བླ་མ་དང་ཁྱད་པར་མེད་པའི་བླ་མའི་གསུང་།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-06-03 11:37:47     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

------ཇོ་བོ་འབྱོན་དུ་རེ་བ་ཆེ་སྟེ། ཆོས་འདི་ཕེབས་པས་ཇོ་བོ་དང་ཁྱད་མེད། ད་ཇོ་བོ་བོད་ན་འགྲོ་དོན་ཆེ་བ་དེ་ལྷག་པར་དགའ། ཇོ་བོ་དང་པོ་ནས་བོད་ལ་མཉེས་པ་ང་རང་ལ་རྒྱུས་ཡོད། ད་སྐུ་ན་སོ་བྱོན་པས་བཤུལ་ཐག་རིང་པོ་ལ་ཚུར་སྤྱན་མ་དྲངས་པར། བསྟན་བཅོས་འདི་ལ་འགྲེལ་པ་ཅིག་མཛད་ནས་བསྐུར་བར་ཞུ་གསུངས། 

གནས་བརྟན་དཀོན་ཅོག་འབྱུང་གནས་ཀྱི་གསུང་།


དགེ་བཤེས་ལོ་ཙྰ་བ་ནི་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་སྟེ། ཁོང་ཅིའི་ཕྱིར་ཇོ་བོ་བོད་དུ་བཞུགས་སུ་མི་འདོད་པ་ཡིན་ནམ། སྐབས་འདིར་ཁོང་ནི་ཇོ་བོས། ཁྱོད་ཀྱིས་དང་པོར་ཚུར་ལ་སྤྱན་མ་འདྲོངས། དེ་ནས་ཕར་ལ་སྤྱན་མ་འདྲོངས། ངས་ལོ་ཙྰ་བ་སྦྱོང་ཞེས་ཞལ་ཀྱལ་གནང་བ་ལྟར་དུ་གྱུར།  

ཁོང་ནི་འདུལ་བར་མཁས་ཤིང་། འདུལ་བ་འཛིན་པའི་གྲགས་པ་ཆེ། ཡུལ་གུང་ཐང་པ་ཡིན་པས་དགེ་བཤེས་གུང་ཐང་བའང་ཟེར། ལྕགས་མོ་ཕག་ལ་སྐུ་འཁྲུངས།གདུང་དགུང་ལོ་ཉེར་བདུན་པ་ལ་ཇོ་བོ་སྤྱན་འདྲེན་དུ་བྱོན་ཞིང་། ཁོང་ནི་ཇོ་བོ་བོད་དུ་གདན་འདྲེན་པའི་ལོ་ཙཱ་བ་བྱས་རྗེས་ཆེས་ཆེ་བ་དེ་ཡིན། ཁོང་གིས་སྔ་རྗེས་སུ་ཇོ་ལོ་བཅུ་དགུའི་བར་ཚུལ་བཞིན་བསྟེན་ཅིང་། ཐུན་མོང་གི་ཡོན་ཏན་རྫོགས་པར་མཛད། བོད་སྟོན་ཐམས་ཅད་ཀྱིས་ཀྱང་སློབ་དཔོན་ཟེར་བ་ཡིན། ཇོ་བོའི་ཆོས་རྣམས་ཁོང་གིས་ཁུངས་ཕྱུང་ནས་ཞུར་བཅུག་པས། གཞན་རྣམས་ཀྱིས་ཀྱང་གདམས་པ་ཕལ་ཆེ་བ་ཐོབ་པས་ཁོང་བཀའ་དྲིན་ཤིན་ཏུ་ཆེ་བར་བྱེད། 

ཁོང་གིས་ཇོ་བོ་བོད་དུ་གདན་འདྲེན་གནང་དུས་རྒྱ་གར་གྱི་རྒྱལ་པོ་དང་བྲི་ཀཱ་མ་ལ་ཤི་ལའི་དགོན་པའི་མཁན་པོ་དགེ་འདུན་དང་བཅས་པས་བོད་དུ་ལོ་གསུམ་བཞུགས་ཆོག་པའི་གནང་བ་ཐོབ་ནས་དགུང་ལོ་ང་དགུ་པ་རབ་བྱུང་དང་པོའི་ལྕགས་འབྲུག(༡༠༤༠)ལོར་བལ་ཡུལ་བརྒྱུད་ནས་མངའ་རིས་སུ་ཕེབས་ཏེ་ལོ་གསུམ་རིང་བཞུགས།

