ཁྲི་ཀའི་འོལ་བུ་གདོང་སྣའི་ཐུགས་རྗེ་ཆེན་པོར་མཇལ་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-09-21 10:04:57     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

微信图片_20230922205519.jpg

དེ་རིང་གདོང་སྣའི་ཐུགས་རྗེ་ཆེན་པོར་མཇལ་དུ་སོང་།

རྒྱ་སྐད་དུ། འདིའི་མིང་ལ་ནན་ཧྭེ་དན་ཅིན(南海殿景)  ཟེར་ཞིང་། ཁྲི་ཀ་རྫོང་ནས་ལྷོ་ཕྱོགས་སུ་སྤྱི་ལེ་གསུམ་ཙམ་གྱི་སར་ཡོད།འདི་ནི་ཁྲི་ཡུལ་གྱི་བྱིན་རླབས་ཅན་གྱི་རྟེན་བཞིའི་གཅིག་ཡིན་ཞིང་།སྔོན་ཆད་འདིར་རྡོ་ལས་གྲུབ་པའི་འཕགས་པ་སྐུ་ཉིད་རང་བྱོན་ཞིག་ཡོད་པས་གདོང་སྣའི་ཐུགས་རྗེ་ཆེན་པོ་རང་བྱོན་ཞེས་འབོད།མདོ་སྨད་ཆོས་འབྱུང་དུ། མཁར་གྱི་ཕྱི་ལོགས་ཉེ་འཁོར་དུ་གདོང་སྣའི་ཐུགས་རྗེ་ཆེན་པོ། ཞེས་བྱུང་།

ངས་འདིའི་འདྲ་པར་མཐོང་མྱོང་ཡང་དངོས་སུ་མཇལ་མ་མྱོང་ཞིང་། ཁྲི་ཀའི་གནས་གང་ཞིག་ཏུ་བཞུགས་པའང་མ་ཤེས།

སྔོན་མདོ་སྔགས་བསྟན་པའི་བདག་པོ་ཡོངས་འཛིན་རིན་པོ་ཆེས་མི་འགའ་རེར་གདོང་སྣ་འདིར་ཐུགས་རྗེ་ཆེན་པོ་ཞིག་བཞེངས་པར་བསྐུལ་ནའང་རྐྱེན་སྣ་ཚོགས་ཀྱི་དབང་གིས་མ་གྲུབ།

ཡོངས་ཀྱི་དགེ་བའི་བཤེས་གཉེན་རྗེ་དགེ་འདུན་རྒྱ་མཚོ་དང་དེའི་ཐུགས་སྲས་དགེ་བའི་བཤེས་གཉེན་བློ་བཟང་རྒྱ་མཚོ་རྣམ་གཉིས་ཁྲི་ཀར་བཞུགས་དུས་ཐེངས་མང་བོར་གདོང་སྣར་སྤྲོ་གསེང་དུ་ཕེབས། ཁོང་གིས་གནས་སྐྱིད་ཅིང་ཉམས་དགའ་བ་འདི་སྐྱེས་བུ་དམ་པ་ཞིག་གིས་བདག་བྱ་ཐུབ་ན་ཅི་མ་རུང་གསུངས།

དེ་རིང་ངེད་ཅག་འགའ་ཆེད་དུ་རླངས་འཁོར་དུ་བསྡད་ནས་གདོང་སྣར་མཇལ་དུ་སོང་།  འདབས་ནས་རི་རྩེར་རྒྱ་ནག་གི་སྤྱན་རས་གཟིགས་གོས་དཀར་མོ་བཞེངས་ཡོད་པ་མཐོང་། སྤྱན་རས་གཟིགས་འདིས་རྟག་ཏུ་སྤྱན་རས་གཡོ་བ་མེད་པར་ཁྲི་ཀའི་ཡུལ་དུ་གཟིགས་འདུག

