རང་གི་ཚབ་ཏུ་བསྐུར་པའི་འཕྲིན་ཡིག

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-06-06 22:33:06     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

--------ཇོ་བོ་དང་ཤི་འབྲལ་བྱེད། དེ་ནས་ཚེ་ལ་བར་ཆད་མ་བྱུང་ན། ཁྱེད་ཀྱི་མཆོད་གནས་ངས་བྱེད་པ་ཡིན་གྱིས་བྱ་བའི་ཞལ་འཕྲིན་ཀྱང་བསྐུར་བ་ལགས་པར་གདའ།

འབྲོམ་གྱིས་ཞང་འཕྲང་ཁ་བེར་ཆུང་ལ་བསྐུར་བའི་འཕྲིན།

འཕྲིན་ཡིག་ནི་མི་དང་མིའི་བར་གྱི་ཁ་བརྡ་ཡིག་ཐོག་ཏུ་བཀོད་པའི་ཡི་གེ་ཞིག་རེད། འགྲོ་བ་མི་བྱུང་བ་ནས་འཕྲིན་ཡིག་གིས་བསམ་བློ་དང་བརྩེ་དུས་སོགས་ཕན་ཚུན་ལ་བསྐྱེལ་ཅིང་། རིམ་བཞིན་ཆོས་ལའང་འཕྲིན་ཡིག་མེད་དུ་མི་རུང་ཞིག་ཏུ་གྱུར་ཡོད།

སྟོན་པའི་སྐབས་སུ་འཕྲིན་ཡིག་གི་དམ་པའི་ཆོས་སྤེལ་ཅིང་། སྡོམ་པའང་འབོགས་པའི་ཆོ་ག་ཞིག་ཀྱང་དར་མྱོང་སྟེ། དེ་ལ་འཕྲིན་ཆོག་ཟེར། འཕྲིན་ཡིག་གིས་བུ་མོ་ཆོས་སྦྱིན་མ་ཞེས་པ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པའི་ལོ་རྒྱུས་མཚར་བོ་ཞིག་ཡོད།

ཚང་མས་ཤེས་པ་སྟེ། བཤེས་སྤྲིངས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛའ་བཤེས་ཀྱི་གྲོགས་པོར་བསྐུར་བའི་འཕྲིན་ཡིག་ཅིག་སྟེ། འཕྲིན་ཡིག་འདི་གྲོགས་པོ་ལ་བསྐུར་བ་ཡིན་ཡང་འདིའི་དམིགས་ས་ཁོང་གི་གྲོགས་པོ་དེ་དང་དེ་ལྟ་བུའི་གྲོགས་པོ་མང་བོ་ཞིག་ལ་བསྐུར་བ་ཡིན།

ཇོ་བོ་བོད་དུ་བྱོན་པའི་སྐབས་སུ་དགེ་བཤེས་སྟོན་པས་ཡོངས་སུ་གྲགས་པའི་འཕྲིན་ཡིག་གཉིས་བསྐུར་མྱོང་། གཅིག་ནི་གོང་དུ་བཤད་པ་ལྟར་ཇོ་བོ་གདན་འདྲེན་པའི་ཆེད་དུ་བོད་རྣམས་ལ་བསྐུར་བའི་འཕྲིན་ཡིག་དེ་ཡིན་ལ། གཅིག་ནི་ཇོ་བོ་རང་གི་སློབ་མ་ཞིག་ལ་བསྐུར་བའི་འཕྲིན་ཡིག་རེད།

འཕྲིན་ཡིག་ཕྱི་མ་འདིར་འཕྲིན་ཡིག་སྔ་མ་ལྟ་བུའི་གྲགས་པ་ཞིག་མེད་ནའང་། བརྗོད་བྱའི་ཆ་ནས་བཤད་ན་དུས་ནམ་ཡང་ཉམས་པ་མེད་པའི་འཕྲིན་ཡིག་ཅིག་རེད།

