ཇོ་བོ་བསུ་བར་སླེབས་པའི་བོད་ཀྱི་མི་མ་ཡིན།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-06-06 22:31:04     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

འབྲོམ་ལ་ཨུ་པ་སི་ཀ་མི་མ་ཡིན་མང་པོ་བྱུང་ངོ་གསུངས་ཤིང་། བོད་ཀྱི་རབ་བྱུང་བ་ལ་རབ་བྱུང་བའི་ཁྱད་ཆོས་མེད་པ་ཅི་ཡིན་དགོངས་ནས་ཕངས་པ་ཞིག་དང་བཅས་དབུ་གཏུམས་ནས་བཞུགས། དེ་ནས་རབ་བྱུང་བའི་མི་ཆེན་རྣམས་ཀྱིས་ཆོས་གོས་གྱོན། སེར་སྦྲེངས་མཛད་ནས་ཕྱག་རྟེན་ཕུལ་བས་མི་མ་ཡིན་དེ་དག་གློ་བུར་དུ་དགེ་འདུན་གྱི་སྡེ་རུ་གྱུར་པས། ཇོ་བོ་ཡང་དགྱེས་ནས་ཕྱག་ལན་མང་པོ་གནང་།

ཇོ་བོའི་རྣམ་ཐར་ལས་བཤུས།


ཇོ་བོ་བསུ་བ་ནི་བོད་ཀྱི་ལོ་རྒྱུས་སྟེང་ཆེས་རྒྱ་ཆེ་བའི་བླ་མའི་བསུ་བ་ཡིན་ངེས།

དགེ་བཤེས་སྟོན་པ་ཐུགས་དགོངས་བཟང་བས་ཇོ་བོ་ཆེན་པོ་དབུས་གཙང་དུ་གདན་འདྲེན་ཞུ་ཐུབ་པ་བྱུང་ཞིང་།  བོད་ཀྱི་མི་ཆེན་རྣམས་ཀྱི་བསམ་པ་བཟང་བས་སོ་སོ་ནས་གསེར་དང་། རྟ་ལ་སོགས་པའི་ཁྲལ་བཀྲལ་ནས། བོད་དབུས་གཙང་གི་མི་ཐམས་ཅད་ཀྱིས་ཇོ་བོའི་བསུ་བ་ལ་བྱོན།

དེའི་ཚེ་བོད་སྟོན་རྣམས་མང་ཡུལ་དུ་འབྱོན་པ་ལ། ཇོ་བོས་ཉིན་རེ་བཞིན་བྱ་ར་མཛད་ཙ་ན། བོད་སྟོན་རྣམས་ཀྱིས་བོད་ཀྱི་ཆེ་བའི་རྟགས་སུ་ཚག་ཞུ་དང་བེར་ཆེན་གྱོན། རྟ་ལ་ཆིབས་བྱོན་པ་མཐོང་བས་ཇོ་བོའི་ཐུགས་ལ་འཚེར་སྣང་སྐྱེས། 

འབྲོམ་ལ་ཨུ་པ་སི་ཀ་མི་མ་ཡིན་མང་པོ་བྱུང་ངོ་གསུངས་ཤིང་། བོད་ཀྱི་རབ་བྱུང་བ་ལ་རབ་བྱུང་བའི་ཁྱད་ཆོས་མེད་པ་ཅི་ཡིན་དགོངས་ནས་ཕངས་པ་ཞིག་དང་བཅས་དབུ་གཏུམས་ནས་བཞུགས། དེ་ནས་རབ་བྱུང་བའི་མི་ཆེན་རྣམས་ཀྱིས་ཆོས་གོས་གྱོན། སེར་སྦྲེངས་མཛད་ནས་ཕྱག་རྟེན་ཕུལ་བས་མི་མ་ཡིན་དེ་དག་གློ་བུར་དུ་དགེ་འདུན་གྱི་སྡེ་རུ་གྱུར་པས། ཇོ་བོ་ཡང་དགྱེས་ནས་ཕྱག་ལན་མང་པོ་གནང་།

ལ་སྟོད་པས་བོད་སྟོན་རྣམས་ཀྱི་སྣ་ལེན་དུ་བསྙེན་བཀུར་བཟང་པོ་ཞིག་མཛད་པས། ཇོ་བོས་རྒྱ་གར་གྱི་རབ་ཏུ་བྱུང་བ་བས་བོད་ཀྱི་རབ་བྱུང་འཚོ་བ་བཟང་གསུངས།

