ང་ཡི་མེས་པོ་བླ་ནག་རི་ཁྲོད་པ་དྲན་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-01 20:01:07     རྩོམ་པ་པོ།   གཟི་མིག་གསུམ་པ།    ཀློག་ཐེངས།  

མགོན་བཤེས་གཉེན་དམ་པ་ལ་བསྟེན་ནས།།

ཆོས་ཡོན་ཏན་རྒྱ་མཚོར་དབང་འབྱོར་ཞིང་།།

ཚེ་འདི་ཡི་འཁྲི་གཅོད་བླ་ནག་པ།།

བྱ་བཏང་རི་ཁྲོད་དབྱུག་པ་ཅན་ལ་གསོལ་བ་འདེབས།།

                                                                                       ━━རྗེ་རུ་མང་བྱམས་པ་འཕྲིན་ལས་མཆོག་གིས།

         ང་རང་ལོ་ན་དྲུག་བདུན་ཙམ་གྱི་སྐབས་སུ།    ངས་ཕལ་ཆེར་ཟླ་བ་གཅིག་རེའི་ནང་དུ་ངེད་ཚང་ལ་ཤིང་གི་ཆ་སྒམ་ནག་པོ་ཞིག་ཡོད་པ་དེའི་ནང་གི་ཅ་དངོས་རྣམས་ཡར་སློག་མར་སློག་ཐེངས་རེ་བྱས་ནས་ཀ་ར་དང་སིལ་ཏོག་རེ་ཨེ་རྙེད་བལྟས་ཤིང་།   དེ་ནི་སྐབས་དེའི་ངའི་གོམས་གཤིས་ཤིག་ཏུ་གྱུར་ཡོད།    དེང་སྐབས་ད་རུང་དྲན་སོས་པ་ཞིག་ལ་དེ་དུས་ཆ་སྒམ་དེའི་ནང་ནས་དུས་ལྟར་ཀ་ར་དང་སིལ་ཏོག་རྙེད་རྒྱུ་ཧ་ཅང་དཀའ་ནའང་།    དེར་ཤོག་དྲིལ་ཅུང་མཐུག་ལ་རིལ་མོར་བསྡམས་ཡོད་པ་ཞིག་སྟེ།    གྲུ་ག་ཟད་ཅིང་རྒྱབ་ལོགས་ཀྱི་ཤོག་བུ་རེ་འགའ་རལ་ནས་ཟེད་ལངས་ཡོད་པ་ཞིག་ནམ་རྒྱུན་མཐོང་ཐུབ་ལ།   ཨ་མས་དེ་ནི་“ཨ་ཁུ་རི་ཁྲོད་པས་ཨ་ཕར་བྱིན་པ་རེད་”ཟེར་ནས་གཙིགས་ཆེན་བྱས་ཏེ།    ཁྱིམ་གྱི་ཕུ་བོ་གཉིས་ལ་ནམ་རྒྱུན་ཤོག་དྲིལ་དེ་གཤགས་ནས་ཤོག་དུད་འཐེན་སྤྱད་བྱེད་མི་རུང་ཞེས་ནན་གྱིས་བཀག་འགོག་བྱེད་ཀྱིན་འདུག        དུས་དེ་ནས་བཟུང་ངས་ཨ་ཁུ་རི་ཁྲོད་པ་ཞེས་པའི་མཚན་ཐོག་མར་ཐོས་པ་ཡིན་ལ།    རྗེས་སུ་ཨ་ཕས་དངོས་སུ་ཤོག་དྲིལ་དེ་ནི་ཨ་ཁུ་རི་ཁྲོད་པ་མ་གཤེགས་སྔོན་ལ་འུ་ཚང་དུ་ཕེབས་ནས་“བླ་ནག་གི་རྒད་པོ་ཚོའི་ནང་ན་ཅུང་གསལ་བོ་ཞིག་ཡོད་པ་ཁྱོད་ཡིན་”གསུངས་ནས་ང་ལ་བྱིན་པ་ཡིན་ཟེར་བས།    ངའི་སེམས་སུ་ཨ་ཁུ་རི་ཁྲོད་པ་ནི་དོན་ལ་སྐྱེ་བོ་གང་འདྲ་ཞིག་ཡིན་པ་དང་།    ཁོང་གིས་ཤོག་དྲིལ་དེ་ངེད་ཚང་གི་ཨ་ཕར་བཅོལ་དོན་ཅི་ཡིན་ནམ་ལ་སོགས་པའི་དྲི་བ་སྣ་ཚོགས་ཤིག་ཤར་མྱོང་ལ།    དུས་དེ་ནས་བཟུང་ཤོག་དྲིལ་དེའི་སྣང་བརྙན་ངའི་མིག་ལམ་ནས་ཡལ་ཐབས་བྲལ་བར་གྱུར།   

