བླ་མའི་ཐུགས་སྨོན་ཤོར་བའི་སློབ་མ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-28 12:19:48     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

འབྲོམ་ཇོ་བོར་ཐོག་མར་མཇལ་ནས་ཕྱག་བྱེད་དུས། ཇོ་བོས་ངོས་ཟིན་ནས་བུ་རྒྱལ་འབྱུང་ཡིན་ནམ་གསུངས།  དེ་ལྟར་སྔོན་མཇལ་མ་མྱོང་བའི་བླ་སློབ་གཉིས་མཇལ་ཞིང་།  དེ་མ་ཐག་ཏུ་བླ་མས་སློབ་མ་འདིར་བྱིན་གྱིས་བརླབས།

དེ་ནས་སླག་སྐོར་ཞིག་གསོལ་ནས་ཉེ་གནས་ལའང་མི་འདྲི་བར་ཇོ་བོའི་ཕྱག་ཕྱིར་ཁྲིད། ཇོ་བོའི་གཟིམ་ཁང་དུ་བྱོན་ནས། བུམ་པ་དབུ་ཐོག་ཏུ་བཞག་སྟེ་དབང་བསྐུར་ལེགས་པར་གནང་།

དེའི་ཚེ་དགེ་བཤེས་སྟོན་པས་ཇོ་བོ་ལ་རྒྱ་གར་ན་པཎྜིཏ་ཇི་ལྟ་བུ་དང་། ཁོང་གི་སྔོན་ཆད་བགྲུས་པའི་ཆོས་དེ་ལམ་དུ་སོང་མ་སོང་། བླ་མ་ཉིད་ཀྱི་སྤྱན་སྔར་བསྡད་ན་ཇི་འདྲ་ཞེས་པའི་དྲི་བ་གསུམ་ཞུས།

ཇོ་བོའི་ཞལ་ནས། རྒྱ་གར་ན་པཎྜིཏ་མཁས་པ་མང་བོ་ཡོད། ང་བོད་དུ་འོང་ཙ་ན་ཤར་ཕྱོགས་བྷཾ་ག་ལ་ནའང་ཉིན་རེ་མ་ཆད་པར་གྲུབ་ཐོབ་རེ་འབྱོན་གྱི་ཡོད། ཁྱོད་ཀྱིས་སྔོན་ཆད་བསྒྲུབས་པའི་ཆོས་དེ་ལམ་དུ་གཏན་ནས་སོང་མེད། འོན་ཀྱང་བླ་མའི་ཞབས་ཏོག་བསྒྲུབས་པ་དེ་ལམ་དུ་སོང་ཡོད། ད་ཁྱོད་གཞན་དུ་མ་འགྲོ། འདི་རུ་སྡོད། ངའི་ལྷ་མོ་སྒྲོལ་མས་ལུང་བསྟན་པ་ཡིན་གྱི། ངའི་བཀའ་བརྒྱུད་འདི་ལ་བྱིན་རླབས་ཡོད་གསུངས།

བསྟོད་པ་ལས། རྗེ་བཙུན་དམ་པའི་སྤྱན་གྱིས་གཟིགས་ཙམ་གྱིས། །ལུང་བསྟན་བུ་ནི་འདི་ཉིད་ཡིན་ནོ་ཞེས། །དགྱེས་པས་དབུགས་ཕྱུང་བླ་མེད་དབང་བསྐུར་གྱིས། །སྒོ་གསུམ་སྨིན་པར་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས།

འབྲོམ་གྱིས་དེའི་ཉིན་ཡོན་བདག་གིས་སྟོན་སྐལ་དུ་གནང་བའི་མར་ཚལ་གཅིག་བྱིན་པ་དེ་བཞུས་ནས་ཇོ་བོའི་དབུ་སྔས་སུ་མར་མེ་མཚན་ཐུབ་ཅིག་ཕུལ། དེ་ནས་བཟུང་བར་མ་ཆད་དུ་ཕུལ་ཞིང་། ཕྱིས་སུ་ར་སྒྲེང་དུ་གདུང་བཞུགས་པ་ཡན་ཆད་ལ་དཀར་མེ་མཚན་ཐུབ་ཆད་མ་མྱོང་ཞེས་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་གསུངས།

དེ་ནས་ཕལ་ཆེན་སྡེ་བའི་ལུགས་ཀྱི་རས་ཡོལ་གྱིས་ནུབ་ཐུབ་པར་འདོད་པས། དེའི་ནུབ་མོ་ནས་དབུ་སྔས་སྦྲེལ་ནས་གདམས་པ་གང་འདོད་དུ་གནང་། ཕྱི་ཉིན་དགེ་བཤེས་སྟོན་པ་ལ་ཆེད་དུ་དགོངས་ནས་བྱང་ཆུབ་ལམ་གྱི་སྒྲོན་མ་ལ་ཆོས་ཐུན་གཅིག་མཛད་དེ་ཚར་གཅིག་གསུངས། ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ལ་སོགས་པ་ཡང་མང་དུ་གསན།

མཐའ་ན་གསང་བའི་མན་ངག་གི་སྐོར་ཡང་གང་འདོད་དུ་གནང་སྟེ། སྒྲོལ་མའི་རྒྱུད་ལས་བྱུང་བའི་བྱེའུ་ཚང་བར་བཅུག་པ་དང་འདྲ་བར་གསོད་ནའང་རང་དབང་ཡོད་པ།གཏོང་ནའང་རང་དབང་ཡོད་པའི་གདམས་པ་དང་།  གཤིན་རྗེ་གཤེད་ཀྱི་རྒྱུད་ལས་བྱུང་བའི་ཞག་བདུན་ན་འཆ་བའི་གདམས་པ། དྭང་སྲོང་ཉ་མིག་གིས་བྱས་པའི་ཞག་ཉི་ཤུའ་རྩ་གཅིག་ན་འཆི་བའི་གདམས་པ་གསུམ་ཡང་མཇལ་མ་ཐག་ཏུ་གནང་།

