སློབ་མ་མཁས་པས་མནར་བའི་བླ་མ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-06-06 22:31:39     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

ཨུ་པ་སི་ཀ་ཆེན་པོ།  ང་རང་དང་པོ་གང་ནས་འོང་པའི་སར་སྐྱོལ། བཀའ་འཁོར་འདི་ཀུན་ཡང་འོ་བརྒྱལ། རྟ་ཁལ་འདི་ཀུན་ཀྱང་མ་རྒན་ཡིན། ཁུ་སྟོན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ། ཁོ་བོ་ནི་དམངས་ཕལ་པ་ལྟ་བུ། ཁུ་སྟོན་ནི་སུམ་ཅུ་རྩ་གསུམ་གྱི་ལོངས་སྤྱོད་དང་ལྡན་པ་ལྟ་བུ། ཁོ་བོ་ནི་པྲེ་ཏ་པུ་རིའི་གྲོང་ཁྱེར་ན་གནས་པ་ལྟ་བུ་གསུངས་ནས་སྤྱན་ཆབ་བྱོན།

ཇོ་བོའི་གསུང་།


ཁུ་སྟོན་ནི་བོད་ཀྱི་སྟོན་པ་རྣམ་གསུམ་གྱི་གྲས་ཏེ། སྟོན་པ་རྣམ་གསུམ་ནི་འབྲོམ་སྟོན་ཚུལ་ཁྲིམས་རྒྱལ་བ། རྔོག་སྟོན་ལེགས་པའི་ཤེས་རབ། ཁུ་སྟོན་གཡུང་དྲུང་དཔལ་པ་གསུམ་ཡིན།  འབྲོམ་གྱི་སློབ་གཉེར་གནང་དུས་ཁུ་རྔོག་འབྲོམ་གསུམ་ཞེས་པའང་ཁམས་སུ་མཁས་པའི་ཚད་དུ་བྱེད་པ་གསུམ་ཡིན།

དེ་བས་འབྲོམ་གྱིས་འཕྲང་ཁ་བེར་ཆུང་ལ་ངའི་ཕྱི་ནས་ཡར་ལ་རྔོག་ལེགས་པའི་ཤེས་རབ་བྱ་བ་ཅན་ཞིག་ཡོང་ངེས་པས་དེ་ལ་ཆོས་ཞུ། དེ་མ་བྱུང་ན་གཡོན་རུ་ན་ཁུ་སྟོན་ཞེས་བྱ་བའི་བློ་རྣོ་བ་ཞིག་ཡོད། དེ་སྤྱན་དྲོངས་ལ་ཆོས་ཞུས་གསུངས།ཞེས་གདམས་པའི་ཁུ་སྟོན་དེ་ཡིན། 

ཁོང་མངོན་པ་ལ་ཤིན་ཏུ་མཁས་ཤིང་།  སྐབས་དེར་དབུས་གཙང་དུ་ཀླུ་མེས་པ་ཐམས་ཆད་ཀྱི་གནས་བརྟེན་མཛད་པས་སྟོབས་དང་འབྱོར་བ།  ཁ་རྗེ་དབང་དྲག་སོགས་ཁོང་ལས་ཆེ་བ་མེད་པའི་ཚོད་ཡིན། 

ཇོ་བོ་སྤྱན་འདྲེན་པའི་འཕྲིན་ཡིག་ཏུ་ཆེད་དུ་མིང་མ་བཏོན་པའི་མཁས་པ་ཡིན་ལ། ཁོང་གིས་མིང་མ་བཏོན་པས་བོད་ཀྱི་མི་ཆེན་རྣམས་ཀྱིས་སྔོན་དུ་ཇོ་བོ་བསུ་བར་སླེབས་ཤིང་། སྤྱིར་ན་དབུ་རུ་བྱང་ཕྱོགས་དགེ་བཤེས་དག །བོད་ཁམས་ཀུན་གྱི་གདུགས་གཅིག་པུ། །ཁུ་སྟོན་གཡུང་སྟོན་བརྩོན་འགྲུས་དང་། །ཞེས་བྲིས་ན་འཁོན་དུ་མི་འགྱུར་ཡང་། ཆེད་དུ་མིང་མ་བཏོན་པས་དོན་ཆེན་པོ་ཞིག་གྲུབ་མོད་ཀྱང་།  ཡུན་རིང་བོར་འབྲོམ་ལ་འཁོན་དུ་གྱུར་པས་འབྲོམ་དཔོན་སློབ་ཐམས་ཅད་ལ་གནོད་པ་ཆེན་པོ་བྱུང་།

