བོད་ལ་མི་འཚམ་པའི་ཆོས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-06-06 22:33:53     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

ཇོ་བོ་བོད་དུ་མ་བྱོན་གོང་དུ་སྔགས་ལ་བསྙད་པའི་རྩིང་ཆོས་ཆེར་དར་བ་ཉམས་སྨད་པའི་ཆེད་དུ་གཙང་ལ་སྟོད་ལྡོག་གི་ཚ་སྣ་བྱ་བ་ལ་ཅིག་ཅར་འཇུག་པའི་ངོར་དོ་ཧ་རྡོ་རྗེའི་མགུར་བྱ་བ་གསུངས་པས། དགེ་བཤེས་སྟོན་པས་བོད་དུ་ཆོས་འདི་གསུངས་པ་མི་ལེགས། བསྐལ་པ་སྙིགས་པས་སྡོམ་པ་བསྲུང་བ་དང་། ཚོགས་གསོག་པ་མི་མཆི། ལས་རྒྱུ་འབྲས་ལ་སོགས་པ་བསྟན་པ་སྤྱི་ལ་ཕན་པའི་ཆོས་གསུང་བར་ཞུས།

རྣམ་ཐར་ལས།


བོད་ལ་མི་འཚམ་པའི་ཆོས་ཤིག་ཡོད་དམ། 

ཆོས་ནི་གདུལ་བྱའི་སླད་དུ་གསུངས་པས་གདུལ་བྱ་མི་འདྲ་བས་སོ་སོར་གསུངས་པའི་ཆོས་ཀྱང་འདྲ་མི་སྲིད་ལ། གདུལ་བྱ་གཞན་ལ་གསུངས་པ་དེ་གདུལ་བྱ་འདིར་འཚམ་པའི་ངེས་པ་དེ་བས་ཀྱང་མེད།

བསྟན་པ་སྔ་དར་གྱི་སྐབས་སུ་བོད་ཀྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཚུལ་དེ་གསལ་བོར་དགོངས་ཡོད། སྐབས་དེར་དམ་པའི་ཆོས་བསྒྱུར་པ་ལའང་ཡུལ་དང་དུས་དང་འཚམ་དགོས་པ་ལས། དེ་མིན་ན་གནོད་པའང་འབྱུང་ངེས་པ་ཡིན།

སྦ་བཞེད་ལས། རྒྱ་དཀར་པོའི་ཆོས་གང་བསྒྱུར་བ་ཡང་། རྩ་བའི་སྡེ་བཞིར་གནས་པ་ལ། ཕལ་ཆེན་པའི་སྡེ་པ། གནས་བརྟན་པའི་སྡེ་པ། མང་པོས་བཀུར་བའི་སྡེ་གསུམ་ཤ་ལ་སྤངས་པས་བོད་ལ་མི་འཚམས་པར་མཁྱེན་ནས་མ་བསྒྱུར།ཞེས་ཤ་སྤངས་ན་བོད་མི་རིགས་ཀྱི་འཚོ་བ་ལ་གནོད་པ་ཆེན་པོ་འབྱུང་བས་དེ་རིགས་བསྒྱུར་མེད།

དེ་བཞིན་ཡོ་ག་མུ་སྟེགས་བྱེད་དགེ་བ་ལ་གཟུད་པའི་ཆེད་དུ་གཙང་རྨེ་མེད་པར་བསྟན་པ་ཆོས་གཞུང་ཇི་ལྟ་བ་མ་རྟོགས་ཏེ། ལོག་པར་འཇལ་བའི་རྟོག་པར་འགྱུར་བས་བོད་ལ་མི་འཚམས་པས་མ་བསྒྱུར་པ་དང་། ཀྲྀ་ཡ་བྲམ་ཟེ་དགེ་བ་ལ་ཞུགས་པའི་དོན་དུ་གསུངས་ཏེ། བོད་གཙང་སྦྲ་ཆུང་བས་མ་བསྒྱུར། ཨ་ནུ་རྨེ་བག་ཅན་ལ་བསྟན་པ་བོད་རྣམ་རྟོག་ཆེ་བས་མ་བསྒྱུར། ཞེས་གསལ་བོར་གསུངས་ཡོད།

དེ་ནི་ལོ་ཙཱ་བའི་མན་ངག་ཆེན་པོ་ཞིག་ཡིན།  བསྟན་པ་ཕྱི་དར་གྱི་སྐབས། ལྷག་པར་ཕྱི་དར་ལ་དག་ཐེར་བྱེད་པའི་སྐབས་འདིར་བླང་དོར་དེ་གསལ་བོར་བརྩི་མཁན་དང་། བོད་ཀྱི་གནས་བབས་ལ་བསམ་ནས་དགེ་བཤེས་འབྲོམ་སྟོན་པ་ཡིན། 