        ངས་བསམ་ཅུང་ཤེས་དུས་ཨ་ཁུ་རི་ཁྲོད་པ་ནི་སྔར་ནས་སྐུ་གཤེགས་ཚར་འདུག་པས།     ངས་ཁོང་གི་ཞལ་ཚོར་གྱིན་མེད།    ཡིན་ནའང་རྗེས་སུ་ནར་སོན་པ་དང་བསྟུན་ནས་ཕ་མ་གཉིས་ཀྱི་ངག་ལས་ཨ་ཁུ་རི་ཁྲོད་པའི་སྐོར་གྱི་གནས་ཚུལ་མང་ཙམ་ཐོས་ཤིང་།    ལྷག་པར་དུ་གཅེན་པོ་(ལྡོང་ཕྲུག)ཞིང་གཤེགས་ཚང་གིས་ཨ་ཁུ་རི་ཁྲོད་པས་ངེད་ཀྱི་ཨ་ཕར་བྱིན་པའི་ཤོག་དྲིལ་དེ་དང་ཁ་གྱའི་ཁྱིམ་ཚང་ཞིག་ནས་ཁྱེར་ཡོང་བའི་འབྲི་དེབ་ཆུང་ཆུང་རེ་གཉིས་བཅས་ཉར་ཚགས་བྱས་འདུག་ཅིང་།    ཡང་མཚམས་མཚམས་སུ་ཨ་ཁུ་རི་ཁྲོད་པས་མང་རའི་ཡུལ་གྱི་ས་བསྟོད་ཆུ་བསྟོད་དཔེ་མེད་པ་ཞིག་བྲིས་ཡོད་ཚུལ་སོགས་གླེང་བར་བྱེད།     ད་དུང་ཁོང་གིས་རྗེས་སུ་《མང་རའི་ལོ་རྒྱུས་》ཀྱི་ནང་དུ་ཨ་ཁུ་ཁྲོད་པའི་ལོ་རྒྱུས་མདོར་བསྡུས་ཤིག་ཀྱང་བྲིས་ཡོད་པས།     ངས་རྒྱུ་ཆ་དེ་དག་ལ་བརྟེན་ནས་ཨ་ཁུ་རི་ཁྲོད་པ་ཁོང་གི་སྐོར་ལ་རྒྱུས་ལོན་ཅུང་ཙམ་བྱེད་ཐུབ་པར་གྱུར་བ་ཡིན།

         བླ་ནག་ཨ་ཁུ་ཁྲོད་པ་ནི་སྤྱི་ལོ་1906ལོར་བན་ཤུལ་བླ་ནག་ཏུ་ཡབ་དཔའ་ཆེན་དང་ཡུམ་ཀླུ་རིས་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་།   ཆུང་དུས་གཏམ་ཁ་ལྕེ་དང་དཔའ་རྩལ་ལྡན་པས་སྤྱི་ཐར་ཤུལ་ཚོ་གསུམ་གྱི་མི་དྲག་བླ་དཔོན་གྱི་གྲས་སུ་ཚུད་དེ་ཀླུའི་དཔོན་པོ་སོགས་ཀྱི་རོགས་སུ་སོང་ནས་གྱོད་གཞི་ཆེ་ཆུང་མང་བོ་བསྡུམས་པར་བྱས་པས་བླ་ནག་ཚེ་དཔལ་རྒྱལ་ཞེས་མཚན་སྙན་རྒྱས།         ངའི་ཨ་མས་བཤད་པ་ལྟར་ན།       ངའི་ཞང་བོ་སྟེ་མོའི་ཨ་ཕ་དང་བླ་ནག་ཚེ་དཔལ་རྒྱལ་གཉིས་གྲོགས་པོ་ཡིན་པས་ན་སོ་དར་བའི་སྐབས་སུ་ཁོང་གཉིས་ཀྱིས་ནམ་རྒྱུན་མཉམ་དུ་རྟ་བང་གིས་རྒྱུགས་པའི་སྐབས་སུ་ཞོན་འབབ་བྱེད་པ་དང་།     སྨན་བོའུ་ཡི་དུ་བའི་ནང་ལ་དུ་བ་བསྲེས་ཏེ་འཕེན་སྟངས་སོགས་ལ་སློབ་སྦྱོང་བྱས་མྱོང་ལ།     ད་དུང་ཁོང་གིས་དགུང་ལོ་40བར་དུ་ཁྱིམ་ཐབ་བཞེས་ཏེ་རིགས་ཀྱི་མྱུ་གུ་བུ་མོ་ཞིག་ཀྱང་སྐྱེས་ཡོད་ཟེར།

