དགུན་ཁར་མེ་ཏོག་འཆར་བའི་ས་ཆ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-06-24 07:54:44     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

ཇོ་བོའི་ཞལ་ནས། ཨུ་པ་སི་ཀ་ཁྱོད་ན་རེ་དགུན་ཡང་མེ་ཏོག་འཆར་བ་ཞིག་ཡོད་ཟེར་བ་མེ་ཏོག་ག་རེ་གསུངས་པས། འབྲོམ་རིན་པོ་ཆེས་སྙེའི་ན་མོ་ཆེར་ཇོ་བོ་རྗེ་གདན་དྲངས་ནས་གསིང་མའི་མེ་ཏོག་གཟིགས་ཕུལ་བས། ཇོ་བོའི་ཞལ་ནས་བརྫུན་མ་བཏང་ཙམ་འདུག་གསུངས།

ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་བཤུས།

 ཁྱོད་ཀྱིས་དགུན་ཁར་མེ་ཏོག་འཆར་བའི་ས་ཆ་དེ་ཤེས་སམ། སྐད་ཆ་འདི་ཐོག་དང་བོར་བཤད་མཁན་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་རེད།

ཁོང་གིས་ས་ཆ་འདི་བཙལ་ཞིང་། འདིར་ཇོ་བོར་བཞུགས་གནས་སུ་གཏན་འཁེལ་གནང་ནས་ཕྱིར་ཇོ་བོར་མདུན་དུ་ཕེབས་ནས་གནས་དེར་གདན་འདྲེན་པའི་ཆེད་དུ་ཞུས་པ་རེད། ས་ཆ་འདིའི་མིང་ལ་སྙེ་ཐང་ཟེར་ཞིང་། ལྷ་ས་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་ཀྱི་ཆུ་ཤུར་རྫོང་གི་ཁོངས་སུ་གནས་ཤིང་། ད་ལྟ་སྙེ་ཐང་སྒྲོལ་མ་ལྷ་ཁང་ཡོད་ས་དེ་རེད།

བང་སྟོན་བྱང་ཆུབ་རྒྱལ་མཚན་གྱིས་འབྲོམ་གྱི་ཐུགས་དགོངས་བཞིན་ཇོ་བོ་སྙེ་ཐང་དུ་གདན་དྲངས་ནས་ལྷོད་ཀྱིས་བཞུགས་དུས་ཇོ་བོའི་ཐུགས་ལ་སྔོན་འབྲོམ་གྱིས། བདག་གིས་ཇོ་བོའི་བཞུགས་གནས་སྙེ་ཐང་ཟེར་བ། དབྱར་བསིལ་བ། དགུན་དྲོ་བ། ནགས་ཚལ་དང་ནེའུ་གསིང་ཡོད་པ། དགུན་ཡང་མེ་ཏོག་སྐྱེ་བ་ཅིག་བཙལ་ཡོད་ཅེས་པའི་ཚིག་དེ་དྲན་བྱུང་།

དེ་ནས་ཇོ་བོས་དགེ་བཤེས་སྟོན་པར། ཨུ་པ་སི་ཀ་ཁྱོད་ཀྱིས་འདིར་དགུན་ཀྱང་མེ་ཏོག་འཆར་བ་ཞིག་ཡོད་ཟེར་བ་དེ་གང་དུ་ཡོད་ཅེས་དྲིས།

དགེ་བཤེས་སྟོན་པས་ཇོ་བོ་སྙེའི་ན་མོ་ཆེའི་ཁར་སྤྲོ་སངས་སུ་གདན་དྲངས་ནས། གསིང་མའི་མེ་ཏོག་བསྟན་པས་དགུན་ཀྱང་མེ་ཏོག་འཆར་བ་ཞིག་ཡོད་པ་འདི་ཡིན་ཞེས་ཞུས། བོད་ཁ་བ་ཅན་གྱི་ཞིང་ཁམས་སུ་འགྱུར་བ་མེད་པའི་མེ་ཏོག་འདི་ཙམ་ཞིག་ཡིན།

