཆེན་པོ་དེ་ཁྲིའི་ཡན་ལ་སླེབས་པ་ཞིག་ཡིན་ཟེར། ཕ་བོང་དེ་ནི་དགེ་སློང་ཆོས་གོས་ཅན་ཐིམ་པའི་ཕ་བོང་དེ་ཡིན་ལ། འདིའི་རྟེན་གྱི་སྙིང་བོའང་ཡིན་ཟེར།

    ཕ་བོང་དེ་ག་འདྲ་ཞིག་ཡིན་ནམ། ང་ཚོའི་ཡིད་ལ་དབང་མེད་དུ་ཤར་བ་ནི་ཕ་བོང་དེ་རེད།

    ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་རྣམ་ཐར་ལས། རྡོ་དཀར་བོ་ཆེན་པོ་ཨོཾ་ཨཱ་ཧཱུཾ་རང་བྱོན་དུ་ཡོད་ཅིང་མཚན་མོ་འོད་ཟེར་འཕྲོ་བ་ཞིག་ནང་རྟེན་དུ་བྱས་ནས་བཞེངས་པའི་བྱམས་སྐུ་ཆེན་མོ་ད་ལྟ་ལྷ་དཀར་བོ་ཞེས་ཡོངས་སུ་གྲགས་པ་དང་འདིའི་ལོ་རྒྱུས་འགའ་ཞིག་ཏུ་བྱམས་སྐུ་རང་བྱོན་དུ་ཡོད་པར་གསུངས་ཡང་ཞིག་གསོས་ཀྱི་ཚེ་ཡི་གེ་གསུམ་ཨོཾ་ཨཱ་གཉིས་གསལ་ལ་ཧཱུཾ་མི་གསལ་བ་ཞིག་འདུག་ཅེས་ཡུལ་མི་རྣམས་གླེང་།ཞེས་གསུངས།དེ་ནི་ཡུལ་མི་རྣམས་ཀྱིས་མཐོང་བ་ལྟར་བྲིས་པ་ཞིག་ཡིན་ངེས།

    མདོ་སྨད་ཆོས་འབྱུང་ལས་ཀྱང་དེ་བཞིན་གསུངས་ཏེ། དེ་ནང་བཞུགས་ཀྱི་བྱམས་སྐུ་ལྷ་ཁང་བཅས་བཞེངས།འདི་ལ་ལྷ་རང་སྐྱེས་ཡང་ཟེར།ཕྱིས་སུ་མེ་སྐྱོན་བྱུང་བ་རྙེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཞིག་གསོས་དང་།ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་རབ་གནས་མཛད།དེ་དུས་ཕ་བོང་སྟེང་དུ་འབྲུ་གསུམ་རང་བྱོན་ཡོད་པ་མང་པོས་མཐོང་སྣང་།བྱམས་ཁང་གཉིས་ཡོད་པའི་གོང་མ་རྙིང་སྐྱོན་ཆེ་བ་དཔོན་སློབ་གསེར་ཁང་བས་རྟེན་བརྟེན་པ་གསར་དུ་བསྐྲུན་ཏེ་རྙེ་ཞལ་སྔ་ནས་ལ་རབ་གནས་གནང་བཅུག་གསུངས།



    ལྷ་ཁང་ཆེ་བས་མེ་དགྲ་བཞེས་ནའང་ལྷ་ཁང་ཆུང་བར་མེ་སྐྱོན་གྱི་གནོད་པ་མ་བྱུང་། ཡིན་ཡང་རྙིང་སྐྱོན་ཆེ་བས་རྗེ་གསེར་ཁང་བས1780-1848ཞིག་གསོ་བྱས་ཏེ་རྙེ་ཞལ་སྔ་ནས་རབ་གནས་མཛད།