         དེ་ཡང་སྤྱི་ལོ་1930ལོའི་ཡས་སུ་བླ་ནག་རྒྱན་ཕྲེང་ལ་རྟ་བཟང་བོ་ཞིག་ཡོད་པ་ཚ་ནག་ཐང་ཐའི་ཇག་པས་དེད་པ་ཤེས་མོད།   ཐང་ཐའི་ཕྱོགས་ཀྱིས་ཁས་མ་བླངས་པས་ཀླུ་ཚང་དགོན་དུ་དམ་ཤེར་ཏེ་ཀླུ་ཚང་ཚེ་བྱམས་རྒྱལ་གྱིས་ཐང་ཐའི་ཚབ་ཏུ་མནའ་བསྐྱལ་བས་བླ་ནག་གིས་ཐང་ཐར་དགུ་ཚན་དགུ་སྟེར་དགོས་བྱུང་།   རྗེས་སུ་བླ་ནག་རི་ཁྲོད་པས་ཡུན་གྱིས་རྩད་བཅད་པས་རྟ་དེ་ཇག་པས་སོ་ནག་ལ་བཙོང་ཡོད་པ་ཤེས་ནས་རྟ་ཕྱིར་བླངས་པར་མ་ཟད།   ཐང་ཐའི་རུ་བཞུགས་ཁྲི་གོང་མར་ཡོད་པའི་ལྷས་སུ་སོང་སྟེ་སྒོ་ཟོག་ཚང་མ་དེད་ནས་ཡོང་།

       ཡང་སྐད་གྲགས་ཆེ་བའི་གཉའ་ཐུབ་བསྟན་གྱི་གྱོད་དོན་མ་འགྲིག་པར་ལོ་ངོ་བརྒྱ་ལྷག་འགོར་ཡོད་པ་དེའང་བླ་ནག་རི་ཁྲོད་པ་དང་དམེ་སྐའི་ལྷ་འབའ་གཉིས་རྐང་ཚའི་ཨ་ཁུའམ་སྟོང་དཔོན་དཔལ་བཟང་གི་གམ་དུ་སོང་ནས་རྐང་ཚའི་གཉའ་ཚང་དང་དམེ་སྐ་གཉིས་ཀྱི་གྱོད་དོན་བསྡུམས་འགྲིག་མཛད།   སྐབས་དེར་གྱོད་དོན་དེའི་ཡིག་ཚགས་གློངས་པ་ན་ལོ་ངོ་བརྒྱ་ཙམ་འགོར་འདུག་ཅེས་བླ་ནག་རི་ཁྲོད་པས་དངོས་སུ་བདག་གི་ཨ་ཕར་གསུངས་མྱོང་ལ།  དེ་དོན་ད་དུང་ཁོང་གི་དགེ་ཕྲུག་བྱས་མྱོང་བའི་རྟ་ནག་མའི་ཨ་ཁུ་བློ་བཟང་བསྟན་འཛིན་དང་ཨ་ཁུ་སྨོན་བཟང་གཉིས་ལའང་གསལ་བོར་བཤད་རྒྱུ་ཡོད།

       དེ་མིན་ཟླ་ཚང་དང་ཇང་བཟའ་གཉིས་བར་གྱི་གྱོད་དོན་ཆེན་པོ་དེའང་བླ་ནག་རི་ཁྲོད་པ་སེ་བད་ཇང་གསུམ་གྱི་སྤྱི་ཐོག་ལ་སོང་ནས་ཆོས་འཇིག་རྟེན་གཉིས་ཀ་སྦྲགས་ནས་ཡིད་འཁུལ་བའི་སློབ་གསོ་བཏང་བས།   གྱོད་དོན་བདེ་བླག་ངང་བསྡུམས་འགྲིག་མཛད་པར་མ་ཟད་ཁོང་གི་སྐད་ཆས་ཚང་མའི་ཡིད་དྲངས་ཏེ་མཁས་པའི་མཚན་སྙན་འབར།