ཇོ་བོ་བོད་དུ་མ་བྱོན་གོང་དུ་སྔགས་ལ་བསྙད་པའི་རྩིང་ཆོས་ཆེར་དར་བ་ཉམས་སྨད་པའི་ཆེད་དུ་གཙང་ལ་སྟོད་ལྡོག་གི་ཚ་སྣ་བྱ་བ་ལ་ཅིག་ཅར་འཇུག་པའི་ངོར་དོ་ཧ་རྡོ་རྗེའི་མགུར་བྱ་བ་གསུངས་པས། དགེ་བཤེས་སྟོན་པས་བོད་དུ་ཆོས་འདི་གསུངས་པ་མི་ལེགས། བསྐལ་པ་སྙིགས་པས་སྡོམ་པ་བསྲུང་བ་དང་། ཚོགས་གསོག་པ་མི་མཆི། ལས་རྒྱུ་འབྲས་ལ་སོགས་པ་བསྟན་པ་སྤྱི་ལ་ཕན་པའི་ཆོས་གསུང་བར་ཞུས།

ཨ་ཏི་ཤ་ཡང་ཤིན་ཏུ་མཉེས་ཏེ། དགེ་བཤེས་སྟོན་པའི་རྣམ་དཔྱོད་ལ་ཐུགས་མགུ་ནས། སེམས་ཅན་ཆེན་པོ་ཁྱོད་ལྟ་བུ་བོད་ན་བཞུགས་པ་བོད་བསོད་ནམས་ཆེའི། ཁོ་བོས་ཁྱོད་རྒྱ་གར་དུ་ཐོས་ན་བོད་དུ་འོང་མི་དགོས་པ་འདུག་པ་ལ་གསུངས་ནས་བསྔགས་པ་བརྗོད། དེ་ནི་ཆོས་རྣམ་དག་མ་ཡིན་པར་བསྟན་པ་མ་ཡིན་པར་གདུལ་བྱ་དང་བསྟུན་པའི་ཆེད་དུ་རེད།

དེ་བས་བཀའ་གདམས་གོང་མ་རྣམས་གསང་སྔགས་སྤྱི་དང་། ཁྱད་པར་བླ་མེད་ལ་ཤིན་ཏུ་དམ་དོགས་ཆེ་བ་མཛད།  ཡིན་ནའང་དེ་ནི་སྤྱི་དང་བྱེ་བྲག་གི་དབྱེ་བ་ཕྱེས་ཡོད་དེ།  ཇོ་བོ་རྗེས་འབྲོམ་ལ་་། ཁྱད་པར་དུ་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་འཁོར་ལོ་བདེ་མཆོག་སོགས་བླ་མེད་སྤྱི་དང་། རྒྱུད་སྡེ་བཞིའི་མན་ངག་རྣམས་གསང་བའི་ཚུལ་གྱིས་ཡོངས་སུ་རྫོགས་པ་གནང་བས་འབྲོམ་རྗེ་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པའི་བདག་པོར་གྱུར།

བྱིས་པ་རྣམས་ཀྱི་བཞོན་པ་རྟ་གཡང་མོ་འབུ་ཞར་བ་ལྟ་བུ་ལས་རྟ་རྒོད་པོ་རྐྱང་འདྲ་བ་ག་ལ་ཡིན། དེ་བཞིན་གསང་སྔགས་ནི་ཐུན་མོང་ལམ་སྦྱོང་བ་སྔོན་དུ་སོང་བ་དག་གི་བསྒྲུབ་བྱ་ལས། སྐྱབས་འགྲོ་མི་ཤེས་པ་དག་གི་རྩེད་སྤྱད་ཅིག་ག་ལ་ཡིན།

གསང་སྔགས་གསང་དགོས་ཤིང་། མ་གསང་ན་གསང་སྔགས་མིན། གསང་སྔགས་ཁྲོམ་བསྒྲགས་སུ་མཛད་པ་འོས་པ་མིན་ཏེ།  བཀའ་གདམས་པ་གསང་སྔགས་ཉམས་སུ་ལེན་དུས་གསང་ཞིང་སྦས་པ་ལས་གཞན་གྱིས་བལྟས་ན་བཀའ་གདམས་པ་ལ་གསང་སྔགས་ཤིག་ཡོད་པའང་ཤེས་དཀའ།

ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་ནའང་། སྐབས་དེར་ཡང་ད་ལྟ་ནང་བཞིན་བཞིན་བོད་ནི་ཆང་ལ་དགའ་བའི་ལུང་བ་ཞིག་ཡིན།  ཇོ་བོས་ཆང་གི་ཉེས་དམིགས་ལ་སོགས་པ་མང་དུ་གསུངས་ནས། ངས་ཕལ་ཆེན་སྡེ་པ་འཛུགས་གསུང་བ་ལ། དགེ་བཤེས་སྟོན་པས་སྤོབས་པ་བསྐྱེད་དེ། ཨ་ཏི་ཤ་དེ་མི་མཛད་པར་ཞུ། བོད་དུ་འདི་མི་ལེགས་ཞུས་པས། ཇོ་བོའི་ཞལ་ནས། ངས་དོ་ཧ་རྡོ་རྗེའི་མགུར་ལ་སོགས་པ་བཤད་དབང་ཡང་མེད་སྡེ་པ་ཡང་འཛུགས་དབང་མེད་ན། ཁོ་བོ་བོད་དུ་འོངས་པ་དོན་མ་མཆིས་གསུངས།

འབྲོམ་གྱིས་ཅིའི་ཕྱིར་རང་གི་བླ་མར་དེ་ལྟར་བཀག་པ་ཡིན་ནམ། དེ་ནི་ཆོས་དེ་དག་སྤེལ་ན་བོད་ཀྱི་གནས་བབས་དང་མི་མཐུན་པ་སྟེ།བྱ་ཡུལ་བའི་ལམ་རིམ་ལས།  ཕལ་ཆེན་པའི་ལུགས་ལ་སྡེ་པ་གཅིག་ལ་རྩ་ལྟུང་བྱུང་ན། སྡེ་པ་གཞན་ལས་སྡོམ་པ་བླངས་ན་སྐྱེ་བར་འདོད་པས་དེ་མི་ལེགས་དགོངས་ནས། དགེ་བཤེས་སྟོན་པས་སྡེ་པ་མི་འཛུགས་བར་ཞུས་པ་ཡིན་ཞེས་་གསུངས།

བཀའ་གདམས་ཆོས་འབྱུང་ལས། ཁ་ཅིག་ཕལ་ཆེན་སྡེ་པ་ཆང་རྩ་བ་དང་། མི་ཚངས་སྤྱོད་ཡན་ལག་ཏུ་འདོད་པ་ལ་བོད་གཉེན་པོ་ངན་པས་དེ་མི་ཐུབ་སྙམ་ནས་བཀག་པར་བཞེད་པ་ཡོད་ཀྱང་། ཕལ་ཆེན་པའི་སོ་ཐར་གྱི་རྒྱ་དཔེར་མི་ཚངས་སྤྱོད་ཉིད་རྩ་བར་འདུག་ཅེས་བདག་གི་བླ་མ་གསུང་ངོ་། །ཞེས་གསུངས།

རྗེ་ཙོང་ཁ་བ་ཆེན་པོས་དེས་ ན་ཆོས་ཐེག་པ་ཆེན་པོའི་ཆོས་ཡིན་པས་མི་ཆོག་གི  །གང་ཟག་དེ་ཐེག་པ་ཆེན་པོ་  བར་ཚུད་པ་ཞིག་གལ་ཆེའོ། །ཐེག་ཆེན་པར་བྱེད་པའང་བྱང་ཆུབ་ཀྱི་སེམས་ཉིད་ལ་རག་ལས་པས་ན།  སེམས་དེ་གོ་བ་ཙམ་ལས་མེད་ན་ཐེག་ཆེན་པའང་དེ་དང་འདྲ་ལ།  སེམས་དེ་མཚན་ཉིད་ཚང་པ་ཞིག་ཡོད་ན་ཐེག་ཆེན་པའང་རྣམ་པར་དག་པ་ཞིག་འོང་བས་འདི་ལ་འབད་པར་བྱའོ། །ཞེས་གསུངས་སོ། །

བོད་ལ་མི་འཚམ་པའི་ཆོས་ཡོད་ལ། རང་ཅག་མི་འཚམ་པའི་ཆོས་ཀྱང་ཡོད་པས་ཆོས་རྒྱུད་དང་འཚམ་པ་ནི་ཆོས་ཆོས་སུ་འགྲོ་བའི་མཐུན་རྐྱེན་ལེགས་པོ་ཞིག་གོ།

ཟླ་ལྔ་བའི་ཚེས་ཚེས་ལྔའི་སྔ་དྲོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲིས།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།