སྔར་དགེ་བཤེས་གུང་ཐང་བས་གཟིགས་པའི་ཚེ་ཇོ་བོ་བྱོན་ནས་ཇོ་བོས་ངས་ཁྱོད་ལ་ལྟ་བར་གནང་ན་བལྟ་ཆོག  མ་གནང་བ་ལྟ་མི་ཆོག་གསུངས་ནས་འཕྲོགས་སྐད།

སྟོན་པས་འདི་དག་ཕྱིས་སེམས་ཅན་ལ་གནོད་པས་བསྲེག་ན་ལེགས་སམ་ཞུས་པར་ཁོང་གིས་བྱང་ཆུབ་སེམས་དཔའི་རིག་པ་ནུབ་ཏུ་འཇུག་མི་རུང་གསུངས་ནས་བསྲེག་ཏུ་མ་བཅུག  དྭང་སྲོང་ཉ་མིག་གིས་བྱས་པའི་བསྟན་བཅོས་འདི་ཕྱིས་སུའང་རྭ་སྒྲེང་ནས་ཡོད་སྐད།  

སྐབས་དེར་ཇོ་བོ་བོད་དུ་བཞུགས་པའི་དུས་ཆད་སླེབས་པས་ཕྱིར་ཞག་གསུམ་ནས་རྒྱ་གར་དུ་ཕེབས་རྩིས་གནང་བ་ལ་སྟོན་པས་བོད་དུ་བཞུགས་པར་ཞུས་པར། ཇོ་བོས།བོད་འདི་ས་རྩུབ་ཟས་རྩུབ་པས་ངའི་ཚེ་ལྷག་འདིར་ཟད་དུ་མི་འཇུག་གསུངས།ཡང་ཡང་ཞུས་པས། གྲགས་པ་ངན་པ་སྤོང་བར་མི་བྱེད་པ་བྱང་ཆུབ་སེམས་དཔའི་ཉེས་པ་ཡིན་པས། རྒྱ་གར་དུ་འགྲོ་གསུངས་ནས་ཞལ་བཞེས་མ་གནང་།

སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་མི་ཆོད་པའི་དཔེ་ལྟར་ཇོ་བོ་ཆེན་པོ་བོད་དུ་བསྟན་པ་དག་ཐེར་གྱི་ཆེད་དུ་ཕེབས་པ་ལའང་སྒྲོ་སྐུར་དང་ངན་སྨྲས་སྣ་ཚོགས་བྱས་པ་རེད།

སྒྲོ་སྐུར་དེ་དག་བྱེད་མཁན་ནི་རྒྱ་གར་བ་སྟེ། དེ་དག་ཇོ་བོ་ཙམ་པ་ཡང་གསེར་ལ་དམིགས་ནས་བོད་དུ་སོང་བྱ་བ་དང་། བོད་བ་གླང་དང་འདྲ་བའི་གསེབ་ན་ཆོས་ཐམས་ཅད་སྟོན་པར་འདུག་པ། གསང་སྔགས་མ་རྒྱུད་ཀྱིས་འགྲོ་བའི་དོན་མཛད་ཀྱི་འདུག་ཟེར་བ་གྲགས་པ་ངན་པ་བྱུང་བས། དེ་དག་འགོག་པའི་ཆེད་དུ་ཇོ་བོ་ཉིད་ཀྱང་རྒྱ་གར་དུ་འབྱོན་པར་དགོངས།

ཇོ་བོས་ཀྱང་གཏམ་དེ་གསན་པས་ཁོང་གིས་སྨྲ་བ་ངན་པ་དེ་དག་འགོག་པའི་ཕྱིར་དུ་ཕྱིར་རྒྱ་གར་དུ་ཕེབས་འདོད་ཆེ་ཞིང་། ལྷ་བཙུན་པ་ཇོ་བོ་བཞུགས་པར་འདོད་ཀྱང་ཞུ་བ་འབུལ་མ་ཐུབ་ཅིང་། དགེ་བཤེས་སྟོན་པས་ནན་མཛད་མ་ནུས།

སློབ་མ་རྣམས་ཀྱིས་ཇི་ལྟར་བྱས་ཀྱང་བཤོལ་མ་ནུས་པས་ཐབས་ཤིག་ཡོད་པ་ནི་སྐྱེལ་མ་ཞུ་རྒྱུ་མ་གཏོགས་ཐབས་ཅི་ཡང་མེད་པར་གྱུར་པས་ཇོ་བོ་མང་ཡུལ་དུ་སྐྱེལ།

ཇོ་བོ་ཕྱིར་རྒྱ་གར་དུ་ཕེབས་པར་མང་ཡུལ་དུ་ཕེབས་ནའང་རྒྱ་གར་དུ་མ་ཕེབས་པས་དབུས་གཙང་དུ་ཕེབས། དེའི་རྒྱུ་མཚན་དང་བོད་དབུས་སུ་ཇི་ལྟར་ཕེབས་པ་ཤེས་འདོད་ན། ལེ་ཚན་རྗེས་མ་དབུས་གཙང་གཡོ་བར་བྱས་པའི་འཕྲིན་ཡིག་ལ་གཟིགས་པར་ཞུ།


བླ་བྲང་བཀྲ་ཤིས་འཁྱིལ་ནས་ཟླ་བཞི་བའི་ཚེས་ཉེར་དགུའི་ཞོགས་པར་བྲིས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།


བརྒྱུད་འགོད།