    མེ་སྐྱོན་མ་བྱུང་བའི་སྔོན་འདིའི་གོང་དུ་བཞུགས་པ་འདྲ་སྟེ། འདིའི་གོང་དུ་ཞིང་ཚིགས་ཤིག་ཏུ་སྔོན་གྱི་སྐུ་བུད།གཟུངས་གཞུག་སོགས་དུམ་བུ་འགའ་རེ་ཡོད།བུད་མ་ཐག་ཏུ་སྐུའི་རྣམ་པར་བལྟས་ན་རྗེ་རིན་པོ་ཆེ་ཡིན་པ་འདྲ། སྲོག་ཤིང་དང་བཅས་པ་བཞུགས་ཟེར། སྔོན་ཆད་ལྷ་ཁང་གོང་མ་གོང་ནས་ད་ལྟའི་འདིར་སྤོར་བ་ཡིན་པའི་ངག་སྒྲོས་ཡོད་མོད། ལ་ལ་དོགས་པ་ཟ་སྐད།


    སྐུ་འདི་བུད་རྗེས་ཚྭ་ཏ་སྡེ་བའི་ལོ་ལོན་ཚོར་དྲིས་དུས་སྔོན་འདིར་གྱང་ཤུལ་ཡོད་སྐད།སྔོན་རྗེ་གསེར་ཁང་བའི་གཤམ་དུ་སྤོར་བ་ཡིན་ཟེར།ངེད་ཅག་ཆེད་དུ་དེར་སོང་ནས་ལྟ་དུས་སྐུའི་རྣམ་པ་ཆར་ཆུས་ཞིག་ནས་མི་མངོན་མོད། སའི་མདོག་མི་འདྲ་བ་མངོན་པར་གསལ།


ང་ཚོས་སྔོན་གྱི་རྣམ་ཐར་ལ་བལྟས་ན་རྗེ་གསེར་ཁང་བའི་ཐུགས་བཀོད་བཞིན་རྙེ་བསྟན་པའི་རྒྱལ་མཚན་གྱིས་བཞེངས་པ་ཤེས་ཏེ། རྙེ་བསྟན་པའི་རྒྱལ་མཚན་གྱི་1802-1849རྣམ་ཐར་ལས།༧སྐྱབས་མགོན་རྡོ་རྗེ་འཆང་གི་གསུང་བཞིན།༧རྗེ་འདིས་ལྷ་དཀར་བོའི་བྱམས་ཁང་གསར་བཞེངས་ཀྱི་གཞི་འདིངས་པའི་ཐོག་མར་རི་ཁྲོད་པ་འགའ་ཞིག་གིས་བཀྲ་ཤིས་གསོ་སྦྱོང་མཛད།དེ་ནས་ལས་འགོ་བརྩམས་ཏེ་མཇུག་ལེགས་པར་གྲུབ།སྟོན་འཇུག༧སྐྱབས་མགོན་རྡོ་རྗེ་འཆང་གཞན་དོན་དུ་དགོངས་པའི་གཏམ་གསན་ཚེ།གངས་ཅན་སྤྱི་དང་།ཁྱད་པར་མདོ་སྨད་ཀྱི་བསྟན་འགྲོའི་ཕན་བདེ༧རྗེ་འདི་ཉིད་ཀྱི་བཀའ་དྲིན་ཁོ་ན་ལ་རག་ལས་པས།ཞི་བར་གཞོལ་བ་དེ་ཤིན་ཏུ་མ་ལེགས་ཞེས་ཡང་ཡང་གསུངས་ཤིང་ཐུགས་སྐྱོ་བའི་རྣམ་པས་བཞེས་པ་ཡང་འགགས།ཞེས་གསུངས།

སྐྱབས་མགོན་རྡོ་རྗེ་འཆང་ནི་རྗེ་གསེར་ཁང་བ་སྟེ།ཁོང་གི་རྣམ་ཐར་ལས། ཁྲི་ཀའི་དཀར་བོ་ལྷ་ཁང་ཉམས་ཆེ་བས། །དངོས་པོ་གནང་ཐོག་ལྷ་ཁང་གསར་བསྐྲུན་བྱས། །མགོན་པོའི་གཏོར་སྒྲུབ་ཆོས་རྒྱལ་བསྐང་འཕྲིན་བྱས། ། ཞེས་གསུངས། བྱམས་སྐུ་གྲུབ་པའི་ལོ་དེའི་སྟོན་ཁར་གསེར་ཁང་བ་གཤེགས་པར་གསུངས་པས་༡༨༤༨ལོ་ཡིན་ངེས།