       1945ལོ་ཡས་མས་ཙམ་ལ་ཆོས་རྗེ་ལྡིང་ཁ་ནས་སྐུ་ཕྱོགས་༧ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་ཚང་གིས་དུས་དབང་གསུང་སྐབས་བླ་ནག་རི་ཁྲོད་པའི་ཚ་བོ་ཚ་ནག་དབང་ཆེན་རྒྱལ་གྱི་ཆུང་མ་སུག་སྐོར་ཚེ་མོ་ཟེར་བ་གོང་བའི་དགེ་བོ་ཁྲ་མང་གིས་ཁ་དྲངས་ཀྱིན་ཡོད་པ་དབང་ཆེན་རྒྱལ་གྱིས་ཤེས་ཏེ་ཆུང་མར་གཅར་རྡུང་བྱས་པས།   སྤྱི་ཐར་ཤུལ་ཚོ་གསུམ་གྱི་ཁྱིག་བདག་བརྒྱད་ཅུས་དབང་ཆེན་རྒྱལ་གྱིས་དུས་དབང་སྐབས་དོན་དག་བཟོས་སོང་ཟེར་ནས་ལག་གི་རྟ་བླངས་ཏེ་ཆད་པ་བཅད།   དབང་ཆེན་རྒྱལ་དེར་མ་དགའ་བར་སྦྲ་དུས་དབང་སྟེང་ནས་བསྐྱུར་ཏེ་བུད་སོང་བའི་ཤུལ་ནས་སྦྲ་བོར་སོང་།   བླ་ནག་རི་ཁྲོད་པས་ཁྱིག་བདག་བརྒྱད་ཅུས་ཐག་གཅོད་བྱས་པ་དྲངས་བདེན་མིན་པ་དང་སྦྲ་བོར་སོང་བའི་སྟེང་ནས་གྱོད་བརྒྱབ་སྟེ་བླ་ནག་གིས་ལོ་ངོ་བཅུའི་རིང་ལ་ཁྱིག་བདག་བརྒྱད་ཅུ་དང་ཁྲི་གའི་མཱ་ཚང་ལ་ཁྲལ་འཇལ་མི་དགོས་པར་བྱས་པ་དང་།    ད་རུང་ཁྱིག་བདག་བརྒྱད་ཅུས་ཁོང་ལ་སྦྲ་བོར་སོང་བའི་སྐྱིན་ཚབ་ཏུ་མེ་མདའ་འགའ་ཡང་བྱིན།   ཁོང་གིས་མེ་མདའ་དེ་དག་རྗེས་སུ་༧ལ་མོའི་ཡོངས་འཛིན་རིན་པོ་ཆེས་ཐོག་མར་ཐར་ཤུལ་དགོན་འདེབས་སྐབས་ཚོགས་ཆེན་འདུ་ཁང་བཞེངས་པའི་ལྕགས་གཟེར་རྡུང་བྱེད་དུ་ཕུལ་བ་རེད།

