གཞན་ལ་གཏོད་ས་མ་རྙེད་པའི་གདམས་པ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-29 11:25:48     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

------------འབྲོམ་གྱིས་ཇོ་བོ་ལ། སློབ་མ་གཞན་རྣམས་ལ་ཆོས་གཞན་དང་གཞན་གནང་། ཁོ་བོ་ལ་ལམ་གྱི་རིམ་པ་འདི་གནང་བ་ཅི་ལགས་ཞུས་པས། འདི་ཁྱོད་མིན་པ་གཞན་ལ་གཏད་ས་མ་རྙེད་པ་ཡིན་གསུངས།


སློབ་མས་བླ་མ་བསྟེན་པ་ཆོས་གསན་པའི་སླད་དུ་ཡིན་ལ། བླ་མས་སློབ་མ་སྐྱོང་བའང་ཆོས་ཀྱིས་སྐྱོང་བ་ཡིན།

དགེ་བཤེས་སྟོན་པ་ཇོ་བོར་མཇལ་བའི་ཕྱི་ཉིན་ཁོང་ལ་ཆེད་དུ་དམིགས་ནས་བྱང་ཆུབ་ལམ་གྱི་སྒྲོན་མ་ལ་ཆོས་ཐུན་གཅིག་མཛད་པ་རེད། 

བྱང་ཆུབ་ལམ་གྱི་སྒྲོན་མ་ནི་ལམ་རིམ་གྱི་རྩ་བ་སྟེ། རྗེ་ཙོང་ཁ་བ་ཆེན་པོས། གསུང་རབ་ཀུན་གྱི་སྙིང་བོ་བསྡུ་བསྡུ་བ། །ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང་། །དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་སོགས། །རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ། །ཞེས་གསུངས་པ་ལྟར་ལམ་རིམ་ནི་ཤེར་ཕྱིན་གྱི་ཉིང་ཁུ་ཡིན་གསུངས།

འདི་ལ་ཤོག་གྲངས་འགའ་ལས་མེད་ཀྱང་། འདིས་བོད་ཀྱི་བསྟན་པར་དག་ཐེར་གནང་བར་མ་ཟད། ཇོ་བོ་བོད་དུ་བཞུགས་པར་རྒྱ་གར་བའི་སློབ་མ་དག་འཐད་པའི་རྐྱེན་གཙོ་བོ་ཞག་ཀྱང་རེད།

ཇོ་བོ་བོད་དུ་ཕེབས་མ་ཐག་ལྷ་བླ་མས་བོད་ན་ཆོས་དང་མི་མཐུན་པ་འདི་དང་འདི་ལྟ་བུ་མཆིས་པས། དེ་དག་གི་གཉེན་པོར་འགྱུར་བའི་བསྟན་བཅོས་ཤིག་མཛད་པར་ཞུས་པས། བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སྟོན་པ་དེ་མཛད།

དེ་ཡང་ཕུ་ཆུང་བས་སྤྱན་སྔ་བ་ལ་བསམ་གཟུགས་བརྒྱད་ཐོབ་པ། རིག་པའི་གནས་ལྔ་ལ་མཁས་པ་རྣམས་དང་། ཇོ་བོའི་ལམ་རིམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པ་གཉིས་ལས་གང་བཟང་དྲིས་པས་བསམ་གཟུགས་བརྒྱད་མངོན་ཤེས་ལྔ་གྲུབ་པ་བརྒྱད་སོགས་ཕྱོགས་གཅིག་ཏུ་བཞག་ནས། ཇོ་བོའི་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པ་ཕར་ཞོག དེ་ལ་གོ་བ་རྣམ་དག་ཅིག་སྐྱེས་པའང་ཕར་ཞོག ལམ་རིམ་འདི་ཙུག་ཡིན་ནམ་སྙམ་པའི་གོ་བ་བྱུང་ནས་ང་ནི་དེ་གདམ་གསུངས་པ་བཞིན་ནོ༎