དེ་ནི་ཇོ་བོ་དཔོན་གཡོག་གིས་འོན་དུ་ཟླ་བ་གཅིག་བཞུགས་ནས་བསམ་ཡས་སུ་ཕེབས་པའི་སྐབས་སུ་བྱུང་སྟེ། ་ཞང་འཕྲང་ཁ་བེར་ཆུང་གིས་དགེ་བཤེས་སྟོན་པ་སྤྱན་འདྲེན་པའི་མི་གཉིས་བཏང་ནས་སླེབས་བྱུང་། དགེ་བཤེས་སྟོན་པ་ལ་མཚོན་ན་ཞང་འཕྲང་ཁ་བེར་ཆུང་གིས་གདན་འདྲེན་པ་སླེབས་པ་ནི་ཆེས་གལ་ཆེ་བ་ཞིག་ཡིན་མོད། དེ་བས་ཀྱང་་གལ་ཆེ་བ་ནི་ཇོ་བོ་འཕྲིན་ལས་ཕྱོགས་སུ་འདེགས་པ་དེ་ཡིན།

སྤྱན་འདྲེན་པ་རྣམས་ཀྱིས་བྱོན་པར་ཡང་ཡང་བསྐུལ་བ་ལ། སྟོན་པས། ང་ད་ལྟ་འོང་མི་ཁོམ། ཇོ་བོ་སྐུ་ན་མཐོ་ལ་སྐུ་གཅོང་མང་བས་ཞབས་ཏོག་གལ་ཆེ།  དེའི་བར་དུ་ཐུགས་མི་ཆད་པར་ཆོས་འདི་ཚོ་ལ་དགོངས་པར་ཞུ་གསུངས་ནས་འཕྲིན་ཡིག་འདི་བྲིས།

འཕྲིན་ཡིག་འདི་ནི་ནམ་ཡང་ལོངས་སྤྱད་ནས་མི་ཚར་བའི་རྫ་ཆབ་དྭངས་མ་ཞིག་དང་འདྲ་སྟེ། ང་ཚོས་ཀྱང་ཞང་འཕྲང་ཁ་བེར་ཆུང་དང་མཉམ་དུ་བདུད་རྩིའི་ཆབ་རྒྱུན་འདི་ལ་ལན་ཅིག་མྱོང་བར་བྱ།

  ཡབ་མེས་ཆོ་རིགས་བཟང་པོའི་རྗེས་འབྲངས་ཤིང་། །དགེ་བའི་བློ་མངའ་དལ་འབྱོར་ལྡན་རྣམས་ལ། །ཕན་པར་དགོངས་པའི་སེམས་ཀྱིས་ཀུན་བླངས་ནས། །བདུད་རྩི་འདྲ་བའི་གྲོས་ཤིག་ཡོངས་ལ་འདེབས། །

སྙོམས་པར་འཆར་བའི་ཉི་མའི་འོད་ཟེར་བཞིན། །སངས་རྒྱས་བསྟན་པས་ཀུན་ལ་ཡེ་ཁྱབ་སྟེ། །བྱང་དུ་བལྟས་པའི་བྲག་ཕུག་ཇི་བཞིན་དུ། །དམ་པའི་ལྷ་ཆོས་མི་མཛད་བློ་རེ་རྨོངས། །

འོ་སྐོལ་དལ་འབྱོར་མི་ལུས་ཐོབ་པ་ཡང་། །ད་ལྟ་ཉིད་ཀྱི་སྐུ་སྤྱོད་མ་ལགས་ཏེ། །ཡབ་ཡུམ་ལས་འཕྲོ་མཐུན་པའི་འདུ་འཕྲོད་དང་། །ཚེ་སྔོན་བསོད་ནམས་བསགས་པའི་རྒྱུ་ལས་གྲུབ། །

དེ་ལྟར་རྙེད་དཀའི་མི་ལུས་ཐོབ་ཙ་ན། །སྡིག་པ་སྤངས་ཏེ་དགེ་བ་མ་སྤྱད་ན། །མཐོན་པོའི་རི་ལ་ཕྱིན་ནས་སླར་ལྟུང་ཞིང་། །མི་ལུས་ཐོབ་པ་དོན་མེད་ཆུད་མ་གཟོན། །

འོ་སྐོལ་སྟོན་པ་སངས་རྒྱས་བྱོན་ནས་ཀྱང་། །དམ་ཆོས་བདུད་རྩི་ཇི་སྙེད་གསུངས་པ་དག །རྟག་པའི་དོན་དུ་གསུངས་པ་མ་ཡིན་ཏེ། །མི་རྟག་ངེས་ནས་གསུངས་པ་མ་ཡིན་ནམ། །