        བར་སྐབས་ཤིག་ལ་བླ་ནག་གི་རུ་བ་རྣམས་རྩྭ་ཆུ་གང་བཟང་གི་ས་ཆ་རྣམས་བདམས་དེ་ཕྱོགས་སོ་སོར་འཐོར་བ་དག་ཐར་ཤུལ་ས་ཆའི་ཤེའུ་ལུང་འགག་ལ་ཕྱོགས་གཅིག་ཏུ་བསྡུས་ཏེ་༧ལ་མོའི་ཡོངས་འཛིན་རིན་པོ་ཆེར་ལྷ་སྡེ་རུ་ཕུལ་ཅིང་།    ཁོང་གིས་ཀྱང་ཐུགས་བརྩེ་བས་རྗེས་སུ་བཟུང་སྟེ་ནམ་རྒྱུན་“བླ་ནག་ཚོ་ངའི་ལྷ་སྡེ་ནང་མའི་གྲས་ཡིན་”གསུངས།    རབ་རྒྱལ་ས་ཁྱི་ལོའི་ཡར་སྔོན་ལ་ཀླུའི་དཔོན་པོ་དང་ཟླ་ཚང་དཔོན་པོ།    གློ་རྒྱའི་དཔོན་པོ་སོགས་དང་ལྷན་ཏུ་བླ་མ་རིན་པོ་ཆེར་དུས་འཁོར་དབང་ཆེན་ཞུས།     རྗེས་སུ་བླ་ནག་པ་ཁོང་རྭ་རྒྱའི་སྐུ་ཕྱོགས་ཨ་དགའ་ཚང་〔སྟོང་ཆོས་ཨ་ཁུ་གྲགས་པ་ཚང་ལས་རབ་ཏུ་བྱུང་ཞེས་པ་མ་དག〕ལས་རབ་ཏུ་བྱུང་སྟེ་མཚན་ལ་དམ་ཆོས་རྒྱ་མཚོ་ཞེས་གསོལ་ཞིང་།   ཨ་དགའ་ཚང་གིས་ཁོང་ལ་ཕྱག་རྟེན་མཁར་བ་ཞིག་ཀྱང་གནང་ལ།   རྭ་རྒྱ་ནས་ཕྱིར་ཕེབས་པའི་ལམ་བར་དུ་འབའ་མང་རའི་སྤྱི་སྒང་ཞིག་ནས་ངལ་གསོས་ཏེ་ཅུང་ཟད་གཉིད་ལ་ཤོར་སྐབས་མཐའ་འཁོར་དུ་སྤྱང་ཀི་མང་བོ་ཡོང་ནས་སྟེང་སུ་རུབ་འཆར་བྱས་པ་ན་ཁོང་གིས་གཉིད་མ་སད་ཀྱི་ངང་ལ་ཞལ་ནས་མཱ་རི་ཙྱེེ་གསུང་བཞིན་མཁར་བ་དེ་ཕར་གཡུགས་ཚུར་གཡུགས་བྱས་པས།   སྤྱང་ཀི་རྣམས་ཕྱོགས་ཕྱོགས་སུ་ཐོར་ཏེ་མེད་པར་གྱུར་སོང་ཞེས་ཁོང་གིས་རྗེས་སུ་གསུངས།    རྗེ་དེ་ཉིད་དང་ལྷག་པར་༧ལ་མོའི་ཡོངས་འཛིན་ཆོས་ཀྱི་རྒྱལ་བོ།   སྟོང་ཆོས་ཨ་ཁུ་གྲགས་པ་ཚང་སོགས་ཀྱི་མདུན་ནས་མདོ་སྔགས་གཉིས་ཀྱིས་བསྡུས་པའི་ཟབ་ཆོས་དུ་མ་གསན་བཞེས་མཛད།     འཇིག་རྟེན་གྱི་འགྱུར་ལྡོག་ལས་དགའ་སྐྱོའི་བྱུང་བ་སྣ་ཚོགས་གཟིགས་ཏེ་མཚོ་སྔོན་པོའི་མཚོ་སྙིང་སོགས་སུ་རི་ཁྲོད་འགྲིམས་ཤིང་།   རིག་གསར་གྱི་འཐབ་རྩོད་ཁྲོད་རྡུང་རྡེག་དང་དཀའ་ངལ་ཚད་མེད་མྱངས་པས།     འཁོར་བའི་ཆོས་ལ་ཡིད་རྟོན་དང་སྙིང་བོ་མེད་པར་ངེས་འབྱུང་གཏིང་ནས་རྙེད་དེ་རྗེ་མི་ལ་རས་པ་དང་ཞབས་དཀར་བའི་མགུར་ལ་འགྲན་བཟོད་པའི་ཉམས་འགུར་མང་བོ་མཛད།    ཆོས་སྒོ་ཕྱེས་རྗེས་མང་རའི་ཐར་ཤུལ་དགོན་དང་ཀླུ་ཚང་དགོན་གཉིས་སུ་སྔ་ཕྱིར་གྲྭ་ཤག་ཆུང་ངུ་རེ་ཕིབས་ཏེ་ཀླུ་སྨྱོན་ཧེ་རུ་ཀ་དང་ཁ་གྱའི་བརྩོན་འགྲུས་གཉིས་སོ་སོར་གྲྭ་རྒྱུན་དུ་འཇོག་པར་མཛད་ལ།     ཁོང་ཐར་ཤུལ་དགོན་དུ་བཞུགས་སྐབས་བླ་ནག་གི་བྱིས་པ་ན་མཉམ་དག་ལས་ཆེད་དུ་ངའི་གཅེན་པོ་ཀླུ་སྨྱོན་ཧེ་རུ་ཀ་དགེ་ཕྲུག་ཏུ་བདམས་ཤིང་།      དེ་མིན་སུ་གཅིག་ཀྱང་མི་དགོས་ཞེས་ཨུ་ཚུགས་མཐར་སྐྱེལ་གནང་ནས་དགོན་པར་ཁྲིད་དེ་གྲྭ་བ་བྱེད་དུ་བཅུག་འདུག       དེ་ལྟར་ཁོང་གིས་༧ཡོངས་འཛིན་རིན་པོ་ཆེར་རི་ཁྲོད་པའི་སྐྱབས་འཇུག་ཞུས་ཏེ་གནས་ངེས་མེད་ཀྱི་རི་ཁྲོད་འགྲིམས་ནས་སྒྲུབ་པ་ཉམས་ལེན་རྩེ་གཅིག་མཛད་པས་ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་རྟགས་སུ།   མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་བོ་དུ་མར་མངོན་ཤེས་དང་རྫུ་འཕྲུལ་སྣ་ཚོགས་བསྟན་པར་གྲགས།      