སྤྱན་རས་གཟིགས་སྔོན་ཡུལ་སྒྲ་གཅན་དུ་ཡབ་སྒྲ་དབྱངས་རྒྱལ་བོ་དང་ཡུམ་དྲི་མ་མེད་པ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་ལ་འཇིག་རྟེན་དབང་ཕྱུག་ཅེས་བྱ་བར་སྐྱེ་བ་བཞེས་པའི་ཚེ་སངས་རྒྱས་འོད་མཛད་ཡེ་ཤེས་ཏོག་གི་སྤྱན་སྔར་ཐུགས་བསྐྱེད། རྒྱལ་བོ་རྩིབས་ཀྱི་མུ་ཁྱུད་ཀྱི་བུའི་ཐུ་བོ་མིག་མི་འཛུམ་དུ་སྐྱེ་བ་བཞེས་པའི་ཚེ་སངས་རྒྱས་རིན་ཆེན་སྙིང་བོའི་སྤྱན་སྔར་ཐུགས་བསྐྱེད་ཅིང་མཚན་ལ་སྤྱན་རས་གཟིགས་དབང་ཕྱུག་ཅེས་གསོལ། སངས་རྒྱས་འོད་ཟེར་ཀུན་འཕགས་དཔལ་བརྩེགས་རྒྱལ་བོའི་ངོ་བོར་འཚང་རྒྱ་བར་ལུང་བསྟན། སངས་རྒྱས་འོད་དཔག་མེད་ཀྱི་སྤྱན་སྔར་སེམས་ཅན་ཐམས་ཅད་འཁོར་བ་ལས་མ་བསྒྲལ་བར་དུ་བདག་འཚང་མི་རྒྱ་ཞེས་དམ་བཅས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་སྨོན་ལམ་ཆེན་པོ་གྲངས་མེད་པ་བཏབ་ནས་ཞལ་བཅུ་གཅིག་དང་ཕྱག་གྲངས་མེད་པ་སྤྲུལ་བར་མཛད། བདེན་པ་མང་བོ་བརྗོད་པའི་མཐུ་ལས་སྤྱན་རས་གཟུགས་དབང་ཕྱུག་ལྷར་བསྟེན་ན་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བའི་སྨོན་ལམ་འགྲུབ་སླ་གསུངས།

ལྷག་པར་སྤྱན་རས་གཟིགས་ནི་བྱམས་དང་སྙིང་རྗེ་བདག་ཉིད་དུ་གྱུར་པས་ན་གདུལ་བྱ་རྣམས་གང་ལ་གང་འདོད་དུ་སྤྲུལ་བར་མཛད་པ་ཡིན་ཏེ་དམ་ཆོས་པད་མ་དཀར་བོ་ལས། སེམས་ཅན་ཁ་ཅིག་ལ་ནི་སྤྱན་རས་གཟིགས་ཀྱིས་སངས་རྒྱས་ཀྱི་རྣམ་པས་ཆོས་སྟོན། དེ་བཞིན་ཁ་ཅིག་ལ་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས། ཁ་ཅིག་ལ་ཚངས་པ། བརྒྱ་བྱིན། དྲི་ཟ། གནོད་སྦྱིན། ཤ་ཟ། དམག་དཔོན། བྲམ་ཟེ། འཁོར་སྒྱུར། དབང་ཕྱུག་གིས་འདུལ་བའི་སེམས་ཅན་ལ་ནི་དབང་ཕྱུག་གི་གཟུགས་ཀྱིས་ཆོས་སྟོན། ཞེས་གསུངས་པས་སོ། །

སྤྱན་རས་གཟིགས་གོས་དཀར་མོ་འདི་རྒྱ་ནག་ལ་དར་བའི་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཞིག་ཡིན། སྤྱིར་སྤྱན་རས་གཟིགས་ནི་ཕོ་ལྷའི་རྣམ་པ་ཅན་ཡིན་ནའང་རྒྱ་ནག་ལ་ལྷ་མོའི་རྣམ་པ་ཅན་གྱི་སྤྱན་རས་གཟིགས་གོས་དཀར་མོ་འདི་དར་ཁྱབ་ཆེ།

སྤྱན་རས་གཟིགས་རྒྱ་ནག་ལ་ཐོག་མར་དར་དུས་རང་རེའི་བོད་དང་ཁྱད་མེད་ནའང་། ཕལ་ཆེར་སུང་རྒྱལ་རབས་ཀྱི་དུས་ནས་ལྷ་མོའི་རྣམ་པ་ཅན་གྱི་སྤྱན་རས་གཟིགས་དར་བའི་དབུ་ཚུགས། རྒྱ་ནག་གི་སྤྱན་རས་གཟིགས་ལྷ་མོའི་རྣམ་པ་ཅན་འདིས་ཕྱག་ཏུ་སོ་ཤིང་དང་བུམ་པ་བསྣམས་ཤིང་འགྱིང་སྟངས་ཀྱིས་བཞུགས།རྒྱ་ནག་གི་སྤྱན་རས་གཟིགས་ཀྱི་ལོ་རྒྱུས་སུ་སྤྱན་རས་ཀྱི་སྤྲུལ་བ་ཉེར་བདུན་བཤད།

