དབུས་གཙང་གཡོ་བར་བྱས་པའི་འཕྲིན་ཡིག

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-06-01 11:22:43     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

--------ཇོ་བོ་ཤིན་ཏུ་དགྱེས་ནས་སྙིགས་མའི་དུས་སུ་ཚངས་པར་སྤྱོད་པ་གྲངས་མང་བ་དེ་ཙམ་པ་རྒྱ་གར་ནའང་མི་བཞུགས། དེ་ཙམ་བཞུགས་ན་ངེས་པ་ཁོ་ནར་དགྲ་བཅོམ་པ་ཡང་བཞུགས་ཏེ་མཆི་གསུངས། བྱིན་པ་འདར་ཕྲིལ་ཕྲིལ་བོད་ཀྱི་ཕྱོགས་སུ་ཕྱག་མཛད།  

འབྲོམ་གྱི་རྣམ་ཐར་ལས་བཤུས། 


དམག་འཁྲུག་གི་དམིགས་ཡུལ་གང་ཞིག་ཡིན་རུང་། བྱེད་སྟབས་ནི་མི་བསད་ནས་ཕ་རོལ་ལས་རྒྱལ་བ་དེ་རེད།དེ་ནི་ཁོང་ཁྲོའི་འབྲས་བུ་སྟེ་ཆེས་གདུག་རྩུབ་ལྡན་པའི་བྱ་བ་ཞིག་རེད།

ཡིན་ནའང་དེར་བརྟེན་ནས་དགེ་མི་དགེ་བྱ་བ་སྣ་ཚོགས་ཤིག་འབྱུང་ངེས། སྟེས་དབང་གིས་དོན་ཕུན་སུམ་ཚོགས་པའང་འགྲུབ་པ་རེད། དེ་ལྟ་བུའི་དོན་ཞིག་བསྟན་པ་ཕྱི་དར་གྱི་སྐབས་སུ་བྱུང་བ་རེད། 

ཇོ་བོ་མང་ཡུལ་དུ་ཕེབས་པ་ན་ས་མན་སྡེ་འཁྲུགས་ནས་ས་མཚམས་ཀྱི་ལམ་ཁེགས་པས་དེར་བཞུགས་ག་མེད་བྱུང་།  དེར་དོན་གཞན་མེད་པས་བག་ལྷོད་ནས་བཞུགས་ཤིང་། སྐྱོ་བསང་ལ་ཕེབས་པའི་དུས་དགེ་བཤེས་སྟོན་པས་བོད་ཀྱི་ལོ་རྒྱུས་མང་བོ་ཞུ་བའི་གོ་སྐབས་བྱུང་། 

སྔོན་བོད་འདིར་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་བྱོན་པ་དང་། བསྟན་པའི་སྲོལ་བཙུགས་ཚུལ།  ལྷ་ས་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་བཞེངས་ཤིང་། སློབ་དཔོན་བོ་དྷི་ས་ཏྭ་དང་། ཀ་མ་ལ་ཤཱི་ལ་ལ་སོགས་པས་གདན་དྲངས་པའི་རྒྱ་དཔེ་མང་པོ་ཡོད་ཚུལ། དགེ་འདུན་སྟོང་ཕྲག་ཙམ་བཞུགས་པ་སོགས་ཀྱི་ལོ་རྒྱུས་མང་པོ་སྙན་དུ་གསོལ། 

ཇོ་བོ་མང་ཡུལ་དུ་བཞུགས་པའི་སྐབས་དེ་ནི་ཇོ་བོས་བོད་ལ་རྒྱུས་ལོན་པའི་སྐབས་ཡིན་ཞིང་།  ཇོ་བོའི་ཐུགས་ལ་འགྱུར་བ་བྱུང་བའི་སྐབས་རེད། 

འབྲོམ་གྱི་སྐད་ཆ་རེ་རེ་ནི་བོད་ཀྱི་བསྟན་པར་འབྲེལ་བ་ཡོད་པའི་ཞུ་ཚིག་རེ་ཡིན་ལ།བཀའ་གདམས་པ་བསུ་བའི་རྟེན་འབྲེལ་གྱི་སྐྱ་རེངས་རེ་རེ་རེད། 