ལྷ་ཁང་ཆེ་ཆུང་གཉིས་ཡོད་པའི་ཆེ་བའི་ནང་རྟེན་དུ། ཕ་བོང་དཀར་པོ་ཞིག་ལ་དགེ་སློང་གོས་གྱོན་པ་ཞིག་ཐིམ་པའི་སྟེང་དུ་ཡིག་འབྲུ་གསུམ་རང་བྱོན་དུ་ཡོད་པ་ནང་བཞུགས་ཀྱི་བྱམས་སྐུ་ཆེ་བ་ཡིན་ལ། ལྷ་ཁང་ཆུང་བའི་ནང་དུ་བྱམས་པ་ཆུ་གཟིགས་མར་གྲགས་པ་བཞུགས། ལྷ་ཁང་ཆེ་བས་འཇིགས་བྱེད་ལྷ་བཅུ་གསུམ་མ། མགོན་ཆོས་ལྷ་གསུམ། རྗེ་བླ་མ་དང་། རྗེ་གསེར་ཁང་པའི་སྐུ་བརྙན། གནས་བརྟན་བཅུ་དྲུག་དང་ཞིང་བཀོད་བཅས་བཞེངས།

 ང་བརྒྱད་དང་རིག་གསར་གྱི་རླུང་འཚུབ་ཁྲོད་མིང་གི་ལྷག་མ་ཙམ་དུ་གྱུར།

1991ལོར་ཚ་ཏ་རིན་ཆེན་གྱིས་མགོ་བཟུང་ནས་ཡུལ་འདིའི་མང་ཚོགས་ཀྱིས་ལྷ་ཁང་བསྐྱར་བཞེངས་བྱེད་སྐབས། ཞིག་རལ་དུ་གྱུར་པའི་སྔར་གྱི་བཞུགས་གནས་དེ་རུ་ཕ་བོང་དཀར་བོ་ཆེན་པོ་ས་ཁར་སྤྱི་ཁྲི་གཅིག་ལྷག་བུད་འདུག་པ་དང་། ཞེང་ལ་སྤྱི་ཁྲེ1.5ཙམ་མཆིས་ཤིང་དབྱིབས་ཅུང་ཟད་གྲུ་བཞིར་རེད་ཟེར། བྱམས་ཁང་བྱིན་ཅན་ཕ་བོང་ནང་བཞུགས་ཀྱི་བྱམས་པ་ཁྲུ་ཉེར་ལྔ་ཅན་སྔོན་གྱི་ལྷ་ཁང་ཇི་ལྟ་བ་བཞིན་དང་། སྨན་འདམ་ལས་གྲུབ་པའི་རྒྱལ་བ་ཙོང་ཁ་པ། གཡོན་དུ་རྗེ་གསེར་ཁང་པའི་སྐུ་འདྲ་མི་ཚད་ཙམ། བྱམས་ཁང་ཆུང་བར་བྱམས་པ་ཆུ་གཟིགས་མ་དང་བཅས་པ། བྱམས་ཁང་ཆེན་མོའི་མཐའ་སྐོར་དུ་མ་ཎི་འཁོར་ལོ་སྔོན་ལས་ལྷག་པ་བཞེངས།

ངེད་ཅག་ལྷ་ཁང་ཆུང་བའི་སྒོ་ཁར་སླེབས་དུས་དཀོར་གཉེར་འཕྲིན་ལས་ཀྱང་བྱམས་ཁང་ཉེ་འགྲམ་གྱི་ཁང་མིག་ཆུང་ངུ་ཞིག་བསྟན་ནས་འདི་རྗེ་གསེར་ཁང་པའི་གཟིམ་ཁང་ཡིན་ཟེར།