སྤྱན་རས་གཟིགས་གོས་དཀར་མོའི་ངག་རྒྱུན་ཆེས་སྔ་བ་ལྷོ་བྱང་རྒྱལ་རབས་ཀྱི་དུས་ཀྱི་ཆི་བྱང་མའི་སྐབས་སུ་བྱུང་།《ཆི་བྱང་མའི་དཔེ་དེབ》ཀྱི་བམ་པོ་33པའི་《ཞུས་ཀྲི་ཚའེ་ཡི་རྣམ་ཐར》ནང་དུ། མི་ཞིག་ལ་ནད་ཕོག་ནས་དྲན་པ་རབ་རིབ་འོག་ཏུ་ནམ་མཁའ་ན་ཁ་དོག་སྣ་ལྔ་ལྡན་པའི་སྤྲིན་པ་ཞིག་མཐོང་བ་དང་ཐག་ཉེ་བར་གྱུར་ནས་མཛེས་སྡུག་ལྡན་པའི་བུད་མེད་ཅིག་ཏུ་གྱུར་ལ།  དེ་ཉིད་སྤྱན་རས་གཟིགས་གོས་དཀར་མོ་ཡིན་པར་བཤད། སྤྱན་རས་གཟིགས་དད་པ་དག་གི་ཉམས་སྣང་མི་འདྲ་བ་དང་རྨི་ལམ་མི་འདྲ་བ་ལས་རིམ་བཞིན་མ་ཀྲུང་སྤྱན་རས་གཟིགས་དང་། བུ་སྦྱིན་སྤྱན་རས་གཟིགས། ཉ་སློ་སྤྱན་རས་གཟིགས་སོགས་སྤྱན་རས་གཟིགས་གོས་དཀར་མོ་རྣམ་པ་མི་འདྲ་བ་མང་དུ་བྱོན།

འདི་ལ་འོལ་བུ་གདོང་སྣ་དང་། མགོན་པོ་གདོང་སྣ། བོན་པོ་གདོང་སྣ་ སོགས་བཤད་རྒྱུན་མི་འདྲ་བ་སྣ་ཚོགས་ཡོད། ཡིག་རྙིང་དུ་འོལ་བུ་གདོང་ཞེས་བྲིས་ཡོད་པར་བཤད། རི་འདིའི་དབྱིབས་གཡུ་འབྲུག་ཐུར་དུ་རྒྱུགས་པ་དང་འདྲ་བས་སྔོན་མེན་རྒྱལ་རབས་ཀྱི་བློན་ཆེན་ལུའུ་པོ་བིན་(刘伯温)གྱིས་འདིའི་སྐེད་མ་བཅད་ན་འདིར་གོང་མ་ཟིལ་གྱིས་མནོན་པའི་ཕོ་རྒོད་ཅིག་འཁྲུངས་ངེས་ཞེས་མི་མངགས་ནས་གཡུ་འབྲུག་གི་སྐེད་པ་བཅད་སྐད།

སྐབས་དེར་ཕྱོགས་སོ་སོར་གཡུ་འབྲུག་འཁྱུག་པའི་སྐེད་པ་བཅད་པའི་གནས་ཚུལ་མང་དུ་བྱུང་བ་ལས་ཁྲི་ཀའི་གཡུ་འབྲུག་འདི་ནི་དེའི་ནང་གི་ཆེས་ཆེ་བ་ཞིག་ཡིན་ཞེས་རྒྱ་ཡིག་ཏུ་གསལ། རྒྱ་ནག་གི་གོང་མ་རིམ་བྱོན་གྱིས་ས་དཔྱད་དང་ཆབ་སྲིད་དང་དཔལ་འབྱོར་སོགས་གང་ཐད་དུ་འབྲེལ་ཡོད་པས་དེ་ཉིད་ལོས་བདེན་སྙམ།

མཚོ་ལྷོའི་ཁུལ་དཔོན་དོན་གྲུབ་རྒྱལ་ཀྱིས་གཡུ་འབྲུག་བཅད་པའི་ས་དེ་མི་ལེགས་པར་དགོངས་ནས་ཕྱིར་བསྙམས་སྐད། འོན་ཀྱང་དེར་བལྟ་རུ་མ་སོང་།