ཁོང་ནི་ཇོ་བོ་བོད་དུ་བཞུགས་དུས་ཀྱི་ལྗགས་ལྟ་བུ་ཡིན་པས་ཇོ་བོའི་ཆོས་གསུང་དུས་ཁོང་གི་ལོ་ཙཱ་གནང་བ་ཡིན།  མངའ་རིས་སུ་ལོ་གསུམ་བཞུགས་ནས་རྒྱ་གར་དུ་ཕྱིར་བྱོན་དགོངས་པ་ན་འཁྲུག་པས་ལམ་འགགས་ཏེ་ཕེབས་མ་ཐུབ་དུས།འབྲོམ་གྱིས་ཐབས་ཀྱིས་ཕྱིར་དབུས་གཙང་དུ་གདན་འདྲེན་དུས་ཁོང་གིས། ང་དམྱལ་བར་འགྲོ་མི་ནུས། སློབ་དཔོན་གནས་བརྟན་དང་ཆད་སོ་ཡོད་པ་ཐུགས་ལ་མངའ་མོད། ཅེས་གསུངས་ཤིང་། བོད་དབུས་གཙང་དུ་ཕེབས་པ་འགོག་རྩིས་བྱས། 

ཇོ་བོ་ཆེན་པོ་རྗེ་འདི་ཉིད་ཡབ་ཟ་ཧོར་རྒྱལ་བོ་དགེ་བ་དཔལ་དང་ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་སུ982ལོར་རྒྱ་གར་ཤར་ཕྱོགས་བྷཾ་གྷ་ལའི་ཡུལ་དུ་སྐུ་འཁྲུངས། མཚན་དཔལ་མར་མེ་མཛད་ཡེ་ཤེས་ཞེས་གསོལ། བོད་རྣམས་ཀྱིས་ཇོ་བོ་རྗེ་ཞེས་གསོལ།

དགུང་ལོ་བཅུའི་རིང་ཕྱི་རོལ་མུ་སྟེགས་པ་དང་ནང་བའི་ཆོས་ལུགས་ཀྱི་སྒྲ་ཚད་སོགས་སློབ་གཉེར་མཛད། དགུང་ལོ་ཉེར་དགུ་བར་རྒྱ་གར་རྡོ་རྗེ་གདན་གྱི་མ་ཧཱ་བོ་ངྷིའི་གཙུག་ལག་ཁང་དུ་རབ་བྱུང་མཛད་ནས་ཕྱི་ནང་ཐུན་མོང་གི་རིག་གནས་དང་ནང་བའི་མདོ་སྔགས་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་ཕྱིན་པ་མཛད། པན་ཌི་ཏ་ཆེན་པོའི་མཚན་སྙན་ཐོབ། གསེར་གླིང་བ་ལ་སོགས་པའི་བླ་མ་སུམ་ཅུ་སོ་བཞི་ཙམ་བསྟེན་ནས་རྒྱ་གར་དུ་མཁས་པ་གྲགས་ཆེ་བར་གྱུར། 

ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ཀྱིས་བོད་ལ་ཆོས་ལོག་དར་བ་འགོག་མ་ཐུབ་པས་རྒྱ་གར་གྱི་པན་ཌི་ཏ་ཆེན་པོ་ཞིག་སྤྱན་མ་དྲངས་ན་བསྟན་པར་དག་ཐེར་གནང་དཀའ་བ་མཐོང་ནས་འབད་པ་ཆེན་པོ་གནང་བ་བརྒྱུད1038ལོར་རྒྱ་བརྩོན་སེང་དང་ནག་ཚོ་ལོ་ཙཱ་བས་བོད་དུ་གདན་དྲངས། བལ་ཡུལ་དུ་ལོ་གཅིག་བཞུགས་ནས་གཙུག་ལག་ཁང་ཞིག་བཞེངས། 