དེ་ནས་ཇོ་བོས་གཙང་ལ་སྟོད་ལྡོག་གི་ཚ་སྣ་བྱ་བ་་ལ་ཅིག་ཅར་འཇུག་པའི་ངོར་དོ་ཧ་རྡོ་རྗེའི་མགུར་བྱ་བ་གསུངས་པས། དགེ་བཤེས་སྟོན་པས་བོད་དུ་ཆོས་འདི་གསུངས་པ་མི་ལེགས། བསྐལ་པ་སྙིགས་པས་སྡོམ་པ་བསྲུང་བ་དང་། ཚོགས་གསོག་པ་མི་མཆི། ལས་རྒྱུ་འབྲས་ལ་སོགས་པ་བསྟན་པ་སྤྱི་ལ་ཕན་པའི་ཆོས་གསུང་བར་ཞུས།

ཨ་ཏི་ཤ་ཡང་ཤིན་ཏུ་མཉེས་ཏེ། སྐྱེས་བུ་ཆེན་པོ་ཁྱོད་ལྟ་བུ་བོད་ན་བཞུགས་པ་བོད་བསོད་ནམས་ཆེ། ཁོ་བོས་རྒྱ་གར་དུ་ཡོད་དུས་བོད་དུ་བཞུགས་པ་ཐོས་ན་བོད་དུ་འོང་དགོས་པ་མི་འདུག་པ་ལ་གསུངས།

སྣེའུ་ཟུར་པའི་ཞལ་ནས། འུ་ཅག་ཡིན་ན་གཞན་སུ་ལའང་མེད་པའི་ཆོས་ཤིག་ཁ་ན་ཞུ། དགེ་བཤེས་སྟོན་པ་དེ་ཐུགས་དགོངས་ཤིན་ཏུ་བཟང་བས་བོད་སྤྱི་ལ་ཕན་ཆེ་བའི་ཆོས་ཤིག་ཁ་ན་ཞུ་བར་ལགས་པར་གདའ་གསུངས།

དོན་དེ་ཡང་བསྟོད་པ་ལས། ཤིན་ཏུ་ཟབ་པའི་ཚུལ་ལ་མངོན་དགྱེས་ཀྱང་། །དགྲ་བཞིན་སྤྱོད་པས་བག་མེད་གྱུར་རྣམས་ལ། །རྗེས་སུ་བརྩེ་བས་ལས་དང་འབྲས་བུའི་གཏམ། །ལྷག་པར་གསོལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །

དེ་ནས་གཙང་རོང་ན་མར་བྱོན་ཙ་ན། ཁང་པ་དོག་བས་གནས་ཁང་འདོད་རིགས་མ་རྙེད་པ་ལ། དགེ་བཤེས་སྟོན་པས་ཇོ་བོ་ཕྱིར་བཞུགས་སུ་བཅུག་ནས།  དེའི་བར་དུ་ཁང་བའི་གད་དར་བྱས། ཇོ་བོའི་དབུ་སྔས་སུ་མཎྜལ་ཞིག་ཀྱང་ ཚར་བར་བྱས་འདུག་པས། ཇོ་བོའི་ཞལ་ནས། ང་ལ་སློབ་མ་ཁྱོད་འདྲ་བ་ཅིག་རྒྱ་གར་ནའང་ཡོད་གསུངས།

པོ་ཏོ་བའི་ཞལ་ནས་དོན་ལ་མེད། ཡོད་ན་ཁ་སྐད་འདྲ་བ་འོང་ཐང་པ་ལ་གསུང་ངོ་། །

སྐབས་འདིར་ཁོང་བསུ་མར་སྔོན་དུ་སླེབས་པའི་ཁུ་སྟོན་གྱིས་སོལ་ནག་ཐང་པོ་ཆེ་ལ་གདན་འདྲེན་ཞུས་ཤིང་། སྐབས་དེར། དགེ་བཤེས་སྟོན་པའི་ཐུགས་ལ།  དགེ་བཤེས་ཁུ་ཐུགས་རྒྱལ་ཆེ་བས། ཇོ་བོའི་ཞབས་ཏོག་ཆེ་བ་མི་འོང་དགོངས་ནས་ཇོ་བོ་དབུས་སུ་སྤྱན་འདྲེན་ཆོག་པ་ཞིག་བྱ་སྙམ་ནས་དབུས་སུ་བཞུད།

ཡབ་སྲས་གཉིས་ཀ་སོ་སོར་ཁ་གྱེས་ཤིང་། ཁ་གྱེས་པ་དེའང་དགོས་དབང་ཞིག་གི་ཡིན།



སྐབས་དེར་ཁོང་གིས་དཀའ་སྡུག་མང་བོ་མྱང་བས་ཇི་ལྟར་མྱང་བ་མཁྱེན་འདོད་ན་སློབ་མས་མནར་བའི་བླ་མ་ཞེས་པའི་ཚན་པ་དེར་གཟིགས་རོགས།


ཟླ་ལྔ་བའི་ཚེས་ལྔའི་ཕྱི་དྲོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲིས།



རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།