དེ་ནས་འབྲོམ་གྱིས་ཇོ་བོ་བོད་དུ་བྱོན་པ་ལ་དགྱེས་པ་ལགས་སམ་ཞུས་པས། ཇོ་བོ་ཤིན་ཏུ་དགྱེས་ནས་སྙིགས་མའི་དུས་སུ་ཚངས་པར་སྤྱོད་པ་གྲངས་མང་བ་དེ་ཙམ་པ་རྒྱ་གར་ནའང་མི་བཞུགས། དེ་ཙམ་བཞུགས་ན་ངེས་པ་ཁོ་ནར་དགྲ་བཅོམ་པ་ཡང་བཞུགས་ཏེ་མཆི་གསུངས། བྱིན་པ་འདར་ཕྲིལ་ཕྲིལ་བོད་ཀྱི་ཕྱོགས་སུ་ཕྱག་མཛད།  

བོད་ཀྱི་དགེ་འདུན་དེ་དག་ཐམས་ཅད་ཀྱང་ཁོ་བོ་འོང་བ་ལ་དགའ་བ་ཡིན་ན། ངས་དགེ་འདུན་གྱི་ཆོས་ལྡན་གྱི་ངག་མི་གཅོག་པར་དམ་བཅས་པ་ཡིན་གསུངས་པས། དེར་དགེ་བཤེས་སྟོན་པ་སྤོབས་པ་སྐྱེས་ནས། ཇོ་བོ་ལ་བོད་དུ་འབྱོན་པར་གསོལ་བ་བཏབ་པས། ཇོ་བོས་ཀྱང་ཞལ་གྱིས་བཞེས།  

དེར་སྟོན་པའི་ཐུགས་དགོངས་ལ་བོད་ཀྱི་མི་ཆེན་རྣམས་གྲོགས་ལ་སྦྲན་ལ་སྤྱན་འདྲེན་པར་དགོངས་ནས་འཕྲིན་ཡིག་ཅིག་བསྐུར། 

འཕྲིན་ཡིག་འདིར་སྔོན་རྒྱལ་བློན་བྱང་ཆུབ་སེམས་དཔའ་འཁོར་བཅས་ཀྱིསའགྲོ་བ་དག་ལ་ཕན་པའི་ཐབས་སུ་དམ་ཆོས་བསྒྱུར། བསམ་ཡས་ལ་སོགས་གཙུག་ལག་ཁང་བཞེངས་ཤིང་། ད་ལྟར་གནས་མཆོག་ན་སྔོན་རྒྱལ་འཕྲུལ་རྒྱལ་བོའི་དགོངས་པ་བསྐང་ཕྱིར་བསྟན་པ་བདུད་རྩི་རྒྱས་མཛད་ལྷ་བཙུན་བོ་དྷི་རཱ་ཛ་དང་། བཙུན་ཆེན་ཡེ་ཤེས་བློ་གྲོས་དང་། ཐེག་ཆེན་སྐ་བ་རྣམ་གསུམ་དང་། མིག་འབྱེད་དགེ་བཤེས་རྣམ་གཉིས།རྗེས་སློབ་དཔལ་ལྡན་བཅུ་གཉིས་དང་། ཆོས་སྐོར་ཁྲིམས་བཞིན་སྐྱོང་མཛད་པའི་རིང་ལུགས་ཆེན་པོ་གཉིས་པོ་སོགས་བསྟན་འཛིན་དག་ལ་རྒྱ་གར་ཡུལ་གྱི་མཁས་བཙུན་བཟང་བོའི་མཆོག་ཏུ་གྱུར་པ་ཇོ་བོ་ཡེ་ཤེས་མཚན་ཅན་གྱི་མཁས་པ་ཆེན་པོ་མངའ་རིས་འདིར་བྱོན་ཏེ་བཞུགས་པ་དབུས་སུ་སྤྱན་འདྲེན་པའི་ཆེད་དུ་ཐམས་ཅད་བསུ་བར་ཕེབས་དགོས་ཞེས་པའི་འཕྲིན་ཡིག་གྲགས་ཅན་དེ་རེད། 