རྟག་གམ་མི་རྟག་དཔེར་ན་འདི་འདྲ་སྟེ། །འོ་སྐོལ་ཡབ་མེས་སྔ་རབས་འདས་པ་དག །ད་ལྟ་མིང་ཙམ་ལུས་ནས་མ་སོང་ངམ། །རྟག་པ་ལགས་ན་ད་ལྟ་གང་ན་གདའ། །

འོ་སྐོལ་ཉིད་ཀྱི་སྐུ་རིང་འདི་ལ་ཡང་། །ན་ཚོད་མཐུན་པའི་རྒན་གཞོན་མཐོ་དམན་སོགས། །ཇི་སྙེད་གུམ་པ་ཐུགས་ཚོད་མི་མངའ་འམ། །སྙན་གྱིས་གསན་པ་དེ་བས་ཤིན་ཏུ་མང་། །

ན་ནིང་དིང་སང་དོ་གཅིག་བར་ལ་ཡང་། །ཕངས་པའི་མི་དང་ཡུལ་མི་ཁྱིམ་མཚེས་ལས། །མཚོན་གྱིས་རྨས་དང་དེ་བཞིན་བྲོ་འཚལ་ནས། །གྲངས་ཀྱིས་གུམ་པ་སྤྱན་གྱིས་མ་གཟིགས་སམ། །

ཀུན་ཀྱང་ཆོས་ཉིད་འདི་ལས་མ་འདས་ཏེ། །འཆི་བའི་རེ་མོས་འོ་སྐོལ་ཀུན་ལ་འོང་། །དེ་རིང་སང་གི་དབང་ཡང་མ་མཆིས་ཏེ། །ཐམས་ཅད་མི་རྟག་འཇའ་ཚོན་རི་མོ་འདྲ། །

གཟུགས་ནི་ལྷོ་སྤྲིན་འདྲ་སྟེ་ཁད་ཀྱིས་འཇིག །སྲོག་ནི་བ་ཐག་འདྲ་སྟེ་གྱི་ན་ཙམ། །དབུགས་ནི་ན་བུན་འདྲ་སྟེ་ཡོད་ལ་མེད། །ཚེ་འདི་གློག་དང་འདྲ་སྟེ་སྐད་ཅིག་མ། །འོ་སྐོལ་ཕུང་པོ་འདི་ལ་ཕངས་མཛད་ཀྱང་། །ཁྲེལ་མེད་སླེས་ལ་བོར་བ་མཐོང་བཞིན་དུ། །སྒྱུ་མ་རྟག་ཏུ་རེ་བ་བློ་རེ་རྨོངས། །སྟོང་པ་དངོས་པོར་ལྟ་བ་བློ་རེ་འཁྲུལ། །

ཇི་ལྟར་བགྱིས་ཀྱང་རང་དང་ཕུང་པོ་འདི། །འབྲལ་བར་མི་འདོད་འགྲོགས་པར་རེ་འདོད་ཀྱང་། །གོས་རྙིང་བརྗེ་བ་བཞིན་དུ་ཕྱིར་ལུས་ནས། །ལུས་སེམས་སོ་སོར་ཆ་བ་མ་དགོངས་སམ། །

བསོད་ནམས་ལས་གྲུབ་འབྱུང་བཞི་འདུས་བསྐྱེད་པའི། །པདྨོ་ལྟ་བུར་རྒྱས་པའི་ལུས་འདི་ལ། །དགྲ་སྡང་རྣམ་ཤེས་བརྒྱད་ནི་དུག་སྦྱོར་ན། །སྒྱུ་མའི་ཕུང་པོ་ད་ལྟ་ཇི་སྙམ་མཛད། །

དེ་ལ་སྐྱེས་བུ་དམ་པའི་སྨན་པ་ཡིས། །རྣམ་ཐར་བརྒྱད་ཀྱི་སྨན་གྱིས་མ་བཅོས་ན། །འཆི་བདག་བདུད་ཀྱི་བགེགས་ནི་གདོན་ངོ་མཐོ། །མ་རིག་དུག་གསུམ་གཏན་གྱི་ནད་གཞི་ཆེ། །