 1040ལོར་ཞང་ཞུང་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་ཕེབས། བོད་དུ་ཆོས་ལོག་དར་བ་སུན་འབྱིན་མཛད། ལྷག་པར་རྒྱལ་བའི་གསུང་རབ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཧྲིལ་གྱིས་བསྒྲིལ་ཅིང་། ཉམས་སུ་ལེན་བདེ་བའི་བསྟན་བཅོས་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད། 

སྐབས་དེར་དགེ་བཤེས་འབྲོམ་གྱིས་ཇོ་བོ་བོད་དབུས་གཙང་དུ་སྤྱན་འདྲེན་པར་བརྩོན་བཞིན་ཡོད་ཀྱང་། ནག་ཚོས་ཕྱིར་རྒྱ་གར་དུ་སྤྱན་འདྲེན་པར་བརྩོན་བཞིན་ཡོད། འབྲོམ་གྱིས་བོད་ཀྱི་བསྟན་འགྲོར་དགོངས་ཤིང་། ལོ་ཙཱ་བའི་ཁས་ལེན་དམ་བཅའ་བརྩི་བ་རེད། 

རྐྱེན་དུ་མའི་དབང་གིས་ཇོ་བོ་ཕྱིར་རྒྱ་གར་དུ་སྐྱེལ་མ་ཐུབ་པ་ལ་དགེ་བཤེས་ལོ་ཙྰ་བ་དེ་ཐུགས་ཤིན་ཏུ་མ་བདེ་བ་ལ། ཇོ་བོའི་ཞལ་ནས། ཁྱོད་བློ་མ་བདེ་བ་མི་དགོས། སྒྲུབ་པར་མ་ནུས་པ་ལ་ཉེས་པ་གཏན་མེད་པ་ཡིན་གསུངས། དེར་ལོ་ཙྰ་བ་དགྱེས་ཏེ། ད་འོ་ན་བོད་དུ་འབྱོན་པར་ཞུ་ཟེར་ནས་དབུས་གཙང་དུ་སྤྱན་འདྲེན་པའི་སྦྱོར་བ་བརྩམས།

དེའི་དུས་སུ་གསེར་ཀོ་གཏུམ་ཞིག་དང་ལམ་སྒྲོན་ཇོ་བོའི་ཕྱག་བྲིས་ཡིན་པ་ཅིག་པུ་རངས་པའི་བནྡེ་གཉིས་ལ་བསྐུར་ནས། གསེར་འདི་སློབ་དཔོན་གནས་བརྟན་ལ་ཕུལ་ལ། ད་རེས་གདན་དྲངས་པ་ཡིན་ཏེ། བལ་པོའི་ལམ་འགགས་ནས་ཕྱིར་ལོག ད་སྤྱན་དྲོངས་གསུང་ན་ཡང་སྤྱན་འདྲེན། ཇོ་བོ་ཡང་བོད་ལ་མཉེས་ཤིང་འགྲོ་དོན་ཀྱང་ཆེན་པོ་འདུག་པས་བཞུགས་ཆོག་གམ་བྱ་བ་དང་། བསྟན་བཅོས་འདི་བི་ཀྲ་མ་ཤཱི་ལའི་པནྜི་ཏ་རྣམས་ལ་གཟིགས་སུ་ཕུལ་ཞིག་ཅེས་པའི་འཕྲིན་ཡིག་བསྐུར། 