ངས་གསར་དུ་བཞེངས་པ་ཡིན་སྙམ་མོད། ཁོང་གིས་འདི་སྔོན་ཆད་ཀྱི་གཟིམ་ཁང་ཡིན། དུས་འགྱུར་སྐབས་བཤིགས་ནས་ཚྭ་ཏ་སྡེ་བར་འཁྱེར་ནས་ཕུབ་སྟེ་རྩྭ་ཁང་བྱས། དགོན་པ་འདི་སླར་གསོ་བྱེད་དུས་ཕྱིར་གདན་དྲངས་ནས་སྔོན་གྱི་ཤུལ་དུ་ཇི་ལྟ་བུར་བཞེངས་ཟེར། གནམ་ཤིང་ལས་གཞན་ཚང་མ་སྔོན་གྱི་གཟིམ་ཁང་གི་ཤིང་ཆ་ཇི་བཞིན་ཡིན་ཟེར།

ཧ་ལས་ཤིང་དགའ་ཞིང་སྨྲེང་བར་གྱུར། ཚང་མས་ཤེས་གསལ་ལྟར་རྗེ་གསེར་ཁང་བ་ནི་མདོ་སྨད་ཀྱི་སྒྲུབ་པའི་རྒྱལ་མཚན་འཛིན་པའི་རྣལ་འབྱོར་བ་ཞིག་ཡིན།

མདོ་སྨད་ཨ་རིག་ཆུ་སྟོད་དུ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱི(༡༧༨༠)ལོར་སྐུ་འཁྲུངས།དགུང་ལོ་བཅུ་གསུམ་ནས་རྭ་རྒྱའི་ཆོས་གྲྭར་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་སྦྱངས།ཤིང་བཟའ་རྡོ་རྗེ་འཆང་སོགས་བསྟེན་ནས་མདོ་སྔགས་ཀྱི་དབང་ལུང་ཡོངས་རྫོགས་གསན། དགུང་ལོ་ཉེར་དྲུག་ནས་རྭ་རྒྱའི་ཉེ་འགྲམ་རྒོད་པོ་རྫོང་དང་། གསེར་ཁང་རྩེའི་སྒྲུབ་གནས་སོགས་སུ་ཉམས་བཞེས་མཛད། གསེར་ཁང་ལ་འདག་སྦྱར་གྱིས་ལོ་མཚམས་ཁ་ཤས་གནང་བས་གསེར་ཁང་བར་གྲགས། རོང་པོ་དགོན་ཆེན་ལ་མཚན་ཉིད་བཙུགས། ཙོང་ཆུ་བྱང་རྒྱུད་ཀྱི་དགོན་སྡེ་མཆོད་རྟེན་ཐང་དང་། དགོན་ལུང་། གསེར་ཁོག་སོགས་སུ་ཕེབས་ཏེ་དབང་ལུང་སོགས་ཆོས་སྦྱིན་རྒྱ་ཆེར་མཛད། སྤྱིར་རྗེ་ཉིད་ཀྱིས་འཇིགས་བྱེད་བསྙེན་ཆེན་ཐེངས་འགའ་ཤས་དང་། སྐུ་ཕྱག་འབུམ་སུམ་ཅུ་ཙམ་གཏོང་བ་གནང་། མདོ་སྨད་ལྷོ་བྱང་གི་བཤད་སྒྲུབ་ཀྱི་སྡེ་མང་པོར་ཞབས་ཀྱིས་བཅགས་ཏེ་ཐུབ་བསྟན་སྙིང་པོ་རྗེ་བླ་མའི་ལུགས་བཟང་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་མཛད་རྗེས་མཆོག་ཏུ་ཆེ།དགུང་ལོ་རེ་དགུ་ལ་ཕེབས་པ་རབ་བྱུང་བཞི་པའི་ས་སྤྲེལ(༡༨༤༨)ལོ་སྤང་ལུང་རི་ཁྲོད་དུ་སྐུ་གཤེགས།