མི་རྟག་འཆི་བའི་ནད་ཀྱིས་ཟིན་པ་ལ། །འཚོ་བྱེད་གཞོན་ནུའི་སྨན་གྱིས་ཅང་ཕན་ནམ། །བདུད་ཀྱི་ཞགས་པ་ནག་པོས་ཟིན་པ་ལ། །མོ་བོན་གཏོ་དཔྱད་རིམ་གྲོས་ཅང་ཕན་ནམ། །

དབང་མེད་དུས་ཀྱིས་རྒྱས་འདེབས་བྱེད་པ་ལ། །གཉེན་བཤེས་ཉེ་དུས་བསྐོར་བས་ཅང་ཕན་ནམ། །རྟག་པ་མ་ལགས་ཀུན་ཀྱང་མི་རྟག་སྟེ། །རྟག་ཏུ་བཏུབ་ན་སངས་རྒྱས་སྐུ་འདི་རྟག །

ཡོད་པ་མ་ལགས་ཀུན་ཀྱང་མེད་པ་སྟེ། །ཡོད་དུ་བཏུབ་ན་རྣམ་ཤེས་སེམས་འདི་ཡོད། །བདེན་པ་མ་ལགས་ཀུན་ཀྱང་བརྫུན་པ་སྟེ། །བདེན་དུ་བཏུབ་ན་དམ་པའི་ཆོས་འདི་བདེན། །

ངེས་པ་མ་ལགས་ཀུན་ཀྱང་མ་ངེས་ཏེ། །ངེས་སུ་བཏུབ་ན་དགེ་སྡིག་རྒྱུ་འབྲས་ངེས། །འདོད་ཆགས་ཞེ་སྡང་མ་རིག་དེ་དག་ལས། །མི་ཤེས་གཏི་མུག་གཉིད་ནི་མ་ཆེ་བར། །དགེ་བ་བཅུ་ཡི་མེལ་ཚེ་འབད་ལ་མཛོད། །

མ་རིག་གཉིད་ལས་སངས་པའི་དུས་བྱུང་ན། །ཡང་དག་བདེན་པའི་ནམ་ཞིག་ལངས་ཙ་ན། །མཐོ་དམན་མཁའ་ལ་ ཉི་ཤར་ཇི་བཞིན་དུ། །འགྲོ་མགོན་སངས་རྒྱས་དེ་དང་ཕྲད་པར་མཛོད། །ཅེས་བྱ་བའི་ཚིགས་སུ་བཅད་པ་བཅོ་བརྒྱད་དང་།

གང་གི་དྲིན་གྱིས་བདག་བློ་རྒྱས་མཛད་པའི། །བླ་མ་དམ་པ་རྣམས་ཀྱི་ཞབས་ལ་འདུད། །གཏིང་མཐའ་མེད་པའི་འཁོར་བའི་རྒྱ་མཚོ་འདིར། །དེ་སྔ་ཕན་ཆད་ཇི་ཙམ་པ་ཅིག་འཁྱམས། །

ད་ཡང་ཇི་ཙམ་པ་ཅིག་འཁྱམས་དགོས་པས། །བླ་མ་དམ་པའི་གདམས་ངག་ཐོས་བསམ་བྱ། །དེ་ལས་ཐར་པའི་དུས་ནི་ད་རེས་ཡིན། །གློ་བུར་བར་དུ་གཅོད་པ་མ་བྱུང་ཡང་། །ཚེ་ལ་ལོང་མེད་ཡུན་རིང་མི་སྡོད་ངེས། །འཇིག་རྟེན་འདི་ཡི་བྱ་བ་རྒྱབ་ཏུ་བོར། །

འདི་དང་ཕྱི་མ་གཉིས་ཀ་མི་འགྲུབ་ཀྱི། །ཕྱི་མ་གལ་ཆེ་ཆོས་ལ་འབད་པ་སྐྱེད། །གཉིད་དང་སྙོམ་ལས་དབང་དུ་མ་གཏང་བར། །སྟོང་པ་སྙིང་རྗེས་ཟིན་པ་རྩེ་གཅིག་སྒོམས། །

