ཇོ་བོ་འཕྲིན་ལས་རྒྱས་སའི་ས་ཆ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-06-24 07:54:14     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

 -------གན་པ་བྱང་ཐང་དུ་ཕེབས་པ་ན་ལྷ་སའི་ཐད་ཀྱི་རི་ལ་ཕྱག་མཛུབ་གཏད་ནས་ཕ་གི་ན་ཅི་ཡོད་པ་ཡིན་གསུངས། ལྷ་སའི་གཙུག་ལག་ཁང་བདོག་པ་ལགས་ཞུས་པས། དེ་ཐད་འཇའི་གུར་གསུམ་བརྩེགས་འདུག ལྷའི་བུ་དང་བུ་མོ་མང་པོས་མཆོད་པ་བྱེད་ཀྱི་འདུག་གསུངས།

    ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་བཤུས། 


ཇོ་བོ་ཆེན་པོ་གདན་དྲངས་ཏེ། ལྷ་ས་འབྱོར། སྐབས་དེའི་ལྷ་ས་ཇི་འདྲ་ཞིག་ཡིན་ནམ། ལྷ་ས་ནི་འདས་མ་འོངས་ད་ལྟ་ཀུན་དུ་བོད་ཀྱི་མཚོན་བྱེད་ཡིན། 

ད་ལྟ་ལྷ་ས་ན་པོ་ཏ་ལ་དང་། ར་མོ་ཆེ། གཙུག་ལག་ཁང་། རྒྱུད་སྨད་པ། རྨེ་རུ་གསར་བ། རྨེ་རུ་རྙིང་བ། ཀླུ་སྒུག  ཞོལ་རྡོ་རིང་། རྒྱ་བོད་མཇལ་འདུམ་རྡོ་རིང་། རྫོང་རྒྱབ་ཀླུ་ཁང་། ལྕགས་པོ་རི་སོགས་ལྷ་ཁང་མང་དུ་ཡོད། 

དགེ་བཤེས་འབྲོམ་གྱིས་ཇོ་བོ་ལ་བོད་ཀྱི་དགེ་མཚན་བརྗོད་དུས་གཙོ་བོ་ལྷ་ས་ཡིན་པ་སྨྲས་མ་དགོས་ཤིང་། འབྲོམ་གྱིས་སྙེ་གནས་ཐང་དུ་ཇོ་བོའི་བཞུགས་གནས་སུ་གཏན་འཁེལ་བྱེད་པའང་ལྷ་ས་ལ་འབྲེལ་བ་ཆེན་པོ་ཞིག་ཡོད་ངེས། 

གང་ལྟར་ཡང་ལྷ་སའི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ཡིན་པ་འདྲ། སྤོ་ཐོས་གྲོང་ཁྱེར་བརྩིགས་ཤིང་སྲོང་བཙན་གྱིས་དམར་བོའི་རི་ལ་ཕོ་བྲང་བཞེངས་པ་ནས་རིམ་བཞིན་བོད་ཀྱི་རིག་གནས་དང་དཔལ་འབྱོར་ཡོད་ཚད་ཀྱི་ལྟེ་བར་གྱུར།བོད་ཡིག་གསར་བཏོད་མཛད་ནས་རྒྱ་གར་གྱི་རིག་གནས་དང་། རྒྱ་བཟའ་བལ་བཟའ་བསུས་ནས་མཐའི་རིག་གནས་བོད་དུ་དྲངས། ཁྲིམས་ཡིག་མང་བོ་གཏན་ལ་ཕབ་སྟེ་མི་རྣམས་རང་དབང་དང་ལྡན་པར་བྱས། སྲོང་བཙན་ནས་བཟུང་གླང་དར་མའི་བར་དུ་བོད་བཙན་པོས་འདི་ནས་སྲིད་བསྐྱངས། 

བོད་སིལ་བུར་ཐོར་ཡང་ལྷ་སའི་གྲོང་ཁྱེར་འདི་སྔར་བཞིན་བོད་ཀྱི་རིག་གནས་དང་དཔལ་འབྱོར་གྱི་ལྟེ་བར་གྱུར་པ་ལ་འགྱུར་བ་གང་ཡང་མ་སོང་། དེ་ནི་སྲོང་བཙན་སྐབས་སུ་ལྷ་སར་ལྷ་ཁང་མང་བོ་བཙུགས་པའི་རྐྱེན་གྱིས་ཡིན་སྲིད། 

རྗེས་སུ་ས་སྐྱ་བ་ནས་བོད་གཅིག་གྱུར་བྱུང་ན་ཡང་ཁོང་ཚོས་ཆབ་སྲིད་ལྷ་སར་མ་བཙུགས་པར་ས་སྐྱ་དང་སྣེ་  གདོང་། རིན་སྤུངས། གཙང་སོགས་སུ་བཙུགས་པ་རེད། 

ཡིན་ན་ཡང་། རྗེ་ཙོང་ཁ་བའི་སློབ་རྒྱུན་དང་བཅས་པས་ལྷ་སའི་མཐའ་སྐོར་དུ་དགོན་པ་མང་བོ་བཏབ་ཅིང་། ལྷ་སར་སྨོན་ལམ་ཆེན་མོ་བཙུགས་པ་ལ་བརྟེན་ནས་ལྷ་ས་འདི་དངོས་ནས་ལྷ་སར་གྱུར་ཅིང་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་མཚོན་བྱེད་ཅིག་ཏུ་གྱུར། 

