རྒྱ་གར་དུའང་མཐོང་མ་མྱོང་བའི་རྒྱ་དཔེ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-06-06 22:32:17     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

-------རྒྱ་དཔེ་མང་པོ་འདུག་པ་གཟིགས་པས། ཤིན་ཏུ་དགྱེས་ཏེ་སྔོན་བོད་དུ་བསྟན་པ་བྱུང་བ་འདྲ་བ་རྒྱ་གར་དུ་ཡང་བྱུང་བ་དཀའ་གསུངས། བྱང་ཆུབ་ཆེན་པོ་གཟིགས་པས་མ་ཧཱ་བོ་དྷི་དང་ཁྱད་མི་སྣང་གསུངས།

ཇོ་བོ་ཆེན་པོའི་གསུང་།

ཇོ་བོ་ཐང་བོ་ཆེ་དང་བྲལ་བས་སྔར་ལྟར་འབྲོམ་གྱི་ཞབས་ཏོག་སྒྲུབ་པས་ཡིད་ཀྱི་མུན་པ་སངས་ཤིང་། བག་ཕེབས་པ་ར་གྱུར།  ཡིན་ནའང་ཁུ་སྟོན་འགྱོད་པས་གདུང་བར་གྱུར།

ཇོ་བོ་འཁོར་དང་བཅས་འོན་གྱི་ལྷ་ཁང་ཀེ་རུ་ཕེབས་ཤིང་། ལྷ་ཁང་འདི་དེང་སངལོ་ཁ་སྣེ་གདོང་རྫོང་གི་ཁོངས་སུ་ཡོད་ཅིང་། འོན་མདའ་མངའ་རིས་གྲྭ་ཚང་ཆགས་པའི་གནས་དེ་ཡིན་གསུངས། དེར་ཟླ་བ་གཅིག་བཞུགས། དེའི་རྩིག་ངོས་ལ་ཉིད་ཀྱིས་སྐུ་འདྲ་གཅིག་བྲི་བར་མཛད་དེ། དེང་སང་ཡང་མཆོད་པའི་གནས་སུ་གྱུར།

དེ་ནས་བསམ་ཡས་སུ་ཕེབས་ནས་པེ་ཧར་གླིང་དུ་བཞུགས། བསམ་ཡས་ཀྱི་མིང་ཁ་ཚང་ལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཟེར།

སྤྱི་ལོའི་དུས་རབས་བརྒྱད་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་མཁན་ཆེན་ཞི་བ་འཚོ་རྣམ་གཉིས་ཀྱིས་གཙུག་ལག་ཁང་དེ་བཞེངས་པ་ལ་ལྷ་སྲིན་སྡེ་བརྒྱད་ཀྱིས་བཞེངས་སུ་མ་བཅུག་སྟབས་སླར་ཡང་སློབ་དཔོན་པད་མ་འབྱུང་གནས་གདན་དྲངས་ཏེ་གཙུག་ལག་ཁང་མནྜལ་ཚོམ་བུར་དཔེར་བྱས་འདྲ་ཞེས་པ་དེ་བཞེངས།  བོད་མི་བདུན་མཁན་ ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་སྟེ་སད་མི་བདུན་ཞེས་སུ་གྲགས་པ་འདི་ནས་བྱུང་། དེ་བས་གཙུག་ལག་ཁང་འདི་བོད་ཀྱི་ནང་བ་སངས་རྒྱས་པའི་དགོན་པ་དང་བོར་གྱུར།

དགོན་དེའི་དབྱིབས་ནི་དབུ་རྩེ་རྩེག་མ་གསུམ་ཡོད་པ་ལ་བོད་ཆོས་ལ་དད་པ་རྣམས་དགའ་བ་སྐྱེ་བའི་ཕྱིར་འོག་ཁང་བོད་ལུགས། ཞང་བོ་རྒྱ་ཡིན་པས་བར་ཁང་རྒྱ་ནག་ལུགས། ཆོས་ཀྱི་འབྱུང་ཁུངས་རྒྱ་གར་ཡིན་པས་སྟེང་ཁང་རྒྱ་གར་ལུགས། དེའི་ནང་ཆོས་རྒྱལ་གྱི་མནལ་ལམ་དུ་ལུང་བསྟན་བྱུང་བ་ལྟར་བསམ་ཡས་ཧས་པོ་རི་ནས་གདན་དྲངས་པའི་རྡོ་སྐུ་རང་བྱོན་མ་གཙོ་བོར་གྱུར་པའི་རྟེན་གསུམ་ཁྱད་དུ་འཕགས་པ་དག་བཞུགས།

མཐའ་འཁོར་དུ་སྒོ་བཞི་ཡོད་པ་ནི་ཤར་སྒོ་འཇམ་དཔལ་གླིང་། ལྷོ་སྒོ་རྟ་མགྲིན་གླིང་། ནུབ་སྒོ་བྱམས་པ་གླིང་། བྱང་སྒོ་སེམས་བསྐྱེད་གླིང་བཅས་དེ་དག་རེ་རེ་ལའང་ལྷ་ཁང་རེ། ད་དུང་ལྕགས་རིའི་ཕྱི་ལའང་ཁམས་གསུམ་གཟའ་ཁང་གླིང་། དགེ་རྒྱས་ལི་མའི་གླིང་། བུ་ཚལ་གསེར་ཁང་གླིང་། ཕུན་ཚོགས་འོད་འབར་གླིང་། ཟིལ་གནོན་གླིང་། བདུད་རྩི་གླིང་། གསང་མཛོད་གླིང་སོགས་གཞི་རྒྱ་ཆེན་པོ་དེ་ལྟ་བུ་བྱུང་།