ཚེ་ལ་ལོང་མེད་འཆི་བདག་ཕོ་ཉས་སླེབ། །བྱ་བ་ཐམས་ཅད་བྱེད་འཕྲོ་བཏང་ནས་ནི། །རང་བཞིན་མཉམ་པ་ཉིད་ལ་བློ་བཞག་ནས། །ཆོས་ཉིད་རྣམ་དག་འདི་ལ་བལྟ་བར་བྱ། །

མི་རྟོག་བདེ་གསལ་འདི་ལ་བསྒོམ་པར་བྱ། །མ་བཅོས་རང་བཞིན་འདི་ལ་སྤྱོད་པར་བྱ། །སྐུ་བཞི་ཡེ་ཤེས་ལྔ་ལ་འབྲས་བུ་བྱ། །ལྟ་སྒོམ་སྤྱོད་པ་འབྲས་བུ་རྣམ་པ་བཞི། །སོ་སོ་ཐ་དད་མེད་པའི་ལམ་དུ་སེམས། །

ལྟ་བ་སྟོང་ཉིད་སྒོམ་ཞེས་ཁས་བླངས་ནས། །སྤྱོད་པ་དངོས་པོར་འཛིན་ལས་མ་གྲོལ་ན། །ལྟ་སྤྱོད་འཛོལ་ཏེ་ལོག་པའི་ལམ་དུ་འགྲོ། །རང་གིས་རང་བསླུས་གཞན་གྱིས་ཞེ་ཡང་ཁྲེལ། །

ཆགས་སྡང་སྐྱེ་བའི་གྲོགས་ངན་ཐབས་ཀྱིས་སྤོངས། །དེར་ཡང་ཀུན་དང་འདྲིས་པར་མི་བྱའོ། །ཆགས་ན་ལྷ་ལ་ཆགས་ཀྱང་མི་གྲོལ་ཏེ། །ཞེན་ན་ཆོས་ལ་ཞེན་ཀྱང་འཆིང་བའི་རྒྱུ། །

ཕྱུག་པོ་གསེར་སྲང་སྟོང་ལ་ཆགས་པ་དང་། །དབུལ་པོ་ཁབ་སྐུད་ཙམ་ལ་ཆགས་པ་གཉིས། །ཐར་པའི་བར་དུ་ གཅོད་ལ་ཁྱད་པར་མེད། །དེས་ན་ཅི་ལའང་ཞེན་ཆགས་མེད་པར་བྱ། །

འཁྲུལ་པའི་རྟོག་པ་མ་ཞིག་བར་དུ་ནི། །དད་པས་བླ་མ་དག་དང་དཀོན་ཅོག་མཆོད། །ཡི་དམ་ལྷ་ལ་གསོལ་བ་རྒྱུན་དུ་ཐོབ། །

ལུས་ངག་ཡིད་གསུམ་དགེ་བ་ནུས་ཚད་གྱིས། །བསམ་དུ་མེད་པའི་ཆོས་ཉིད་དོན་བསྒོམས་ལ། །འགྲོ་བ་རྣམས་ལ་སྙིང་རྗེ་རྒྱུན་དུ་སྐྱེད། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར། །སྒོམ་པ་གོལ་ས་མེད་པའི་ལམ་ཡིན་གསུངས། །

ད་ནི་ཚེ་ལ་ལོང་མེད་ཡུན་རིང་མི་སྡོད་ངེས། །འཇིག་རྟེན་ལྟོ་རྒྱབ་སྤྲངས་ཀྱང་ཕྱིད་དེ་མཆི། །ཆོས་དང་མཐུན་ན་ལྟོགས་དྲིར་ཤི་དོགས་མེད། །འཇིག་རྟེན་འདི་ཡི་བྱ་བ་རྒྱབ་ཏུ་བོར། །

འདི་དང་ཕྱི་མ་གཉིས་ཀ་མི་འགྲུབ་ཀྱི། །ཕྱི་མ་གལ་ཆེ་ཆོས་ལ་འབད་པ་ཐོན། །གཉིད་དང་སྙོམས་ལས་དབང་དུ་མ་གཏང་བར། །སྟོང་པ་སྙིང་རྗེ་ཅན་ལ་རྩེ་གཅིག་སྒོམས། །