ངག་རྒྱུན་ལ།  མཁས་གྲུབ་ར་གཱ་ཨ་སྲས་སྐུ་ཚེ་སྨད་དུ་ཁྲི་ཀར་བྱོན་ནས་ཆོས་འཁོར་བསྐོར། ཡུལ་འདིར་ས་གྲིབ་ཀྱི་ནད་མཆེད་པ་འགོག་ཕྱིར།  ར་གཱ་ཨ་སྲས་ཀྱིས་གྲིབ་ནད་བཞེས་ནས་སྐུ་གཤེགས།  ཁོང་གི་ཞལ་ཆེམས་བཞིན་སློབ་མ་རྣམས་ཀྱི་སྐུ་གདུང་དེ་གདོང་སྣའི་འདབས་ཀྱི་ཀླུ་བདུད་ཆུ་མགོར་ཐུར་དུ་བསྟན་ནས་བཞུགས་སུ་གསོལ་བས་ནད་ཀྱང་རིམ་གྱིས་ཞི་སྐད།  ཁོང་གི་སྐུ་གདུང་མཆོད་རྟེན་དེ་ད་ལྟ་གདོང་སྣའི་འདབས་གྱི་དགོན་པ་དེ་ན་བཞེངས་ཡོད།

བོན་པོ་རྣམས་ཀྱིས་བོན་པོའི་བླ་མ་མི་རྩེ་གསེར་ཐང་ཞེས་པ་ཉམས་ལེན་བྱས་ཟེར་ཏེ། གནས་འགངས་ཆེན་ཞིག་ཏུ་ས་དགེ་རྙིང་གསུམ་དང་བོན་པོ་སོགས་རིས་མེད་ཀྱི་སྒོམ་ཆེན་མང་བོ་ཕེབས་ནས་ཉམས་བཞེས་མཛད་པར་འགལ་བ་ཅི་ཡང་མེད།

ད་ལྟ་བྲིས་པའི་ལོ་རྒྱུས་ཤིག་ཏུ་མིང་རྒྱལ་རབས་ཀྱི་སྐབས་སུ་དམག་དཔོན་ཆེན་པོ་ཀྲུའུ་ཡོན་ཀྲུང་ཟེར་བ་ཞིག་ཁྲི་ཀར་ཡོང་ནས་མཁར་བརྩིགས།   དམག་དཔོན་འཁོར་དང་བཅས་གདོང་སྣར་སྤྲོ་གསེང་ལ་འགྲོ་དུས་རྡོ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་རང་བྱོན་ཚུན་ལྔ་ཅན་ཞིག་རྙེད་དེ་རྟེན་འབྲེལ་ལེགས་པར་བསམ་ནས་གདོང་སྣར་ལྷ་ཁང་འགའ་བཞེངས།  དེའི་ནང་དུ་རང་བྱོན་ཐུགས་རྗེ་ཆེན་མོ་གཙོས་གྲུབ་ཆེན་བརྒྱད་ཅུ་དང་ཆོས་སྐྱོང་སྣ་ཚོགས་བཞེངས་སྐད།

ང་བརྒྱད་སྔོན་གྱི་འདྲ་པར་ཞིག་མཐོང་བ་ལས། འདིར་རྒྱའི་ལྷ་ཁང་གི་རྣམ་པར་བཞེངས་ཡོད་པ་མཐོང་།ང་བརྒྱད་ལོའི་མཆོང་བསྐྱོད་ཆེན་མོའི་སྐབས་སུ་རྙིང་བཞིའི་གྲས་སུ་བརྩིས་ནས་རྩ་མེད་དུ་བཏང་། ཡིན་ནའང་ཁང་བ་དག་ཞིག་གསོ་བྱས་པ་ལས་སྔོན་གྱི་ཁང་བ་ཡིན་གསུངས།

 1985ལོར་ཡུལ་དེའི་ཆོས་དད་མང་ཚོགས་ཀྱིས་སྤྱན་རས་གཟིགས་ཀྱི་ལྷ་ཁང་དང་དགྲ་བཅོམ་ལྷ་ཁང་སོགས་བཞེངས། དྷི་ཚ་དགོན་པའི་ཨ་ལགས་གྲགས་པས་འདིར་ཐུགས་རྗེ་ཆེན་པོའི་སྐུ་ཞིག་བཞེངས་འདོད་ནའང་གཤམ་གྱི་སྡེ་བ་དེ་མ་འཐད་པས་བཞེངས་མ་ཐུབ།

ད་ལྟ་འདི་ཉིད་2008ལོ་ནས་བཟུང་། བླ་བྲང་གི་དགེ་བཤེས་རྒྱ་བཟའ་འཇམ་དབྱངས་བློ་གསལ་སྨྲ་བའི་ཉི་མས་དབུ་ཁྲིད་ཅིང་། ཁོང་གི་སློབ་མ་དགེ་བསྙེན་མ་ཆིས་ལིས་ཧའེ་ཡིས་སྦྱིན་བདག་བྱས། སྲིད་གཞུང་གི་མཐུན་རྐྱེན་སྦྱར། ཕྱོགས་སོ་སོའི་དེ་གའི་དད་ལྡན་མང་ཚོགས་རྣམས་ཀྱིས་རམ་བཏེགས་ནས་མཐོ་ཚད་ལ་མུས30ཡོད་པའི་སྤྱན་རས་གཟིགས་མཚོ་གཟིགས་མ་འདི་ཉིད་བཞེངས།