མདོར་ན་འཕྲིན་ཡིག་ལས། སྔར་ནི་དབུས་སུ་གཤེགས་ཞུས་ན། །ཕར་རིངས་གསུངས་ནས་བཀའ་མ་གནང་། །སླད་ནས་བལ་ཡུལ་ཤུལ་ཁ་ནས། །དབུས་ཀྱི་དགེ་འདུན་རྒྱུས་གསོལ་བས། །དད་ནས་ཕྱག་འཚལ་དགྱེས་གྱུར་ཏེ། །ཚངས་སྤྱོད་གྲངས་མེད་དེ་ལྟ་བུ། །རྒྱ་གར་ཡུལ་ནའང་དཀོན་ཞེས་གསུངས། །དེས་ཀྱང་དངོས་ཉིད་སྤོབས་སྐྱེས་ཏེ། །ཁྱེད་ཀྱང་དད་པར་འཁུམས་ལགས་པས། །ཡང་དང་ཡང་དུ་ཞུས་པ་ལས། །ང་ཡིས་དགེ་འདུན་དོན་སྒྲུབ་ཅིང་། །བཀའ་མི་གཅོག་པར་དམ་བཅས་ཕྱིར། །དགེ་འདུན་དག་ལ་གྲོས་ཡོད་ཅིང་། །སྤྱན་འདྲེན་འོངས་ན་འགྲོ་གསུང་བས། །དགེ་སློང་གཞོན་ནུ་བློ་རྣོན་པོ། །ལོ་ཙྰ་སྨན་ཐོགས་གཅིག་མཆིས་ན། །ཁྱེད་ཅག་དམ་ཆོས་གཉེར་མཛད་རྣམས། །མོས་ཤིང་བཀའ་གྲོས་མཐུན་པ་ན། །སྤྱི་སྒོས་གང་བདེའི་སྤྱན་འདྲེན་པ། །དགེ་སློང་རྟ་མང་ཞལ་མཐོང་བཅས། །སྟོན་ས་ཚུན་ཆད་འདིར་འབྱོན་མཛོད། །ཅེས་པ་འདི་རེད། 

འཕྲིན་ཡིག་འདི་ནི་བོད་དུ་གྲགས་པ་ཤིན་ཏུ་ཆེ་བའི་འཕྲིན་ཡིག་ཅིག་ཡིན་ཞིང་། གྲགས་པ་ཆེ་དོན་ཡང་ཚིག་སྦྱོར་གྱི་ཆ་ནས་མིན་ལ། ནང་དོན་གྱི་ཆ་ནས་ཀྱང་མིན་པར་ནུས་པའི་ཆ་ནས་རེད།  འཕྲིན་ཡིག་འདིས་དངོས་སུ་ཇོ་བོ་དབུས་གཙང་དུ་གདན་འདྲེན་པ་དང་། བརྒྱུད་ནས་བོད་ཀྱི་བསྟན་པ་ལ་ཕན་བཏགས་པ་དེ་འདྲ་གཞན་ལ་མི་སྲིད་པའི་རྐྱེན་གྱིས་ཡིན།

འབྲོམ་གྱིས་འཕྲིན་ཡིག་སྔོན་གྱི་ཁ་ཆད་བཞིན་སྐ་བ་ཤཱཀྱ་དབང་ཕྱུག་ཕྱག་ཏུ་ཕུལ་ཞིང་། སྐ་བས་འཕྲིན་ཡིག་དེ་ཉིད་བོད་ཀྱི་མི་ཆེན་རྣམས་ལ་བཀྲམ་པས་འཕྲིན་ཡིག་དེ་ནི་དབུས་གཙང་གི་ཆེ་ཆུང་མཐའ་དག་གི་དོ་སྣང་བྱས་ཤིང་། དབུས་གཙང་དུ་འུར་ཆེན་པོ་བྱུང་།  

མི་ཆེན་རྣམས་ཀྱིས་རང་རང་གི་མིང་འཕྲིན་ཡིག་ཏུ་ཡོད་མེད་བལྟ་ཞིང་། འཕྲིན་ཡིག་འདིར་མིང་ཐོན་པ་དག་ནི་བོད་ཀྱི་མི་ཆེན་གྱི་གྲལ་དུ་ཐོན་པ་ཞིག་ཏུ་བརྩི་ཞིང་། འཕྲིན་ཡིག་འདི་འབྲི་དུས་མི་སྣ་རེ་རེའི་གཤིས་ཀ་དང་སེམས་ཀྱི་འཁྱེར་སོར་ཐུགས་ཞིབ་གནང་ཡོད། 

སྔོན་ཁམས་སུ་ཁུ་རྔོག་འབྲོམ་གསུམ་ཞེས་གྲགས་པའི་དགེ་བཤེས་ཁུ་སྟོན་ཞེས་པས་རང་གི་མིང་འཕྲིན་ཡིག་འདིར་ཐོན་མེད་པ་མཐོང་བས་སེམས་ཀྱི་གཏིང་ནས་མ་དགའ་བས། བོད་ཀྱི་མི་ཆེན་དག་མ་སླེབས་པའི་སྔོན་དུ་ཇོ་བོ་རང་ལ་ཐོབ་པ་ཞིག་དགོས་སྙམ་ནས་འཁོར་དང་བཅས་སྔོན་དུ་བསུ་བར་ཕེབས།