རྗེས་ནས་ང་རང་ཁོང་གི་གསུང་རྩོམ་འཚོལ་སྡུད་ཆེད་བུམ་པ་སྡེ་བར་སོང་བ་ན་ཨ་ཁུ་འཇམ་དཔལ་ཚང་གིས་ཁོང་གི་སྐུ་པར་ཆུང་ཆུང་ཚོན་མདངས་མེད་པ་ཞིག་པཎ་ཆེན་རིན་པོ་ཆེ་སོགས་བླ་སྤྲུལ་མང་བོའི་སྐུ་པར་དང་ལྷན་ཅིག་ཏུ་བཤམ་ཡོད་པ་ཞིག་པར་སྒྲོམ་ལས་བླངས་ནས་དལ་མོར་མགོར་བཞག་སྟེ་མཇལ་རྗེས་ང་ལ་བསྟན་བྱུང་།     འདྲ་པར་དེ་ནི་ཁོང་གི་སྐུ་ཚེའི་ཁྲོད་ཀྱི་འདྲ་པར་ཆེས་མཐའ་མའམ་ཐོག་མ་གང་ཡིན་མི་ཤེས་ནའང་།    དེ་ནི་ཕལ་ཆེར་ད་ལྟ་འཇིག་རྟེན་འདིར་ལྷག་ཡོད་པའི་འདྲ་པར་ཉག་གཅིག་དེ་ཡིན་འདུག་ལ།       འདྲ་པར་དེ་ནི་ཕལ་ཆེར་ལོ་རབས་བརྒྱད་ཅུ་བའི་ནང་དུ་བླངས་པ་འདྲ།     ངས་འདྲ་པར་དེ་ཆེ་རུ་བཏང་སྟེ་མང་ཙམ་བཀྲུས་ནས་བླ་ནག་གི་ཁྱིམ་ཚང་རེ་རེར་གཅིག་རེ་བྱིན་པ་ཡིན།     ད་དུང་བུམ་པ་སྡེ་བའི་ཀུན་ཐུབ་ཚེ་རིང་ཚང་གིས་ཁོང་གི་གསུང་བཤད་ཀྱི་སྒྲ་ཐག་ཅིག་ཁྱེར་ཡོང་ནས་བདག་ལ་ཉན་དུ་བཅུག       ངས་འདྲ་པར་དེ་ལས་ཁོང་གི་སྐུའི་རྣམ་འགྱུར་ཐོག་མར་མཇལ་བ་ཡིན་ལ།    སྒྲ་ཐག་ལས་གསུང་སྐད་ཐོག་མར་ཐོས་པའི་སྐལ་བ་ལྡན་པར་གྱུར།     ཁོང་གི་སྐུའི་རྣམ་པ་དང་གསུང་གི་གདངས་ནི་ངའི་མེས་པོ་སྐོར་ཞིག་དང་ཕ་རྒན་སོགས་ལ་ཧ་ཅང་འདྲ་བོ་འདུག་པས།    ཁོ་བོར་བརྩེ་ཞིང་དུངས་ལ་ཧ་ཅང་ཐག་ཉེ་བའི་སྣང་བ་ཞིག་བྱིན་སོང་།    ལྷག་པར་དུ་ས་ཆ་གཞན་པའི་ཁོང་གི་ཡོན་བདག་དེ་ཚོས་ཁོང་ལ་དད་གུས་བྱེད་སྟངས་རེ་དག་གིས་ཁོང་གི་སྐུ་ཡོན་དང་རིན་ཐང་མཚོན་གྱིན་འདུག་སྙམ་བྱུང་།      དུས་མཚུངས་སུ་ངའི་ཡིད་ལ་ཕ་མ་གཉིས་ཀྱིས་བཤད་པའི་གནས་ཚུལ་ཞིག་སྟེ།    སྔོན་ཆད་བན་ཤུལ་བླ་ནག་གི་རྒད་པོ་རྒན་མོ་ཚོས་ཁོང་ལ་འདྲ་མིན་བཤད་ནས་འོ་བརྒྱལ་གང་མང་གཏད་མྱོང་བའི་ཚུལ་དེ་དག་ཡང་དྲན་བྱུང་།   དེ་ཡང་འཇམ་མགོན་ས་པཎ་གྱིས།    མཁས་པ་རང་གི་ཡུལ་བས་ཀྱང་།།  ཡུལ་ཁམས་གཞན་ན་མཆོད་པ་ཐོབ།།  ནོར་བུ་གཞན་དུ་བྲིན་པ་ཙམ།།  རྒྱ་མཚོའི་གླིང་དུ་ག་ལ་བྲིན།།  ཞེས་གསུངས་པ་ལྟར་མ་ཡིན་ནམ།    ཁོང་གིས་རྒྱུན་པར་《སྤྱོད་འཇུག་ཆེན་མོ་》དང་《ཞྭ་དམར་ལམ་རིམ་》སོགས་ཞལ་འདོན་གནང་ནས་ཐུགས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མིན་དུ་འཁྲུངས་ཏེ།   ནམ་རྒྱུན་ཁམས་གསུམ་གྱི་འཁོར་བ་ན་སྡུག་བསྔལ་གྱིས་གཟིར་བའི་མ་རྒན་སེམས་ཅན་ཐམས་ཅད་སྙིང་རྗེ་གསུངས་ནས་སྤྱན་ཆབ་བསིལ་བར་མཛད་པ་དང་།     སྤྱི་ཚོགས་བཅོས་སྒྱུར་མ་བྱས་གོང་ལ་ཁོང་གིས་ད་ནི་མི་རིང་བར་ང་ཚོའི་མགོ་ལ་དཀའ་སྡུག་ཆེན་པོ་ཞིག་ཡོང་རྒྱུ་རེད་གསུངས་ནས་ངུས་པས།     འགའ་ཞིག་བླ་ནག་རི་ཁྲོད་པ་སྨྱོས་འདུག་ཅེས་ཀྱང་ཟེར་མོད།         རྗེ་རུ་མང་བྱམས་པ་འཕྲིན་ལས་མཆོག་གིས་“མགོན་བཤེས་གཉེན་དམ་པ་ལ་བསྟེན་ནས།།  ཆོས་ཡོན་ཏན་རྒྱ་མཚོར་དབང་འབྱོར་ཞིང་།།  ཚེ་འདི་ཡི་འཁྲི་གཅོད་བླ་ནག་པ།།   བྱ་བཏང་རི་ཁྲོད་དབྱུག་པ་ཅན་ལ་གསོལ་བ་འདེབས།།”   ཞེས་ངེས་དོན་གདེང་འཇོག་གིས་བརྒྱན་པའི་གསོལ་འདེབས་ཀྱང་བརྩམས་གནང་མཛད་པ་རེད།       མཐར་བླ་ནག་རི་ཁྲོད་པ་ཁོང་སྤྱི་ལོ་1985ལོའི་དགུན་ཁ་སྟེ་དགུང་གྲངས་79སྟེང་སྐུ་ཐུགས་དམ་ལ་བཞུགས་བཞིན་ཞི་བར་གཤེགས།