ཐུགས་རྗེ་ཆེན་པོ་མཚོ་གཟིགས་མའི་འདི་ཉིད་སྲིད་གཞུང་གིས་འཆར་གཞིའི་འདྲ་རིས་ཤིག་བཀོད་ནས་སྐུ་འབུམ་གྱི་ལྷ་བཟོ་ཞིག་ལ་བཞེངས་སུ་འཇུག་རྩིས་ཡོད་མོད། ཨ་ལགས་རྒྱ་བཟའི་ཐུགས་ལ་མ་བབས་པས་སན་ཡའི་(三亚)ཐུགས་རྗེ་ཆེན་པོ་དེ་ཉིད་མ་དཔེར་བྱས་ཤིང་། གང་གི་ཇུས་འགོད་པ་དེ་ཉིད་ཀྱིས་ཇུས་འགོད་བྱས་པ་ཡིན། རྗེས་སུ་ལ་ལས་འདིའི་འོད་གོར་བོད་ཡིག་གི་ཡི་གེ་དྲུག་མ་བྲིས་འདུག་ཅེས་ལ་ལའི་བློར་མ་བབས་མོད། སན་ཡའི་དེའི་འོད་ཀོར་བོད་ཡིག་གི་མ་ཎི་བཞེངས་པ་ཤེས་པས་རྗེས་མེད་དུ་ཡལ།

གཟུངས་གཞུག་ལ་བཀའ་བསྟན་སོགས་དུ་མ་གསོལ་ཞིང་། དགོད་བྲོ་བ་ཞིག་ལ་གཟུངས་གཞུག་ཏུ་བཀའ་བསྟན་ཕུལ་བར་མི་འཐད་པའང་བྱུང་།     ཨ་ལགས་རྒྱ་བཟས་ཕྱི་ནང་གི་རྐྱེན་གང་མང་ཞིག་གི་གདོང་བསུས་ཤིང་།  བར་ཆད་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་ལེགས་པར་གྲུབ།  2011ལོར་རབ་གནས་བྱས་ཤིང་ད་ལྟ་འབའ་རྫོང་གསེར་ལག་དགོན་པས་བདག་གཉེར་བྱེད་བཞིན་ཡོད།

སྒོའི་གཡས་གཡོན་དུ་ནན་ཧེ་པོ་ཏ་ལ་དང་ཕོ་བྲང་པོ་ཏ་ལ་གཉིས་བཞེངས་ཡོད། ཕྱི་སྒོའི་གཡས་གཡོན་དུ་ཨ་མྱེས་སྲིན་པོ་དང་། ཨ་མྱེས་རྨ་ཆེན་གཉིས་བཞེངས་འདུག

ངེད་ཅག་གཤམ་ནས་རིམ་བཞིན་ཡར་སོང་བ་དང་། སྒོ་ཁར་གསེར་ལག་གི་གཉེར་བ་ཞིག་དང་འཕྲད། ཁོང་གི་མིང་ལ་བསམ་གཏན་ཟེར།འདིར་གཉེར་བ་གསེར་ལག་དགོན་པའི་གྲྭ་བ་བཞི་ཡོད་ཟེར། ཁོང་གིས་མ་བསྐུལ་དང་ལེན་གྱིས་ངོ་སྤྲོད་བྱས།

འདི་ཅིའི་ཕྱིར་གསེར་ལག་དགོན་པའི་བདག་བྱེད་པ་ཡིན་ནམ། ངས་དེ་ལྟར་བསམ་བཞིན་ཨ་ལགས་རྒྱ་བཟའ་ལ་སྐད་འཕྲིན་ལས་དྲིས་པས་འདི་ན་ཉོག་འཛིང་ཆེ་བའི་གཏམ་རྒྱུད་རིང་མོ་ཞིག་ཡོད་པ་ཤེས་སོང་།