ཁོང་གི་བསྙེན་གནས་ཀྱི་ཕྱག་ལེན་དང་སྨྱུང་གནས་ཀྱི་ཕྱག་ལེན་ངོས་གཙང་དེ་ད་དུང་མདོ་སྨད་ཀྱི་ཕྱོགས་སོ་སོར་བཞུགས། ཁོང་མི་ལ་རས་པ་དང་འགྲན་བཟོད་ཀྱང་།མི་ལ་རས་པའི་རྣམ་ཐར་འདྲ་བ་ཞིག་སུས་ཀྱང་འབྲི་ཐུབ་མེད་པ་ཤིན་ཏུ་ཕངས་ཆེ།ཁོང་གི་རྣམ་ཐར་དུ་མ་ཐོན་པའི་ངག་རྒྱུན་ཡ་མཚན་སྐོར་ཞིག་ད་དུང་དམངས་ཁྲོད་དུ་ཁྱབ།

ངེད་ཅག་ཕྱིར་ལོག་དུས་ཁྲི་ཞིག་གི་སྟེང་དུ་ཕ་མའི་དྲིན་ལན་ཞེས་པའི་སྐར་རྡོ་འདྲ་བ་ཞིག་ཡོད་པ་མཐོང་། འདི་ཅི་ཡིན་ཞེས་དྲིས་པར་འདི་འཁུར་ནས་སྐོར་བ་བརྒྱབས་ན་ཕ་མའི་དྲིན་ལན་སོལ་ཟེར།

སྔོན་གྱི་རྡོ་ནང་དུ་ཡོད་པའི་རྒྱ་ཡིག་ཡོད་པའི་རྡོ་ནག་པོ་དེ་ཡིན་མོད། དེ་ཀུན་དགའ་ར་བར་བཞུགས་ནས་དེའི་ཚབ་ཏུ་འདི་ཉིད་བཞག་པ་ཡིན།  རྡོ་དེ་ནི་1991ལོར་ལྷ་ཁང་བསྐྱར་བཞེངས་བྱེད་སྐབས་སྔར་གྱི་གནས་རྙིང་གི་ས་འོག་ནས་རྙེད་དེ། དེའི་སྟེང་དུ། མིང་རྒྱལ་རབས་ཀྱི་ཝན་ལི་ཁྲི་ལོ་ཉེར་གཅིག་པར་མགོ་བརྩམས་ཤིང་ཁྲི་ལོ་ཉེར་གསུམ་པར་མཇུག་སྒྲིལ(明万历二十一年起二十三年止)ཞེས་པའི་རྒྱ་ཡིག་འགའ་བརྐོས་འདུག

ངས་རྡོ་འདིའི་སྟེང་དུ་གཟུངས་སྔགས་དང་ཕ་མའི་མདོ་བརྐོས་ན་ལེགས་ཞེས་རེ་བ་བཏོན་པ་ཡིན། དེ་ལྟར་ན་རྡོ་ཙམ་མ་ཡིན་པར་རྒྱལ་བའི་བཀའ་དང་ལྡན་པ་ཡིན་པས་དོན་སྙིང་ཆེ་སྙམ།

སྐབས་འདིར་ང་ཚོས་རྗེ་བཙུན་བྱམས་པའི་སྐོར་ཅུང་ཟད་བསམ་པར་བྱ་སྟེ། བྱམས་མགོན་འདི་ཉིད་དགེ་སློང་བློ་གྲོས་བརྟན་པར་སྐྱེ་བ་བཞེས་པའི་ཚེ་དེ་བཞིན་གཤེགས་པ་རིན་ཆེན་གདུགས་ལ་བསྙེན་བཀུར་བྱས་ཤིང་སྲོག་ཆགས་གྲངས་མེད་མུ་མེད་པ་ཞིག་ལ་བྱམས་པའི་ཏིང་ངེ་འཛིན་བསྐྱེད་པར་མཛད། སེམས་ཅན་དག་གིས་ཁོང་གིས་ཞལ་མཐོང་བ་དང་། གསུང་ཐོས་པ་དང་ཕྱག་གིས་རེག་པ་དང་གང་དུ་ཞབས་བཞག་པའི་ས་དེ་དང་དེ་དག་ན་གནས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་བྱམས་པའི་ཏིང་ངེ་འཛིན་ལ་བཀོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་གྲགས། དེའི་ཚེ་དེ་བཞིན་གཤེགས་པ་རིན་ཆེན་གདུགས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ད་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ་བྱམས་པའི་མཚན་དང་ལྡན་པར་འགྱུར་ཞིང་། མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཡང་དེ་བཞིན་གཤེགས་པ་བྱམས་པ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ། །ཞེས་ལུང་བསྟན།