        ཁོང་གི་བརྩམས་ཆོས་ལ་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་སྐོར་སོགས་མང་བོ་ཡོད་ཅིང་།   དེ་དག་ཕྱོགས་སོ་སོའི་ཡོན་བདག་རྣམས་ཀྱི་ལག་ཏུ་ཡོད་པ་དག་ངེད་ཀྱི་གཅེན་པོས་སྔར་ནས་གང་འཚམ་བསྡུ་རུབ་བྱས་ཡོད་པའི་སྟེང་དུ།     ང་རང་ཆེད་དུ་མཚོ་སྔོན་པོའི་རྟ་ནག་མའི་བུམ་པ་སྡེ་བར་སོང་སྟེ་ཁོང་གི་ཡོན་བདག་དད་པ་ཅན་ཚོའི་ལག་ཏུ་ཉར་ཚགས་བྱས་ཡོད་པའི་ཤོག་དྲིལ་མང་ཙམ་དང་།    ངག་ཐོག་ཏུ་ཡོད་པའི་བཏགས་པ་སོགས་སྐོར་ཞིག་སྒྲར་ཕབ་སྟེ་ཁྱེར་ཡོང་ནས་ཕྱོགས་བསྒྲིགས་བྱས་ཤིང་།    གཅེན་པོས་དེ་དག་ལ་ཞུ་དག་འོས་འཚམ་གནང་རྗེས།    གོང་དུ་གླེང་བའི་ཁོང་གི་སྐུ་པར་དེ་སོགས་རྒྱུ་ཆ་ཆ་ཚང་ཀོས་ནན་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་ལ་སྤྲད་ཅིང་།    ཁོ་ཚོས་མང་རའི་ས་ཆའི་དགེ་བཤེས་དང་མཁས་པ་རྣམས་ཀྱི་གསུང་རྩོམ་པར་སྐྲུན་བྱེད་པའི་ལས་གཞིའི་གྲས་སུ་བཞག་ནས་སྤྱི་ལོ་2019ལོའི་ཟླ་11པར་《བླ་ནག་རི་ཁྲོད་པའི་མགུར་འབུམ་ཕྱོགས་བསྒྲིགས་》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་འདུག་པས།      འདིར་ཁོང་ཚོར་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག       ཁོང་གི་སྐུ་པར་དེ་གསུང་རྩོམ་དེབ་ཀྱི་སྟེང་བཀོད་མེད་པ་དང་།     གསུང་རྩོམ་གྱི་ནང་དུ་ཁ་བྱང་ལ་“ཐང་སྟོང་རྒན་པོའི་སྐྱོ་གླུ་”ཟེར་བའི་རྩོམ་ཅུང་མང་བས།     ངའི་བསམ་ཚུལ་ལྟར་དེབ་འདིའི་ཁ་བྱང་ལ་《ཐང་སྟོང་རྒན་པོའི་སྐྱོ་གླུ་》ཞེས་མ་བཏགས་པར་ཕངས་སེམས་ཅུང་ཟད་སྐྱེས་བྱུང་།     ཁོང་གི་གསུང་རྩོམ་གྱི་བརྗོད་བྱ་གཙོ་བོ་ཕལ་ཆེར་ཆོས་འཇིག་རྟེན་གཉིས་སུ་གཏོགས་ཤིང་།    ཆོས་ཕྱོགས་ཀྱི་ཉམས་མགུར་དག་ནི་དད་གདུང་དང་དག་སྣང་གིས་ཁྱབ་ཅིང་།    ངེས་འབྱུང་དང་བྱང་སེམས་ཀྱི་རྩིས་ཟིན་པ་ཞིག་དང་།    མི་ཆོས་ཀྱི་སྐོར་ནི་ངེས་ཤེས་དང་ཉམས་མྱོང་གིས་ཕྱུག་པ་དང་།     གཏིང་ཟབ་ཅིང་གནད་ལ་ཕོག་པའི་གཏན་ཚིགས་ཀྱི་རང་བཞིན་ལྡན་པ་འབའ་ཞིག་ཡིན་ལ།    རྗོད་བྱེད་ཀྱི་ཆ་ནས་ཆོས་ཕྱོགས་ཀྱི་རྩོམ་སྟངས་ནི་ངག་གི་རྩ་མདུད་གྲོལ་ཏེ་རང་བྱུང་དུ་གྱེར་བའི་མགུར་གླུའི་རིགས་དང་།   འཇིག་རྟེན་གྱི་སྐོར་དག་ནི་དྭངས་གཙང་གི་ཆུ་ཀླུང་བརྡོལ་བ་ལྟ་བུའི་དམངས་ཁྲོད་ངག་རྩོམ་སྐྱོ་གླུ་དང་།     ཤགས་འགྱེད་བཏགས་པའི་གྲས་སུ་གཏོགས་པ་ཞིག་ཡིན་པར་སྙམ།