བསྟན་པ་ཕྱི་དར་གྱི་སྐབས་ཀླུ་མེས་སོགས་ཀྱིས་ཆོས་འཆད་ཉན་ཤིན་ཏུ་དར་བ་དང་།རྭ་ལོ་ཙཱ་བས་ཉམས་གསོ་རྒྱ་ཆེར་མཛད། ས་སྐྱའི་བླ་མ་བསོད་ནམས་རྒྱལ་མཚན་གྱིས་རབ་ཆུང་གྲྭ་ཚང་བཙུགས། གཞན་ཡང་ས་དགེ་བཀའ་རྙིང་དང་བཅས་པའི་བླ་ཆེན་དང་དད་ལྡན་མང་བོས་ཉམས་གསོ་རིམ་པར་བྱས།

ལྷག་པར་རྒྱལ་བ་བསྐལ་བཟང་རྒྱ་མཚོས་རང་གི་ཡབ་བསོད་ནམས་དར་རྒྱས་ངོ་མར་འགན་བསྐུར་ཏེ་ཉམས་གསོ་གནང་བ་དང་། དེ་བཞིན་དེ་མོ་རྒྱལ་ཐོག་དང་། རྟ་ཚག་རྒྱལ་ཐོག རྭ་སྒྲེང་རྒྱལ་ཐོག་བཅས་ཀྱི་སྐབས་ལའང་ཉམས་གསོས་རྒྱ་བསྐྱེད།

འབྲོམ་གྱིས་སྔོན་ནས་ཇོ་བོ་ཆེན་པོར་འདིའི་སྐོར་མང་བོ་ཞུས་མྱོང་་ཞིང་། ད་རེས་ཇོ་བོ་ཨ་ཏི་ཤས་གནས་འདིར་ཐུགས་ལྷོད་བབས་ནས་དཔེ་ཆ་རེ་རེ་བཞིན་བཀླགས་ཤིང་།  འབྲོམ་སོགས་ཀྱིས་ཞབས་འདེགས་མི་དམན་པ་ཞུས། ཁོང་གིས་གནས་འདིར་གསང་སྔགས་ཏེ་རྒྱུད་ཀྱི་པོ་ཏི་མང་བོ་གཟིགས།

གནས་འདིར་རྒྱ་དཔེ་མང་པོ་འདུག་པ་གཟིགས་པས་ཤིན་ཏུ་དགྱེས་ཏེ་སྔོན་བོད་དུ་བསྟན་པ་བྱུང་བ་འདྲ་བ་རྒྱ་གར་དུ་ཡང་བྱུང་བ་དཀའ་གསུངས།  བྱང་ཆུབ་ཆེན་པོ་གཟིགས་པས་མ་ཧཱ་བོ་དྷི་དང་ཁྱད་མི་སྣང་གསུངས། གནས་དང་གཙུག་ལག་ཁང་ལ་ཐུགས་ཤིན་ཏུ་དགྱེས།

རྒྱ་དཔེ་མང་བོ་གཟིགས་པའི་སྤྲོ་བའི་ཁུ་སྟོན་དང་ཐང་བོ་ཆེའི་གནས་ཚུལ་ཡོངས་སུ་བསྙེལ་པ་འདྲ། སྐབས་འདིར་བང་སྟོན་གྱིས་བསམ་ཡས་སུ་རྟ་པ་ཉིས་བརྒྱས་བསུ་བར་བྱོན།ཇོ་བོ་དཔོན་གཡོག་དགྱེས་ནས་བསམ་ཡས་ཕུའི་ལ་ལ་བྱོན།

བོད་ཀྱི་དགོན་པ་ཐོག་མ་འདི་ནས་ལྷ་སའི་ཕྱོགས་ལ་ཕེབས། ལྷ་ས་ནི་ལྷ་ས་སྟེ། རྒྱ་གར་གྱི་རྡོ་རྗེ་གདན་ལྟ་བུ་ཡིན།

འབྲོམ་གྱིས་བསམ་ཡས་སུ་ཇོ་བོའི་ཞབས་ཏོག་སྒྲུབ་བཞིན་བཞུགས་པའི་སྐབས་སུ་ཁོང་གདན་་འདྲེན་ཞུས་པར་མི་སྣ་འགའ་འབྱོར། མི་སྣ་དེ་དག་གིས་འབྲོམ་གཏན་འདྲེན་ཞུ་ཐུབ་མིན་མཁྱེན་འདོད་ན་ཚན་པ་རྗེས་མ་རང་གི་ཚབ་ཏུ་བསྐུར་པའི་འཕྲིན་ཡིག་ཅེས་པར་གཟིགས་པར་ཞུ།

ཟླ་ལྔ་བའི་ཚེས་བདུན་ཉིན་གྱི་ཕྱི་དྲོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲིས།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།