    དེ་ལ་རྒྱལ་ཚབ་ཟེར་དོན་ནི་སྟོན་པ་དགའ་ལྡན་དུ་སྐྱེ་བ་སྤྲུལ་སྐུའི་ཚུལ་བཟུང་སྟེ་ཞིང་འདིར་འབྱོན་པ་ལ་ཉེ་བའི་བར་དགའ་ལྡན་གྱི་ལྷ་རྣམས་ལ་ཆོས་བསྟན་ནས་འཛམ་བུའི་གླིང་དུ་འབྱོན་པ་ལ་ཉེ་བར་ཕྱོགས་པའི་ཚེ། རྗེ་བཙུན་བྱམས་པ་མགོན་པོ་ལ་པྲོག་ཞུ་བསྐོན་ནས་རྒྱལ་ཚབ་ཏུ་དབང་བསྐུར་བས། དེ་ནས་བཟུང་རྒྱལ་ཚབ་བྱམས་པ་མགོན་པོ་ཞེས་གྲགས།

    ཐུབ་པའི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་རིམ་གྱིས་རྫོགས་ནས་རྟགས་ཙམ་འཛིན་པ་ལོ་ལྔ་བརྒྱ་དང་།དེ་ཡང་ནུབ་སྟེ་ཕན་ཚུན་ལ་གཅིག་འཚེ་ཞིང་སྡིག་པ་ཁོ་ན་སྤྱོད་པས་ཚེ་ལོ་བཅུ་ལ་སླེབས། སེམས་ཅན་རྣམས་འཐབ་རྩོད་ཀྱིས་སྡུག་བསྔལ་ཞིང་ཉམ་ཐག་པར་གྱུར། དེའི་དུས་རྗེ་བཙུན་བྱམས་པའི་སྤྲུལ་པ་ཁྲུ་གང་བ་སྐུ་ལ་ཆོས་གོས་ངུར་སྨྲིག་གསོལ་བ། གཟི་བརྗིད་འབར་ཞིང་འོད་འཕྲོ་བ་ཞིག་བྱོན་ནས་ཀུན་ངོ་མཚར་ཏེ་འདི་ལྟ་བུ་ཅི་ལས་བྱུང་ཞེས་དྲིས་བས། སྤྲུལ་པའི་བྱམས་མགོན་དེས་ངས་བཟོད་པ་བསྒོམས་པས་འདི་ལྟར་བྱུང་བ་ཡིན། ཁྱེད་རྣམས་ཀྱང་འཐབ་རྩོད་སྤོངས་ལ་བཟོད་པ་བསྒོམ་ན་ང་དང་འདྲ་བར་འགྱུར་རོ། །ཞེས་གསུངས་པས། སེམས་ཅན་དེ་དག་གིས་བཟོད་པ་བསྒོམས་པས་ཚེ་ལོ་ཇེ་རིང་དུ་གྱུར་ཅིང་བདེ་སྐྱིད་ཀྱང་རྒྱས།

    ཚེ་ལོ་བརྒྱད་ཁྲི་པའི་དུས་སུ་ཐུབ་པའི་དབང་པོ་མྱ་ངན་ལས་འདའ་ཚུལ་བསྟན་པའི་ས་གྲོང་ཁྱེར་རྩྭ་ཅན་དུ་ཏོག་གེ་བློ་གྲོས་ཞེས་བྱ་བའི་རྒྱལ་པོའི་ཕོ་བྲང་འབྱུང་ལ།དེའི་བློན་པོ་ཆེན་པོ་བྲམ་ཟེ་ཚངས་རབ་དང་། དེ་ལ་བཙུན་མོ་ཚངས་ལྡན་མ་གཉིས་ཀྱི་སྲས་སུ་རྗེ་བཙུན་བྱམས་མགོན་དུས་དང་ཡུལ་དང་རིགས་དང་རུས་དང་ཡུམ་ལྔ་ལ་གཟིགས་ནས་དགའ་ལྡན་གྱི་གནས་ནས་བྱོན་ཏེ་ཡུམ་ཚངས་ལྡན་མ་ལས་སྐུ་བལྟམས།