མཚོ་སྔོན་ཞིང་ཆེན་གྱི་ཧྲུའུ་ཅུ་ཆང་བེ་ཁྲི་ཀར་ཡོང་ནས་འོལ་བུ་གདོང་སྣ་སོང་བས་ས་འདིས་ཁོའི་ཡིད་དབང་འཕྲོག  དེ་ནས་ཚོགས་འདུ་འཚོགས་ཏེ། ཁྱོད་ཚོར་འདི་ལྟ་བུའི་ས་ཆ་ལེགས་པོ་ཞིག་ཡོད་པས་ཅིའི་ཕྱིར་འདིར་གསར་སྤེལ་མི་བྱེད་ཅེས་དྲིས་པས་ངེད་ཅག་ལའང་དེ་ལྟ་བུའི་བསམ་ཚུལ་ཡོད་མོད། ཆ་རྐྱེན་མེད་པས་བཞེངས་མ་ཐུབ་ཅེས་ཞུས།

ཆང་བེ་ངས་ཁྱོད་ཚོར་སྒོར་ཁྲི་500སྟེར།འཕྲོ་མ་ཁྱོད་ཚོས་ཐབས་བྱོས། ཞེས་བཤད་པས་ཁྲི་ག་དང་མཚོ་ལྷོ་ཁུལ་སོགས་རིམ་པ་བཞིན་གྲོས་མང་བོ་བྱས་ཏེ། དབུ་རྩེ་ནས་སྤྱན་རས་གཟིགས་ཀྱི་སྐུ་ཆེན་པོ་ཞིག་བཞེངས་པ་སོགས་འཆར་གཞི་བཀོད་ནས་ཧྲུའུ་ཅུ་ཆང་བེ་ལ་སྙན་ཞུ་ཕུལ།

ཧྲུའུ་ཅུ་ཆང་བེས་ཁྱོད་ཚོའི་འཆར་གཞི་ལ་འཐད་པ་ཡིན། འོན་ཀྱང་འདིའི་བཞེངས་པའི་ཐེབས་རྩ་སྲིད་གཞུང་གིས་བཏང་ན་མི་འགྲིག  མ་དངུལ་གཏོང་མཁན་དམངས་ཁྲོད་ནས་འཚོལ་དགོས་ཞེས་བཤད་པས་རྫོང་དང་སྲིད་གཞུང་གིས་འཆར་གཞི་བཀོད་ཀྱང་རེ་ཞིག་བཞེངས་མ་ཐུབ།

མཚོ་ལྷོ་ཁུལ་དུ་ཚོགས་འདུ་ཞིག་འཚོགས་དུས་ཁུལ་ཨུའི་ཧྲུའུ་ཅུ་བསྟན་གོ་ཨ་ལགས་རྒྱ་བཟའ་ལ་དེའི་ལུགས་ཀྱི་ཁ་བརྡ་བྱས་ནས་བཞེངས་མཁན་གྱི་སྦྱིན་བདག་ཅིག་འཚོལ་རོགས་ཞུ་བས་ཨ་ལགས་རྒྱ་བཟས་ཆེད་དུ་དེར་བལྟ་རུ་སོང་སྟེ། ཐུགས་ལ་བབས་ནས་ཁོང་གི་སློབ་མ་དགེ་བསྙེན་མ་ཞིག་ཡོད་པ་དེས་སྔོན་ནས་རྟེན་བཞེངས་ཤིག་བྱ་འདོད་ཡོད་པ་དེས་བོས་ཤིང་། གྲོས་བྱས་ཏེ་བཞེངས་པར་ཐག་བཅད།

ཁོང་གིས་བཞེངས་དུས་སྲིད་གཞུང་གི་འཆར་གཞི་གཏན་ལ་ཕབ་ཡོད་པ་བསྒྱུར་མི་ཆོག་པས་འཆར་འགོད་ཇི་ལྟ་བུར་བཞེངས་ཤིང་། ལམ་དང་ཆུ། ནགས་འདེབས་པ་སོགས་ལ་སྲིད་གཞུང་གིས་འགན་ལེན་པ་དང་། བདག་གཉེར་གསེར་ལག་དགོན་པས་བྱེད་པ་སོགས་གན་རྒྱ་བཞག  ཞི་མུའུ་ཉང་ཉང་ལས་གཞན་ཐམས་ཅད་ཁོང་གིས་སློབ་མ་དགེ་བསྙེན་མ་དེས་བཞེངས་པ་ཡིན་གསུངས།

ཁོང་གིས་དེ་ལྟར་འདིའི་སྐོར་མང་དུ་གསུངས་ནའང་ཐམས་ཅད་འདིར་མ་བྲིས་ལ། འབྲི་ཡང་མི་དགོས་པ་འདྲ།

དཀོར་གཉེར་ཨ་ཁུ་བསམ་གཏན་གྱིས་ངོ་སྤྲོད་བྱེད་ཀྱིན་ངེད་ཅག་རིམ་བཞིན་མཇལ་ཞིང་གཤམ་དུ་དུས་གསུམ་སངས་རྒྱས་ལྷ་ཁང་དང་།དེའི་གོང་དུ་གཡས་གཡོན་སོ་སོར་གནས་བརྟན་བཅུ་དྲུག་ལྷ་ཁང་བཞེངས་འདུག