རྒྱལ་བ་སྐུ་ཕྲེང་ལྔ་བའི་སྐུ་དུས་སུ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་སྲིད་གཞུང་གསར་བ་དེ་འབྲས་སྤུངས་དགོན་ནས་ཕོ་བྲང་པོ་ཏ་ལར་གནས་སྤོས་གནང་བར་བརྟེན། ལྷ་ས་གྲོང་ཁྱེར་དེ་ཉིད་ཆོས་སྲིད་གཉིས་ལྡན་གྱི་ལྟེ་གནས་སུ་གྱུར། 

ཇོ་བོ་ལྷ་སར་ཕེབས་པ་ནི་འབྲོམ་གྱི་ཐུགས་དགོངས་ཡིན་ལ། བོད་དབུས་སུ་གདན་འདྲེན་པའི་དགོས་པའང་ཡིན། ལྷ་སར་ཕེབས་ཏེ་དགུན་གཅིག་བཞུགས་ཏེ། ཡེར་བ་དང་འཕན་ཡུལ་སོགས་སུ་འགྲོ་དོན་མཛད་པ་ལས་ཆོས་ཞུ་བའི་སློབ་མ་གྲངས་ཀྱིས་མི་ལང་བ་འདུས། 

ཇོ་བོ་བོད་དུ་ཕེབས་དུས་བོད་ཀྱི་མི་རྣམས་ཀྱིས་བསུ་བ་གནང་བར་མ་ཟད། བོད་ཀྱི་ལྷ་སྐལ་དུ་གྱུར་པའི་འཕགས་པ་སྤྱན་རས་གཟིགས་ཀྱང་དངོས་སུ་བསུ་བར་སླེབས་པ་ཡིན།  སྐབས་དེར་ཇོ་བོ་བོད་དུ་ཕེབས་པས་ལྷ་སར་གཟི་མདངས་གསར་བ་ཞིག་བསྣམས་པ་འདྲ། 

ལྷ་ས་ན་སྨྱོན་མའི་བརྟུལ་ཞུགས་འཛིན་པའི་མཁའ་འགྲོ་མས་ཀྱང་ཇོ་བོར་བསུ་ཞིང་། མངོན་དང་མི་མངོན་པའི་སྒོ་ནས་ཇོ་བོའི་འཕྲིན་ལས་འདེགས་པའི་ལས་ལ་བརྩོན། ལོ་རབས་མང་བོ་ས་འོག་ཏུ་སྦས་པའི་རྒྱལ་བོ་སྲོང་བཙན་སྒམ་པོའི་རྣམ་ཐར་བཀའ་ཆེམས་ཀ་ཁོལ་མའི་གསང་བའང་ཇོ་བོར་གསུངས་ནས་ལྷ་ལྡན་གཙུག་ལག་ཁང་གི་ཀ་བ་ཤིང་ལོ་ཅན་གྱི་གསེབ་ལས་དེ་དག་གཏེར་ནས་བཏོན། 

རྔོག་གིས་ཡེར་པར་སྤྱན་དྲངས་ནས་བཞུགས་པའི་དུས་སུ། བང་སྟོན་གྱིས་སྤྱན་འདྲེན་བཏང་བྱུང་བས། ཡེར་པ་འབྲོག་བཟང་བས་ཇོ་བོས་དྲེལ་ཁལ་དང་རྟ་ཕྱུགས་རྣམས་བཞག་ནས་གང་འདོད་དུ་ཡན་དུ་བཅུག

དེ་ནས་སྙེ་ཐང་དུ་བྱོན་པའི་དུས་སུ། བང་སྟོན་གྱི་སྲིང་མོ་བཙུན་མ་ཕྱུག་མོ་ཞིག་ཡོད་པ་དེས་བང་སྟོན་གྱི་གྲོགས་བྱས་ནས། ཇོ་བོ་དཔོན་གཡོག་ལ་སྣ་ལེན་བཟང་པོ་གྲུབ། མཐར་དགུང་ལོ་བདུན་ཅུ་རྩ་གསུམ་པར་དགོངས་པ་གཞན་དོན་དུ་ཕེབས་སའང་གནས་འདིར་ཡིན། 

འཕྲིན་ལས་རྒྱས་ཞེས་པ་ནི་རྒྱུ་ནོར་ལོངས་སྤྱོད་རྒྱས་པ་མ་ཡིན་པར་ཆོས་ལྡན་གྱི་སློབ་མ་རྒྱས་པའི་དོན་ཏེ། སློབ་དཔོན་དཔའ་བོས། འཇིག་རྟེན་རྣམས་ལ་ཐུགས་བརྩེ་བས། །ཡུན་རིང་ས་སྟེང་དམ་ཆོས་བཤད། །འཇིག་རྟེན་གསུམ་ལ་ཕན་འདོགས་པའི། །སློབ་མ་དམ་པ་མང་དུ་བསྐྲུན། །ཞེས་གསུངས་པ་བཞིན་ནོ། །

ཟླ་ལྔ་བའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲིས། 


རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།