ཕུང་པོ་ཉམས་པས་ལུས་ངག་མཐུ་ཉམས་ཀྱང་། །ཡིད་ལ་ཅིས་ཀྱང་གདུང་བར་མི་བྱའོ། །ད་ནི་ལེ་ལོའི་གླགས་མེད་རིང་མི་སྡོད། །ཉིན་མཚན་གཉིས་ཀྱིས་ཚེ་འཛད་དགེ་མྱུར་མཛོད། །

འཆི་ཁར་འགྱོད་པས་མི་ཕན་ད་ལྟ་འབད། །དངོས་པོ་ཅིས་ཀྱང་བྱར་མེད་གདམས་ངག་སྒོམས། །དྲན་སྣང་ཐམས་ཅད་སྐྱེ་མེད་རྒྱས་བཏབ་ཅིང་། །བྱེད་སྤྱོད་ཐམས་ཅད་སྒྱུ་མ་ལྟ་བུར་བྱ། །བདེ་སྡུག་ཐམས་ཅད་མཉམ་པ་ཉིད་དུ་བསླབ། །ཉེས་ལྟུང་ཕྲ་མོ་ཙམ་ཡང་ཕྱིར་བཅོས་བྱ། །

དེང་ནས་སྐྱེ་བ་འདི་ཡི་འོག་རོལ་དུ། །སྡོམ་པ་གསུམ་དང་ལྡན་པའི་རྟེན་གཅིག་གིས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་འགྱུར་བར། །སྨོན་ལམ་གདབ་ཅིང་དེ་ཡི་རྒྱུ་ལ་འབད། །

ལུས་ངག་བྱ་བྱེད་མང་ན་སེམས་རྗེས་འབྲང་། །གཉུག་མའི་སེམས་འདི་བཅོས་མས་མི་སླད་ཅིང་། །སྡིག་དང་སྡུག་བསྔལ་འཕེལ་བའི་ལམ་བོར་ལ། །མཁའ་ལ་བྱ་སོང་བཞིན་དུ་རྗེས་མེད་བྱ། །ཅི་འདྲས་མི་སྡུག་བྱས་པའི་ལན་མི་བླན། །ཤེས་མཐུན་རྟོག་པ་བསྡུར་ན་དྲང་པོར་སྨྲ། །

མདོར་ན་ཆོས་ཉིད་རྟོགས་པའི་ཕྱི་རྟགས་སུ། །བརྙས་པ་བྱུང་ཡང་ཀོ་ལོང་མི་བྱ་ཞིང་། །ཚིག་ངན་སྨྲས་ཀྱང་ཁྲོ་བར་མི་བྱ་ལ། །ཁྱད་གསོད་བྱས་ཀྱང་ང་རྒྱལ་མི་སྐྱེད་དོ། །

འགལ་བ་ཇི་ལྟར་བྱུང་ཡང་འདི་བསམ་སྟེ། །འཁྲུལ་པས་བཅིངས་པའི་སེམས་ཅན་སྙིང་རེ་རྗེ། །སྐྱེ་མེད་ཆོས་ལ་བདག་དང་གཞན་བཟུང་བའི། །འདི་ལ་དངོས་པོ་ཅི་ཡང་མེད་དོ་ཞེས། །ཆོས་དབྱིངས་ཉིད་དུ་ངེས་པར་བསམ་པར་བྱ། །

དེ་ལྟར་ད་ལྟ་ཉིད་ནས་གོམས་བྱས་ན། །ཀློང་དུ་གྱུར་ཚེ་ཅིས་ཀྱང་གནོད་མི་ནུས། རྫས་དང་ལོངས་སྤྱོད་ཆེ་ཆུང་ཅི་ཡོད་ཀྱང་། །རང་དབང་ཡོད་ཚེ་འཕྲལ་བསྔོ་འཕྲལ་སྦྱར་བྱ། །

ཁ་ཅིག་ན་རེ་འཆི་ཁར་དགོས་ཟེར་ཏེ། །འཆི་དུས་འབྱུང་བའི་ནད་ཀྱིས་བཏབ་པ་ལ། །ནད་གཡོག་མང་བས་སྡུག་བསྔལ་བགོ་ཐབས་མེད། །གཡོག་མེད་སྡུག་བསྔལ་འགྲོགས་ནས་འཁྱེར་བ་མེད། །དེས་ན་ནད་གཡོག་ཡོད་མེད་གཉིས་ཀ་འདྲ། །