པུ་རངས་པའི་བནྡེ་གཉིས་པོ་ལམ་དུ་སྐྱོན་ཅི་ཡང་མ་བྱུང་རྒྱ་གར་དུ་སླེབས་ཤིང་། གནས་བརྟན་དཀོན་ཅོག་འབྱུང་གནས་ལ་གསེར་རྣམས་ཕུལ་ཅིང་། ཇོ་བོའི་ལོ་རྒྱུས་དང་། ལོ་ཙྰ་བའི་འཕྲིན་རྒྱས་པར་གསོལ། བསྟན་བཅོས་དེ་པནྜིཏ་རྣམས་ལ་གཟིགས་སུ་ཕུལ་བས་ཐམས་ཅད་དགྱེས་ཏེ། བསྟན་བཅོས་འདི་ལེགས། ཡི་གེ་ཕྱག་བྲིས་མ་ནོར་བ་འདུག་གསུངས་ཏེ། རྒྱལ་མཚན་གྱི་རྩེ་ལ་བཏགས་ནས་ཞག་ཉི་ཤུ་རྩ་གཅིག་ཏུ་མཆོད་པ་རྒྱ་ཆེན་པོ་མཛད། 

གནས་བརྟན་དཀོན་ཅོག་འབྱུང་གནས་ཀྱིས། ཇོ་བོ་འབྱོན་དུ་རེ་བ་ཆེ་སྟེ། ཆོས་འདི་ཕེབས་པས་ཇོ་བོ་དང་ཁྱད་མེད། ད་ཇོ་བོ་བོད་ན་འགྲོ་དོན་ཆེ་བ་དེ་ལྷག་པར་དགའ། ཇོ་བོ་དང་པོ་ནས་བོད་ལ་མཉེས་པ་ང་རང་ལ་རྒྱུས་ཡོད། ད་སྐུ་ན་སོ་བྱོན་པས་བཤུལ་ཐག་རིང་པོ་ལ་ཚུར་སྤྱན་མ་དྲངས་པར། བསྟན་བཅོས་འདི་ལ་འགྲེལ་པ་ཅིག་མཛད་ནས་བསྐུར་བར་ཞུ་གསུངས། 

ཁོང་གཉིས་པོས་བཀྲ་ཤིས་པའི་གཏམ་སྙན་དེ་ཁྱེར་ནས་བོད་དུ་ཕེབས། ཇོ་བོ་དཔོན་སློབ་་ལ་ཞུ་འཕྲིན་སྙན་དུ་གསོལ་བས། ཐམས་ཅད་ཤིན་ཏུ་མཉེས། དགེ་བཤེས་འབྲོམ་གྱི་ཐུགས་སྨོན་གྲུབ་པ་དང་ནག་ཚོའི་ཐུགས་ཁྲལ་ཆབས་ཅིག་ཏུ་སངས།  ནག་ཚོ་ལོ་ཙྰ་བས། སློབ་དཔོན་གནས་བརྟན་གྱིས་རི་བས་ཀྱང་ལྕི་བའི་ཁུར་གཅིག་བསྐུར་བ་དེ་ད་སངས་ཀྱིས་སོང་གསུངས་ནས་ཐུགས་ལྷོད་ལ་བབས།

ཇོ་བོས་ཀྱང་དེ་འཕྲལ་དུ་འགྲེལ་པའི་དབུ་བཙུགས་ནས་དཀའ་འགྲེལ་ཞིག་བརྩམས་ཏེ། སླར་ཡང་ཁོང་གཉིས་པོ་ལ་བསྐུར་བས། པནྜི་ཏ་རྣམས་ཀྱིས་ཉིན་ལམ་མང་པོ་ནས་བསུ་བ་བྱས་ཤིང་།  རྒྱལ་མཚན་གྱི་རྩེར་བཏགས་ཤིང་མཆོད་པ་ཆེན་པོ་མཛད་དོ། །


རྒྱ་གར་བ་རྣམས་ཀྱིས་ཅིའི་ཕྱིར་ལམ་སྒྲོན་ལ་བརྟེན་ནས་ཇོ་བོ་བོད་དུ་བཞུགས་པར་ཁས་བླངས་པམཁྱེན་འདོད་ན་གཞན་ལ་གཏད་ས་མ་རྙེད་པའི་གདམས་པ་ཞེས་པའི་ཚན་པ་ལ་གཟིགས་པར་ཞུ། 


ཟླ་ལྔ་བའི་ཚེས་ཚེས་ལྔའི་ཞོགས་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲིས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།