ཇོ་བོའི་ཞལ་ནས། བརྫུན་མ་ཡིན་པ་ཙམ་དུ་འདུག་གསུངས་ནས་ཐུགས་དེ་ཙམ་མ་མཉེས་པར་འབྲོམ་ལ། ཁྱོད་ཀྱིས་མེ་ཏོག་མེད་པར་ཡང་ཡོད་ཟེར། དེས་ན་ངས་ས་ཕྱོགས་འདིར་མེ་ཏོག་མང་པོ་འཆར་བར་བྱིན་གྱིས་བརླབ་གསུངས།

བྱང་ཆུབ་སེམས་དཔའི་ཐུགས་སྨོན་བཞིན་དུ་འགྲུབ་ངེས་ཡིན་ལ། ཁོང་གི་ཐུགས་སྨོན་གནང་ས་ཆུ་མེད་སར་ཆུ་ཐོན་པ་དང་མེ་ཏོག་མེད་སའི་མེ་ཏོག་སྐྱེ་བ་སོགས་ཐུགས་སྨོན་བཞིན་དུ་འགྲུབ་པ་ཡིན། ཇོ་བོའི་བྱིན་གྱིས་བརླབས་པས་སྙེ་ཐང་དུ་མེ་ཏོག་གི་རིགས་གཞན་ན་མེད་པ་མང་པོ་སྐྱེས་ཡོད་ཟེར།

མེ་ཏོག་ནི་མཆོད་པ་ཞིག་ཡིན་ལ། སྣང་བ་གསོ་བའི་མཆོད་པ་ཞིག་ཡིན། གང་དུ་མེ་ཏོག་ཡོད་པ་དེ་ས་སྐྱིད་པོ་ཞིག་ཡིན་ལ། མེ་ཏོག་ལ་མི་དགའ་བའི་མི་ཉུང་། སྟོན་པའི་གསུང་ལས། བླ་མ་མེ་ཏོག་སྣ་ཚོགས་མཆོད་ཅེས་མེ་ཏོག་གི་མཆོད་པའི་སྐོར་མང་བོ་གསུངས་ཡོད།

ཇོ་བོས་མེ་ཏོག་གི་མཆོད་པའི་ཚུལ་ཡང་གསུངས་ཏེ། ཁོང་གིས། དུག་གི་མེ་ཏོག་དཀོན་ཅོག་ལ་དབུལ་དུ་མི་རུང་། སྤང་རྒྱན་འདི་ཨུཏྤལའི་རྒྱུ་རུ་འདུག་པ་ལ། བོད་གྲང་བས་ཁ་མ་བྱེ་བར་འདུག མེ་ཏོག་ཤང་ཤང་ནི་རྒྱ་གར་ན་མེད། ཡོད་ན་ངས་གསེར་མཇལ་ནུས་གསུངས།

མེ་ཏོག་གིས་བླ་མར་མཆོད་པ་བཞིན་དགེ་བཤེས་སྟོན་པས་སློབ་དཔོན་ཟླ་གྲགས་ལུགས་ཀྱི་རྟོགས་པ་ཕུལ་བས། ཇོ་བོ་ཕྱག་ཐལ་མོར་ཤར་ཕྱོགས་སུ་སྦྱར་ནས། ད་ལྟ་རྒྱ་གར་ཤར་ཕྱོགས་ནའང་ལྟ་བ་འདི་ཁོ་ན་འཛིན་པ་ཡིན། ཁྱོད་ལྟ་བུའི་སྐྱེས་བུ་ཆེན་པོ་བོད་ན་འདུག་པ་ལ་བོད་བསོད་ནམས་མི་ཆུང་གི ཁོ་བོ་བོད་དུ་འོང་མི་དགོས་པ་འདུག་པ་ལ་གསུངས་ནས་གདམས་པ་སྐོར་ཞིག་གནང་། བླ་མར་རྟོགས་པ་ཕུལ་བ་ནི་མཆོད་པའི་ནང་གི་མཆོད་པ་ཡིན་ངེས།