ཤི་བའི་རོ་དེ་ཙན་དན་མེར་བསྲེགས་སམ། །ཆུར་བོར་དོང་བསྐྱུར་བྱ་ཁྱིས་ཟོས་པར་མཉམ། །ཤུལ་དུ་གཏམ་སྙན་གཏམ་ངན་ཅི་བྱུང་ཡང་། །བདག་གི་རྗེས་སུ་འབྲངས་ནས་མི་འོང་སྟེ། །གསོན་ཚེ་དགེ་སྡིག་གཉིས་པོ་གང་བྱས་པའི། །འབྲས་བུ་དེ་ཡི་དུས་སུ་འབྱུང་བར་འགྱུར། །

རྣལ་འབྱོར་བ་ཡི་འཆི་ལུགས་རྣམ་པ་གསུམ། །སྨྱོན་པ་ལྟ་བུར་ཤི་བ་རབ་ཡིན་ཏེ། །རི་དྭགས་ལྟ་བུར་ཤི་བ་འབྲིང་ཡིན་ནོ། །རྒྱལ་པོ་ལྟ་བུར་ཤི་བ་ཐ་མ་ཡིན། །

དེས་ན་ཤུལ་དུ་ལུས་པ་མེད་པར་བྱ། །འདོད་ཆུང་ཆོག་ཤེས་ང་རྒྱལ་མེད་པ་དང་། །གཞན་དང་འབྲེལ་བསྐྱུངས་རང་ལ་ངན་ཤོས་བྱ། །དམན་ས་བཟུང་ན་སླར་ཡང་གཞན་དག་དང་། །རང་ཡང་ཉོན་མོངས་མི་གསོག་དགེ་སྦྱོར་འཕེལ། །

དེས་ན་ཅི་ལའང་ཁེངས་དྲེགས་མི་བྱའོ། །དེ་ཕྱིར་བྱང་ཆུབ་སེམས་ནི་རྟག་ཏུ་སྦྱང་། །ཆོས་ཀྱི་དབྱིངས་ནི་གཉིས་མེད་རྣམ་དག་ལས། །བྱང་ཆུབ་ཅེས་ནི་དེ་ལ་བརྗོད་པ་ཡིན། །

དེ་དོན་སེམས་པར་བྱེད་པའི་སེམས་དཔའ་ནི། །དེ་ནི་བྱང་ཆུབ་སེམས་ཞེས་བྱ་བ་སྟེ། །བྱང་ཆུབ་དང་ནི་སེམས་ལ་གཉིས་མེད་སྤྱོད། །གང་ཞིག་དེ་རྟོགས་འདོད་པའི་སྐྱེས་བུ་ནི། །དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །

དེས་ན་དམ་པ་རྣམས་ཀྱི་རྗེས་སུ་བསླབ། །མར་མེ་ཆུང་ངུ་རླུང་གིས་གསོད་པར་བྱེད། །ནགས་ཚལ་མེ་ལ་རླུང་གིས་གྲོགས་ཀྱང་བྱེད། །དེ་ཕྱིར་དང་པོའི་རྐྱེན་ངན་དག་ལ་བྱོལ། །

བརྟན་པ་ཐོབ་ནས་ཐམས་ཅད་གྲོགས་སུ་འགྱུར། །ཉམ་ཆུང་རྣམས་ལ་རྐྱེན་ངན་གནོད་པ་ཆེ། །དེ་ལ་གཅིག་པུར་གནས་ཤིང་འདུ་འཛི་སྤང་། །ཚེ་འདིའི་ལྟོ་རྒྱབ་ཇི་ལྟར་བྱས་ཀྱང་ཕྱིད། །ཚེ་རབས་ཕྱི་མ་ཆོས་དང་ཕྲད་པར་དཀའ། །དེ་བས་ཚེ་འདིར་ཆོས་ལ་འབད་པར་གྱིས། །

ད་ལྟ་དགེ་བའི་ལས་ལ་མ་འབད་ན། །ཕྱི་མར་སྡུག་བསྔལ་མྱོང་བར་འགྱུར་ཏ་རེ། །བླ་མ་དམ་པ་རྣམས་ཀྱི་མན་ངག་གིས། །གཞུང་ལུགས་རྣམས་ནི་ཉམས་སུ་བླང་བར་བྱ། །