དེ་ནས་བཟུང་སྟེ་ཆོས་གང་གསན་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་སྟེང་དུ་འབབ་པར་མཛད།དེ་ལྟ་བུའི་ལམ་རིམ་གྱི་གདམས་པ་ནི་ཇོ་བོས་འབྲོམ་ལ་ལྐོག་ཏུ་འཁྲིད་པར་མཛད་དེ། འབྲོམ་གྱིས་ཇོ་བོ་ལ། སློབ་མ་གཞན་རྣམས་ལ་ཆོས་གཞན་དང་གཞན་གནང་། ཁོ་བོ་ལ་ལམ་གྱི་རིམ་པ་འདི་གནང་བ་ཅི་ལགས་ཞུས་པས། འདི་ཁྱོད་མིན་པ་གཞན་ལ་གཏད་ས་མ་རྙེད་པ་ཡིན་གསུངས་ནས།  མན་ངག་འདི་དགེ་བཤེས་སྟོན་པ་ལ་གཏད་དེ་ཁོང་བསྟན་པའི་བདག་པོར་བྱིན་གྱིས་བརླབས་པས། འབྲོམ་འཕྲིན་ལས་ཀྱི་ཁྱབ་གདལ་ཆེ་བ་ཡང་དེའི་རྐྱེན་གྱིས་ཡིན་ཞེས་གསུངས། 

དེ་བས་ཀུན་མཁྱེན་འཇིགས་མེད་དབང་བོས། ལམ་རིམ་གྱི་ཁྲིད་ཐོབ་ན་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་ཁྲིད་ཐོབ་པའི་གོ་ཆོད།ལམ་རིམ་ལ་ཉན་བཤད་བྱས་ན་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལ་ཉན་བཤད་བྱས་པའི་གོ་ཆོད། ལམ་རིམ་སྐྱོར་སྦྱོང་བྱས་ན་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལ་སྐྱོར་སྦྱོང་བྱས་པའི་གོ་ཆོད་གསུངས། 

ཇོ་བོས་སློབ་མ་གཞན་ལ་གཏོད་ས་མ་རྙེད་པའི་གདམས་པ་འདི་འབྲོམ་གྱི་སྙིང་ནོར་དུ་གནང་ཞིང་། ཁོང་གིས་ཀྱང་སྙིང་ནོར་དུ་བཟུང་ནས་སློབ་མ་རྣམས་ལ་སྤེལ་བས་ཕྱི་གཙང་ནང་གཙང་གི་བཀའ་གདམས་པའི་གྲུབ་མཐའ་བྱུང་བ་ཡིན། 

འདི་ནི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སྟེ་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པའི་གདམས་པའི་རྒྱལ་བོ་ཟེར་ཞིང་། ཇོ་བོ་རྗེ་ལ་རྒྱ་ཆེན་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་བརྒྱུད་ཀྱི་མན་ངག་གཉིས་མངའ་བ་ལམ་གྱི་ལུས་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་ཚུལ་ཆ་ཚང་བའི་གདམས་པ་ཡིན་པས་ལྟ་སྤྱོད་ཟུང་འབྲེལ་གྱི་གདམས་པའང་ཟེར། 

དགེ་བཤེས་སྟོན་པའི་ཞལ་ནས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ། །གདམས་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི། །བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ལ། །འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར། །ཞེས་གསུངས་པ་སྐྱེས་བུ་མཆོག་དམན་ཐམས་ཅད་སུས་ཀྱང་གྲུབ་པ་འཐོབ་ངེས་པ་ཞིག་ཡིན། 

དེ་བས་རྗེ་ཙོང་ཁ་བས།  རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ།ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ།  རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས།  སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྡུས་པ།  བྱང་ཆུབ་ལམ་གྱི་རིམ་པ་ཞེས་གསུངས་པ་ཡིན་ནོ།།

དགེ་བཤེས་སྟོན་པ་ལ། འདི་ལ་འགྲེལ་བ་ཞིག་བདོག་གམ་ཞུས་ཙ་ན། འདིའི་འགྲེལ་བ་ང་ཡིན་སྙམ་གསུངས་སྐད། ངོ་མ་དེ་ལྟར་ཡིན་ན་འབྲོམ་ནི་ལམ་སྒྲོན་གྱི་འགྲེལ་བ་ཡིན་ལ། ལམ་སྒྲོན་གྱི་འགྲེལ་བའང་འབྲོམ་ཡིན་ནོ༎


བླ་བྲང་བཀྲ་ཤིས་འཁྱིལ་ནས་ཟླ་བཞི་བའི་ཚེས་ཉེར་དགུའི་ཞོགས་པར་བླ་བྲང་དུ་བྲིས། 

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།


བརྒྱུད་འགོད།