དུས་གསུམ་སངས་རྒྱས་ཟེར་ཡང་སྨན་བླ་དང་། རྒྱལ་བ་ཤཱཀྱ་ཐུབ་པ། འོད་དཔག་མེད་བཞེངས་འདུག སྔོན་ཆད་འདིར་བེ་ཐོ་ཕུ་ས་(韦陀菩萨)དང་། རྒྱ་གར་ཧྭ་ཤང་སྟེ་ཧྭ་ཤང་ཁུག་མ་ཅན་(布袋和尚)ཞེས་པ་བཞེངས་ཡོད་པས་ལ་ལས་འདི་ལོ་རྒྱུས་དང་མི་མཐུན་པ་སོགས་སྣ་ཚོགས་བཤད་ནས་བཀག་ནའང་ཨ་ལགས་རྒྱ་བཟའ་དང་ཁོ་ཚོས་ཁ་བརྡ་བྱས་པས་གྲོས་མཐུན་པ་རེད་གསུངས།

དེའི་གོང་དུ་རྒྱ་ནག་གི་བུ་སྦྱིན་སྤྱན་རས་གཟིགས་ཀྱི་ལྷ་ཁང་བཞེངས་འདུག སྔོན་ཆད་སྤྱན་རས་གཟིགས་གོས་དཀར་མོ་དེར་བཞུགས་ཡོད། དེའི་གོང་གི་གཡས་སུ་རྒྱ་ནག་གི་ཞི་ཝང་མུའུ་(西王母、西母娘娘)བཞེངས་འདུག འདི་རྒྱ་ནག་གི་འཇིག་རྟེན་པ་ཞིག་ཡིན་པས་ཕྱག་མཆོད་བྱེད་མི་དགོས་ཤིང་། རང་རེའི་གནམ་ཨ་ནེ་གུང་སྨན་རྒྱལ་མོ་ཞེས་པའང་མིན།

ཞི་ཝང་མུའུ་ནི་རྒྱའི་རི་མཚོའི་(山海经)མདོ་ལས། ཞི་ཝང་མུའུ་ནི་མི་དང་འདྲ་ཞིང་གཟུག་གི་རྔ་མ་ཐོགས་ཤིང་སྟག་གི་མཆེ་བ་རིང་བོ་དང་ལྡན་པ་ཞིག་ཡིན་པ་དང་། ལོ་རྒྱུས་གཞན་ལས་སྐྲ་གཟེངས་ཤིང་ང་རོ་སྒྲོག་པ་གདུག་རྩུབ་ཆེ་བ་ཞིག་ཡིན་པར་བཤད། རིམ་བཞིན་ཞི་བའི་རྣམ་པར་བསྒྱུར་ནས་ད་ལྟའི་ལྷ་མོ་འདི་ལྟར་བཞེངས་པ་ཁྱབ་ཆེ།

དེའི་གོང་དུ་ལྷ་ཁང་ཞིག་ཏུ་མགོན་ཆོས་བཞེངས་ཤིང་། དབུས་སུ་ཁྲི་ཞིག་བཞེངས་ཡོད་ཅིང་།དེའི་ནང་དུ་སྤྱན་རས་གཟིགས་ཀྱི་སྟོང་སྐུ་ཞིག་བཞེངས་འདུག

འདིར་ཟླ་གཉིས་པར་མནྜལ་བཞི་བ་དང་།ཟླ་དྲུག་པར་ཐུགས་རྗེ་ཆེན་པོའི་སྟོང་མཆོད།ཟླ་དགུ་བར་མགོན་ཆོས་ཀྱི་ཆོས་ཐོག་བཅས་ཆོས་ཐོག་གསུམ་ཡོད་ཅིང་།དེའི་སྐབས་སུ་གསེར་ལག་ནས་གྲྭ་བ་དག་ཕེབས་ཏེ་གསུངས་པ་ཡིན།