    རྗེ་བཙུན་བྱམས་པ་བྲམ་ཟེ་དང་རྒྱལ་བུ་བཞི་སྟོང་བརྒྱད་ཅུ་དང་བཅས་ཏེ་རབ་ཏུ་བྱུང་ཞིང་རབ་ཏུ་བྱུང་བའི་ནུབ་མོ་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱས་ཤིང་ཆོས་འཁོར་བསྐོར། དགུང་ལོ་དྲུག་ཁྲིའི་བར་དུ་སེམས་ཅན་གྲངས་མེད་དཔག་ཏུ་མེད་བརྗོད་དུ་མེད་པ་སྨིན་དོན་མཛད་ཅིང་ཡོངས་སུ་མྱ་ངན་ལས་འདའ་སྟེ།སྐུ་གདུང་ནི་རིལ་པོ་གཅིག་ཏུ་བཞུགས་སོ། །

   དེ་བས་མ་འོངས་པའི་རྒྱལ་བའི་བྱམས་པའི་འཁོར་དུ་སྨོན་ལམ་འདེབས་ཤིང་བྱམས་པའི་ཆོས་ལ་ཐོས་བསམ་བྱེད་པ། རྗེ་བཙུན་བྱམས་པའི་སྐུ་བཞེངས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །

    དེ་ལྟར་བསམ་བཞིན་སྒོར་བུད་ནས་ས་བཀྲ་ལ་བལྟ་དུས་ཁོར་ཡུག་ཏུ་རྒྱལ་མཚན་དང་། གདུགས་ལྟ་བུའི་རི་ཡ་མཚན་འགའ་ཡོད་ཅིང་། གཡས་ཀྱི་རི་དེ་ནི་གླང་ཆེན་ཞིག་ཡིན་ཟེར། ཡི་གར་མི་འོང་བ་ཞིག་གི་གླང་ཆེན་སྣ་ཞགས་ཀྱི་སྟེང་དུ་འབུམ་ཁང་ཞིག་བཞེངས་འདུག དེ་ནི་ཚོགས་པ་ཞིག་གིས་བཞེངས་པ་ཡིན་སྐད།

    འདིར་ཤར་སྐལ་ལྡན་རྒྱ་མཚོ་དང་།རྗེ་གསེར་ཁང་བ།རྙེ་བསྟན་པའི་རྒྱལ་མཚན།ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ།ཡོངས་འཛིན་འཇིགས་མེད་རྒྱ་མཚོ་སོགས་མཇལ་བའི་ལོ་རྒྱུས་ཡོད་མོད། མིའི་སྲེད་པ་མེ་བཞིན་དུ་འབར་བཞིན་ཡོད་པས་གནས་འགངས་ཆེན་དག་ལ་ལག་བསྲིངས་པ་ལ་ཡ་ང་མི་འདུག  གནས་འགངས་ཆེན་དང་རྟེན་བྱིན་ཅན་གྱི་ཁོར་ཡུག་ཏུ་འབྲེལ་མེད་ཀྱི་རྟེན་བཞེངས་སུས་ཀྱང་མ་བྱས་ན་བཟང་སྙམ།

    ངེད་ཅག་རླངས་འཁོར་ལས་ཕྱིར་འགྲོ་བའི་ལམ་དུ་བཞུད། ལྷ་དཀར་བོའི་གནས་ཚུལ་དག་ཡིད་ལ་ཡང་ཡང་འཁོར་བྱུང་།

     ༢༠༢༣ལོའི་ཧོར་བརྒྱད་པའི་ཚེས་བདུན་གྱི་དགུང་མོར་ཁྲི་ཀའི་ཤམ་བྷ་ལའི་གཞིས་ཀར་བྲིས།

      ༢༠༢༣ལོའི་ཧོར་བརྒྱད་པའི་ཚེས་བཅུ་གསུམ་གྱི་དགུང་མོར་མང་རར་ཞུ་དག་བྱས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།