བོད་ཀྱི་དགེ་བཤེས་རྣམས་ཇོ་བོར་བསུ་བར་དུས་མང་བོ་འགོར་བའི་སྐབས་སུ་ཚང་མས་ཁུ་སྟོན་འཁོར་བཅས་ཇོ་བོ་བསུ་བར་ཕེབས་པ་ཐོས་པས་འུར་ལངས་ཏེ། གཅིག་རྗེས་གཉིས་མཐུད་དུ་ཇོ་བོ་བསུ་བར་ཕེབས། 

ཁུ་སྟོན་བསུ་བར་སླེབས་ནས་འབྲོམ་ལ་འཕྲིན་ཡིག་ཏུ་ངའི་མིང་མི་འབྲི་བའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པར་འབྲོམ་གྱིས།ལེགས་པའི་ཤེས་རབ་ལ་སོགས་པའི༎ཞེས་པའི་སོགས་ཁོངས་ན་ཡོད་ཞུ་བས་སོགས་ཁོངས་སུ་བསྡུ་འོས་པའི་མི་དེ་ང་ཡིན་ནམ་ཞེས་ཡུན་རིང་བོ་ཞིག་ལ་འབྲོམ་ལ་འཁོན་པ་བྱུང་།

འབྲོམ་སྔོན་ནས་ཁུ་སྟོན་གྱི་གཤིས་ཀ་ལ་རྒྱུས་ཡོད་པས་ཁོང་འཁོན་པ་ཤེས་ནའང་ཆེད་དུ་དེ་ལྟར་མ་བྲིས་ནས་ཇོ་བོ་གདན་འདྲེན་པའི་ལས་མི་འགྲུབ་པར་དགོངས་ནས་དེ་ལྟར་བྲིས་པས། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཇོ་བོ་དབུས་གཙང་དུ་གདན་དྲོངས་པ་དེ་ལྟར་བྲིས་པའི་ནུས་པ་ཡིན་གསུངས། 

ལོ་ཙྰ་བས་བྲེལ་འཚུབ་ཆེན་པོ་ཇོ་བོ་རྒྱ་གར་ལ་བསྐྱེལ་འདོད་དེ། དགེ་བཤེས་ལོ་ཙྰ་བས། ང་དམྱལ་བར་འགྲོ་མི་ནུས། སློབ་དཔོན་གནས་བརྟན་དང་ཆད་སོ་ཡོད་པ་ཐུགས་ལ་མངའ་མོད་གསུང་བས། བོད་དུ་བཞུགས་དབང་མ་བྱུང་།ཇོ་བོའི་ཞལ་ནས། དང་པོར་ཚུར་ལ་སྤྱན་མ་འདྲོངས། དེ་ནས་ཕར་ལ་སྤྱན་མ་འདྲོངས། ངས་ལོ་ཙྰ་བ་སྦྱོང་བྱ་བའི་ཞལ་ཀྱལ་ཡང་གསུངས།

བོད་སྟོན་རྣམས་མ་སླེབས་པར་ཇོ་བོ་དཔོན་གཡོག་བལ་པོའི་རྫོང་ལ་ཕེབས།ས་མན་སྡེ་གསུམ་འཁྲུག་པས་ཕེབས་མ་ཐུབ་པས་དགེ་བཤེས་ལོ་ཙྰ་བ་དེ་ཐུགས་ཤིན་ཏུ་མ་བདེ་བ། ཇོ་བོའི་ཞལ་ནས། ཁྱོད་བློ་མ་བདེ་མི་དགོས། སྒྲུབ་པར་མ་ནུས་པ་ལ་ཉེས་པ་གཏན་མེད་པ་ཡིན་གསུངས། དེར་ལོ་ཙཱ་བ་དགྱེས་ཏེ། ད་འོ་ན་བོད་དུ་འབྱོན་པར་ཞུ་ཟེར་ནས། བོད་དུ་སྤྱན་དྲངས་སོ། །

དོན་དུ་ལོ་ཙཱ་བ་སུ་ཡིན་པ་དང་ཅིའི་ཕྱིར་ཇོ་བོ་བོད་དུ་ཇི་ལྟར་ཐུགས་མ་བདེ་བ་ཤེས་འདོད་ན། བླ་མ་ལས་ཁྱད་དུ་འཕགས་པའི་བླ་མའི་གསུང་ཞེས་པའི་ཚན་པ་ལ་གཟིགས་རོགས། 

 

ཟླ་ལྔ་བའི་ཚེས་གཉིས་ཀྱི་ཞོགས་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲིས།


རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།