ཁོང་ཡོན་ཏན་ཆེ་ནའང་ང་རྒྱལ་དང་དྲེགས་པ་ལྡན། ཐུགས་བཙན་ཞིང་གཏུམ་ཕྲག་དོག་ཀྱང་ཆེ། དགེ་བཤེས་ཁུ་སྟོན་གྱིས་བསམ་ཡས་ནས་ཇོ་བོ་ཡར་ཀླུངས་སུ་སྤྱན་འདྲེན་པའི་དུས་སུ། དགེ་བཤེས་སྟོན་པ་ཁུ་སྟོན་གྱི་གཤིས་ཀར་རྒྱུས་ཆེ་བས། ཐུགས་ལ་དགེ་བཤེས་ཁུ་སྟོན་ཐུགས་རྒྱལ་དང་རང་མཐོང་ཆེ་བས། ཇོ་བོའི་ཞབས་ཏོག་བཟང་བོ་ཞིག་མི་འོང་སྙམ་ཞིང་། ཁུ་སྟོན་སྤྱན་མ་དྲངས་ན་དེ་བས་ཀྱང་མི་ལེགས་པར་དགོངས།

དེ་བས་ཇོ་བོ་ལྷ་སར་གདན་འདྲེན་ཆོག་ཆོག་ཅིག་བྱ་དགོས་སྙམ་དུས་བང་སྟོན་ཡིད་ལ་དྲན།  བང་སྟོན་གྱི་མིང་ལ་བྱང་ཆུབ་རྒྱལ་མཚན་ཟེར་ཞིང་། ཁོང་སྔོན་དགེ་བཤེས་སྟོན་པས་སེ་བཙུན་གྱི་སྤྱན་སྔར་ལྷན་དུ་ཆོས་གསན་པའི་མཆེད་གྲོགས་ཡིན་པས་དེ་འཚོལ་བར་སྙེ་ཐང་དུ་བྱོན།

དགེ་བཤེས་སྟོན་པས་བང་སྟོན་ལ་ད་ལྟ་ཇོ་བོ་ཁུ་སྟོན་གྱིས་སྤྱན་དྲངས་ནས་ཕེབས། ཁུ་སྟོན་གྱིས་ཞབས་ཏོག་ཡག་པོ་མི་འོང་བས་འོ་བརྒྱལ་བ་མི་འོང་མི་སྲིད་པས། སྐབས་དེར་ཇོ་བོའི་བཞུགས་ས་ཞིག་དགོས་པས། ཁྱེད་ཀྱི་སྙེ་ཐང་འདི་ཡུལ་བཟང་ཞིང་ས་ཆ་དྲོ་བས། འདིར་ཇོ་བོ་སྤྱན་འདྲེན་དགོས། ངས་ཐབས་ཀྱིས་ཇོ་བོ་བསམ་ཡས་སུ་གདན་དྲངས་ཀྱི། དེའི་དུས་ཁྱེད་ཀྱིས་རྟ་པ་ཉིས་བརྒྱ་དང་བཅས་པའི་བསུ་བ་གྱིས་ཤིག་བྱས་པས། ཁོང་གིས་ཀྱང་ཞལ་གྱིས་བཞེས་སོ། །

བང་སྟོན་གྱིས་ཀྱང་སྟོན་པའི་གསུང་བཞིན། བསམ་ཡས་སུ་ཐམས་ཅད་འཚོགས་པའི་སར་སྐད་བཏང་ནས། ཨ་ཏི་ཤ་ངའི་ཡིན་པས་སུ་ཡང་སྤྱན་མ་སྤྱན་འདྲེན། ང་སྤྱན་འདྲེན་པ་ཡིན་ཞེས་བསྒྲགས།