ཡང་སྟོན་པས། ང་སྣང་བ་འདི་དོན་དང་སེམས་གང་དུ་ཡང་མི་འདོད། བརྫུན་པའི་སྣང་བར་འདོད་ཅེས་གསུངས་ཏེ། དོན་དུ་འདོད་པ་མདོ་སྡེ་སྤྱོད་པ་དང་། སེམས་སུ་འདོད་པ་རྣལ་འབྱོར་སྤྱོད་པ་ཡིན་ལ། ངའི་སྣང་ཙམ་དབུ་མ་བྱ་བ་ཀླུ་སྒྲུབ་ཀྱི་ལུགས་ཉིད་ཡིན་གསུངས།

དེ་ལ་རྗེས་ཀྱི་སྙན་ངག་པས། ཟབ་ཅིང་རྒྱ་ཆེ་བྱིན་རླབས་བརྒྱུད་རྣམས་ཀྱི། །ཆོས་ཀྱི་གཟེགས་མའང་ཆུད་ཟོས་མ་གྱུར་ལ། །བདེན་གཉིས་ཤིང་རྟའི་ལམ་ཆེན་གྱུར་པ་ཡི། །ཀུན་གྱི་བགྲོད་འོས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་མཛད།

ཇོ་བོའི་ཞལ་ནས། ངས་ཁྱོད་ལ་འདི་མ་བཤད་དམ་ཞེས། ཆོས་རེ་རེ་ལ་ལན་རེ་རེ་བསྐྱར་ཞིང་གསུང་སྐད། དེ་ལྟར་ཐུགས་ལ་འདོགས་པས་ཇོ་བོའི་ཡོན་ཏན་སྣོད་གཅིག་ཏུ་བྱོ་བ་ལྟ་བུ་དགེ་བཤེས་སྟོན་པ་ཡིན་གསུངས།

དགེ་བཤེས་སྟོན་པས་ཇོ་བོའི་ཆོས་མང་དུ་མཁྱེན་ཀྱང་། སྐྱེས་བུ་གསུམ་གྱི་གདམས་པ་མངོན་པར་རྟོགས་པའི་ལམ་གྱི་རིམ་པ་ལ་རྩལ་ཐོན། ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། ཁྱད་པར་བླ་མ་ལ་གསོལ་བ་ཐེབས་པས་ར་སྒྲེང་དུ་བཞུགས་དུས་ཇོ་བོ་དངོས་སུ་བྱོན། སླར་ཡང་གསོལ་བ་བཏབ་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་མངོན་སུམ་དུ་གཟིགས་སོ། །

1055ལོར་ཇོ་བོ་རྗེས་སྒྲོལ་མ་ལྷ་ཁང་བཞེངས་ཏེ་གཙོ་བོར་དགུན་ཁར་བཞུགས། གནས་དེར་གཞུང་ཉི་ཤུ་ལྷག་ལྗགས་རྩོམ་གནང་བ་དང་བཀའ་ཆོས་གནང་བས་སློབ་མ་ལྔ་བརྒྱ་འདུས།

ད་ལྟ་ལྷ་ཁང་འདི་རུ་ཇོ་བོ་དངོས་སུ་བཞུགས་པ་བཞིན་ཕྱག་མཆོད་གནང་བཞིན་ཡོད་ཅིང་། འབྲོམ་གྱི་དགོངས་པ་བཞིན་ཇོ་བོ་དཔོན་སློབ་འཁོར་དང་བཅས་པས་གནས་འདི་བྱིན་གྱིས་བརླབས་པས་བཀའ་གདམས་པའི་སྐྱ་རེངས་འདི་ནི་ཤར།

འདི་ནི་ངེས་པ་དོན་གྱི་དགུན་ཁའང་མེ་ཏོག་བཞད་ཅིང་། དགུན་ཁར་བཞད་པའི་མེ་ཏོག་ཀྱང་ཡལ་བ་མེད་པའི་ས་ཆ་ཞིག་རེད།


ཟླ་ལྔ་བའི་ཚེས་དགུའི་ཉིན་གྱི་ཕྱི་དྲོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲིས།


རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།