དབུར་ལྷོ་ཕྱོགས་རྒྱ་མཚོའི་སྤྱན་རས་གཟིགས་བཞེངས་པའི་ཁྲི་ལྷ་ཁང་གི་རྣམ་པ་ཡིན་ཞིང་། དེའི་ནང་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་དེའི་མདུན་དུ་རྗེ་བཙུན་སྒྲོལ་མའི་སྐུ་ཆུང་ཆུང་ཞིག་བཞེངས་འདུག  གནས་འདིར་སྔོན་ཡུལ་ལྷའི་ལྷ་ཁང་ཆུང་ངུ་ཞིག་ཡོད་མོད། སྲིད་གཞུང་གིས་བསྐྱར་བཞེངས་ཀྱི་འཆར་འགོད་སྐབས་ཤན་པ་གདོང་སྣར་ཡུལ་ལྷའི་ལྷ་ཁང་ཡོད་པས་འདི་མེད་པར་བྱས་ཏེ་དེའི་ཤུལ་དུ་སྤྱན་རས་གཟིགས་བཞེངས་པའི་འཆར་འགོད་བྱས་འདུག་གསུངས།

ངས་དབུ་རྩེ་ནས་ཁྲི་ཀ་ལག་མཐིལ་དུ་བླངས་པ་འདྲ་བས་ང་ཚོས་ས་ལྟ་ཡུལ་ལྟ་བྱས། འདི་ནས་ད་གཟོད་ཁྲི་ཀའི་ཡུལ་ལྗོངས་རགས་ཙམ་ཤེས་ཐུབ། ད་དུང་ཁྲི་ཀའི་ཡོན་ཏན་པ་ཞིག་ལ་སྐད་འཕྲིན་བརྙན་ལམ་དུ་ཁྲི་ཀའི་ཡུལ་གྱི་བཀོད་པ་ངོ་སྤྲོད་བྱེད་དུ་བཅུག་པས་ཁྲི་ཀའི་དགོན་པ་དག་གི་གནས་དང་ཡུལ་གྱི་བཀོད་པ་རགས་ཙམ་ངེས་སོང་།

སྔོན་བོད་ཀྱི་རིག་གནས་དར་བའི་ཡུལ་འདིར་ད་ལྟ་ནགས་གསེབ་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་དུ་གྱུར་ཡོད་ཅིང་། འདིའི་ཕྱོགས་སོ་སོར་རྒྱང་མཇལ་ཙམ་ལས་ཞིབ་ཏུ་རྒྱུས་ལོན་མ་ཐུབ།

གདོང་སྣའི་གཤམ་དུ་སྔ་འགྱུར་གསང་ཆེན་ཆོས་འཁོར་གླིང་ཞེས་པའི་རྙིང་མའི་དགོན་པ་ཞིག་ཡོད། དེའི་ནང་དུ་ར་གཱ་ཨ་སེའི་སྐུ་གདུང་མཆོད་རྟེན་བཞུགས། དགོན་པ་དེ་འཆར་འགོད་ཤིན་ཏུ་ལེགས། མང་བོ་ཞིག་གིས་དེ་གདོང་སྣའི་ཡན་ལག་ཡིན་པར་ངོས་བཟུང་ཞིང་། གདོང་སྣ་རྒྱའི་ཇོ་མོ་འགས་བཟུང་འདུག་ཟེར་མོད། དེ་རིང་འདི་གདོང་སྣ་དང་འབྲེལ་བ་ཅི་ཡང་མེད་པ་ཤེས་སོང་།

གྲོགས་པོ་ཞིག་གིས། གདོང་སྣའི་རྣམ་པ་རྒྱ་ལུགས་དང་བདག་གཉེར་བྱེད་མཁན་བོད་རེད། སྔ་འགྱུར་གསང་ཆེན་ཆོས་འཁོར་གླིང་བོད་ལུགས་དང་བདག་གཉེར་བྱེད་མཁན་རྒྱ་མི་ཞེས་ཀུ་རེ་རྩེད།

ཨ་ལགས་རྒྱ་བཟས་འདི་ལྟར་སྐྱེས་བུ་དམ་པ་མང་བོས་ཐུགས་དགོངས་གྲུབ་པར་བྱས་ཤིང་། ཁྲི་ཀའི་ཡུལ་དུ་བཀྲ་ཤིས་པའི་སྐྱ་རེངས་ཤིག་བསུས།

ང་ཚོ་མཇལ་ནས་ཕྱིར་བུད་སོང་། ནམ་ཞིག་སླར་ཡང་འདིར་མཇལ་དུ་ཡོང་ངེས།

༢༠༢༣ལོའི་ཧོར་བརྒྱད་པའི་ཚེས་དྲུག་གི་དགུང་མོར་ཁྲི་ཀའི་ཤམ་བྷ་ལའི་གཞིས་ཀར་བྲིས།

༢༠༢༣ལོའི་ཧོར་བརྒྱད་པའི་ཚེས་བཅུ་གཅིག་གི་དགུང་མོར་མང་རར་ཞུ་དག་བྱས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།