ཁུ་སྟོན་གྱིས་ཇོ་བོ་ཐང་པོ་ཆེར་ཞུས་ཏེ་ར་ཁྲི་བཟང་བྱ་བས་བརྩེགས་པའི་ར་བརྩེགས་ཁང་པར་བཞུགས་སུ་བཅུག་ནས་ཆོས་མང་དུ་གསུངས།ཐང་བོ་ཆེའི་མིང་ཁ་ཚང་ལ་སོལ་ནག་ཐང་བོ་ཆེ་ཟེར་ཞིང་། འཕྱོངས་རྒྱས་རྫོང་དུ་ཡོད་ཅིང་། སྔོན་བོད་ཀྱི་དཀར་ཡོལ་བཟོ་ས་ཡིན། ཐང་བོ་ཆེ་ཞེས་པའི་དགོན་པ་འདི་སྤྱི་ལོ།1017ལོར་གྲུ་མེར་ཚུལ་ཁྲིམས་འབྱུང་གནས་ཀྱི་ཕྱག་འདེབས་གནང་ཞིང་། སྐབས་འདིར་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་སྐྱོང་།

ཡིན་ནའང་ཁུ་སྟོན་གྱི་ཐུགས་ལ་མི་ལེགས་པ་ཞིག་འཆར་ཏེ། རྒྱ་གར་བ་ངན་ལང་ཤོར་འགྲོ་ཞེས་ཞབས་ཏོག་ལེགས་པོ་མ་བསྒྲུབས་པས་ཇོ་བོས་རྒྱུན་དུ་འབྲོམ་སླེབས་པར་རེ་བ་བྱས།

སྟོན་པ་ཇོ་བོའི་སྤྱན་སྔར་འགྲོ་དགོངས་ནས་ཡར་ཀླུངས་ན་ཡར་བྱོན་པ་དང་།  ཐང་པོ་ཆེ་བའི་མི་གཅིག་འཕྲད་ཅིང་དེས། ཁྱོད་གར་འགྲོ་ཟེར།  འབྲོམ་གྱིས། ཐང་པོ་ཆེར་འགྲོ་ཞེས་བརྗོད་པས། དེར་སོང་ན་དམའ་ཕབ་པར་འོང་ཟེར། ཇོ་བོ་དང་མཇལ་ན་དམའ་ཕབ་ནའང་ཕབ་སྙམ།

དེ་ནས་ཐང་པོ་ཆེར་སླེབས་ནས་བན་དེ་ཞིག་ལ་ཇོ་བོའི་གཟིམ་ཁང་གང་ན་ཡོད་ཅེས་དྲིས་པས། སྟོན་མ་འདོད་པ་ལ། ཇོ་བོའི་སློབ་མ་ཨ་ཙ་ར་ཞིག་བྱུང་བས་ངོ་ཤེས་ཏེ་སྟོན་པའི་རྩར་རྒྱུགས་ནས་ཡོང་།  དེས་སྟོན་པ་གཟིམ་ཁང་ནང་དུ་ཁྲིད་ནས་ཇོ་བོར་མཇལ་བས་ཡུན་ཟླ་བ་གཅིག་ལས་མ་ལོན་པ་ལ། ཤིན་ཏུ་འོ་བརྒྱལ་བར་བྱས་ནས་བཞུགས་པ་མཐོང་།