ཞེས་བྱ་བའི་བར་གྱིས་ཚིགས་སུ་བཅད་པའི་གདམས་པ་དང་། གདམས་པ་འདིར་ཞིབ་ཏུ་བསམ་ན་ལམ་རིམ་ཆ་ཚང་ཞིག་ཡིན་པར་འདྲ། དེ་བས་འཕྲིན་ཡིག་འདི་ནི་འབྲོམ་གྱིས་རང་གི་ཚབ་ཏུ་བསྐུར་བའི་འཕྲིན་ཡིག་ཅིག་ཡིན་པ་མ་ཟད། སློབ་མ་དེ་དང་དེའི་འཁོར་དང་བཅས་པ་རྣམས་ལ་འཕྲིན་ལན་བཤད་པའི་ཆོས་ཟབ་མོ་ཞིག་ཀྱང་ཡིན།

འཕྲང་ཁ་བེར་ཆུང་ཞེས་པ་ཁོང་མངའ་རིས་སུ་ཕེབས་སོག་ཆུ་ཁར་འཕྲད་ཅིང་། བློ་མཛངས་པས་དགུང་ལོ་བཅུ་དྲུག་ནས་དཔོན་པོ་བྱས་ནས་འབངས་ཐམས་ཅད་སྐྱོང་། ཡོན་ཏན་ཡང་སྔགས་པ་འབྲིང་བོ་ཞིག་གི་ཚད་ཡོད་པ་དེ་ཡིན།

དེས་ར་སྒྲེང་གི་ས་ཆ་འདིར་དགོན་པ་མཛད་དེ་མཆོད་གནས་མཛད་པར་ཞུས་པ་ལས།སྟོན་པས། ང་ད་རེས་སྡོད་པར་མི་ཁོམ། མངའ་རིས་སྟོད་ཡ་གིར་པནྜི་ཏ་ཆེན་པོ་ཞིག་བྱོན་ཟེར་བས། དེར་འགྲོ་དགོས་གསུངས།འོ་ན་ཁྱོད་དེ་ནས་མར་ཕེབས་ནས་ངའི་མཆོད་གནས་བྱ་དགོས་ཟེར།

སྟོན་པའི་ཞལ་ནས། ང་ལ་རེ་བ་གསུམ་ཡོད། ཁྱོད་ཀྱིས་དེ་གསུམ་ཁས་ལེན་ན་མཆོད་གནས་བྱ་གསུངས་པ་དེ་ཡིན།འཕྲང་ཁ་བེར་ཆུང་གིས་སྔོན་གྱི་ཁ་ཆད་བཞིན་དགེ་བཤེས་སྟོན་པ་སྒུག་ནས་ཡོད་ཅིང་། ཁོང་སྤྱན་འདྲེན་པར་མངགས་ནས་སྔོན་གྱི་རེ་བ་དེ་དག་བསྒྲུབ་རྩིས་ཡོད།

དགེ་བཤེས་འབྲོམ་གྱིས་འཕྲང་ཁ་བེར་ཆུང་གི་རེ་བ་དང་ཕྱི་ཐག་གསལ་བོར་རྟོགས་ཤིང་། ཁོའི་གདན་ཞུ་དང་དུ་ལེན་མ་ཐུབ་པར་ད་དུང་འཕྲེང་སེམས་ཤིག་ཀྱང་ཡོད་པ་འདྲ། ད་དུང་འཕྲང་ཁ་བེར་ཆུང་འགྱུར་གྱིས་དོགས་ནས་ཐུགས་དམ་འཇམ་པའི་རྡོ་རྗེ་རྟེན་དུ་བསྐུར་ནས། ཇོ་བོ་དང་ཤི་འབྲལ་བྱེད། དེ་ནས་ཚེ་ལ་བར་ཆད་མ་བྱུང་ན། ཁྱེད་ཀྱི་མཆོད་གནས་ངས་བྱེད་པ་ཡིན་ཞེས་པའི་ཞལ་འཕྲིན་ཀྱང་བསྐུར།

ཟླ་ལྔ་བའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲིས།



རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།