        ངས་ད་ལྟ་འདང་ཕྱིར་འདང་བརྒྱབ་ན།    བླ་ནག་རི་ཁྲོད་པས་ཁོང་གི་གསུང་རྩོམ་ཤོག་དྲིལ་དེ་ཚོ་ཆེད་དུ་ངེད་ཚང་གི་ཨ་ཕར་བཅོལ་དོན་ཅི་ཡིན་གྱི་དྲིས་ལན་དེའང་ཕལ་ཆེར་འདི་ཡིན་རྒྱུ་རེད་སྙམ་པའི་བསམ་ཚུལ་རབ་རིབ་ཅིག་ཀྱང་སེམས་ལ་ཤར་ཡོང་གིན་འདུག       གང་ལྟར་ད་ལྟ་ཁོང་གི་གསུང་རྩོམ་ཤོག་དྲིལ་དེ་དག་མི་མང་བོས་མཐོང་མི་ཐུབ་ནའང་།     དེའི་སྟེང་གི་ཡིག་འབྲུ་མང་ཤོས་ཤིག་ངེད་ཕུ་ནུ་ཚོས་ཕྱོགས་བསྒྲིགས་བྱས་ཤིང་།     ཀོས་ནན་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་སྐབས་དེའི་ལས་བྱེད་དག་གིས་《བླ་ནག་རི་ཁྲོད་པའི་མགུར་འབུམ་ཕྱོགས་བསྒྲིགས་》ཞེས་མཚན་བཏགས་ཏེ་པར་བསྐྲུན་འགྲེམ་སྤེལ་བྱས་ཡོད་པ་འདི་རེད།    དེ་བས།     ངས་ནམ་རྒྱུན་བླ་ནག་རི་ཁྲོད་པ་དྲན་དུས་ཤོག་དྲིལ་དེ་དག་དྲན་ཡོང་ལ།     ཤོག་དྲིལ་དེ་དག་དྲན་ཚེ།     སྡེ་ཚོ་ཆུང་ཆུང་ཞིག་ནས་འཁྲུངས་པའི་རང་གི་མེས་པོ་མཛད་རྗེས་ཅན་དེ་དྲན་ཡོང་།    དེ་བཞིན་མེས་པོ་དམ་པ་ཁོང་ནི་ཡུལ་མང་རའི་ཕྱོགས་ཀྱི་དར་རྒུད་མཚོན་པའི་ལོ་རྒྱུས་ཀྱི་ཤོག་དྲིལ་གལ་ཆེན་ཞིག་ཀྱང་ཡིན་པར་སྙམ་སྟེ་རྗེས་དྲན་གྱི་རྩོམ་ཡིག་འདི་འདྲ་ཞིག་དབང་མེད་དུ་འབྲི་དགོས་བྱུང་སོང་།

                                                                                                    སྤྱི་ལོ་2022ལོའི་ཟླ་5བར་བྲིས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།