ཇོ་བོས་འབྲོམ་སྟོན་པ་མཐོང་བ་དང་དགའ་ཞིང་སྐྱོ་ནས། ཨུ་པ་སི་ཀ་ཆེན་པོ། ང་རང་དང་པོ་གང་ནས་འོང་པའི་སར་སྐྱོལ། འཁོར་འདི་ཐམས་ཅད་ཀྱང་འོ་བརྒྱལ། རྟ་ཁལ་འདི་ཀུན་ཀྱང་མ་རྒན་ཡིན། ཁུ་སྟོན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ། ཁོ་བོ་ནི་དམངས་ཕལ་པ་ལྟ་བུ། ཁུ་སྟོན་ནི་སུམ་ཅུ་རྩ་གསུམ་གྱི་ལོངས་སྤྱོད་དང་ལྡན་པ་ལྟ་བུ། ཁོ་བོ་ནི་པྲེ་ཏ་པུ་རིའི་གྲོང་ཁྱེར་ན་གནས་པ་ལྟ་བུ་གསུངས་ནས་སྤྱན་ཆབ་བྱོན།

སྟོན་པ་ལ་ཡང་སྤྱན་ཆབ་བྱོན་ཏེ། བདག་གིས་ཇོ་བོའི་བཞུགས་གནས་སྙེ་ཐང་ཟེར་བ། དབྱར་བསིལ་བ། དགུན་དྲོ་བ། ནགས་ཚལ་དང་ནེའུ་གསིང་ཡོད་པ། དགུན་ཡང་མེ་ཏོག་སྐྱེ་བ་ཅིག་བཙལ་ཡོད་ཅེས་ཞུས་པས། ཨུ་པ་སི་ཀ་ད་ལྟ་རང་གཤེགས་གསུངས།

འབྲོམ་གྱིས། ཁུ་སྟོན་དབང་ཆེ་བས་དལ་གྱིས་ཐབས་མཁས་བྱེད་དགོས་ཞུས་པས། ཁུ་སྟོན་གྱིས་མི་ཚོར་བའི་ཐབས་ང་རང་གིས་བྱེད་གསུངས་ནས། དེའི་ནུབ་མོ་གྲུ་གྲ་སྒྲིག་བྱས་ཏེ་ནམ་ལངས་པ་དང་ལྐོག་ཏུ་ཕེབས་པ་ཇོ་མོ་ཞིག་གིས་མཐོང་ནས། ཁུ་སྟོན་ལ་བརྡ་གཏོང་དུ་ཕྱིན།

དེ་ནས་ཇོ་བོ་དཔོན་གཡོག་གིས་ཉང་པོའི་གྲུ་ལ་བྱོན། སྟོན་པའི་ཞལ་ནས་སྔོན་ལ་ང་སྒྲོལ་ཅིག  ད་ལྟ་རེད་བརྡུང་རྡེག་ཐམས་ཅད་ང་ལ་འོང་ངོ་ཟེར་ནས་ཐོག་མར་གཙང་བོར་བསྒྲལ།  ཇོ་བོ་དཔོན་གཡོག་གཙང་བོར་སྒྲོལ་པའི་དུས། དགེ་བཤེས་ཁུ་སྟོན་ཡང་དངངས་འཚབ་དང་ཆེན་པོས་ཨ་ཏི་ཤ་ཟེར་བཞིན་རྟར་ལྕག་གིས་སྐུལ་བཞིན་ཨ་ཏི་ཤ་དེར་བཞུགས་ཞེས་སྐད་ཆེན་པོ་གཏོང་བཞིན་རྒྱུགས་ནས་ཡོང་།

ཇོ་བོས་མཁས་པ་ཆེན་པོ་ཕྱིར་བྱོན། རྟ་ཁ་ཕྱིར་ཐེན་ཅིག་གསུངས་ནས་བཞུགས་པ་དང་། ཁུ་སྟོན་གྱི་ཆིབས་པ་ཐལ་ནས་ཆུ་ནང་དུ་ལྟུང་ནས་ཅུང་ཟད་མ་གཏོགས་སྐུ་གྲོངས།  དེ་ནས་ཁུ་སྟོན་གྱིས་ཇོ་བོར་ཕྱིར་ཕེབས་པར་་ཞུ་བ་བྱས་ཀྱང་མ་གསན་པར། དབུ་ཞྭ་ཕྱིར་བྱིན་རླབས་ཀྱི་རྟེན་དུ་འཕངས་ནས་བསམ་ཡས་སུ་ཕེབས།



ཟླ་ལྔ་བའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲིས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།