རྟ་གཡོག་ཐབ་གཡོག་གཉེར་བའི་སློབ་གཉེར་བ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-27 17:21:56     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

དགུང་ལོ་བཅུ་བདུན་སྟེང་ཁོང་གི་སྐུ་ཚེ་ལ་འགྱུར་བ་ཆེན་པོ་བྱུང་། དེ་ནི་བླ་མ་བཟང་བོ་ཞིག་ལ་མཇལ་བ་རེད། བླ་མ་དེའི་མིང་ལ་ཇོ་བོ་སེ་བཙུན་དབང་ཕྱུག་གཞོན་ནུ་ཟེར་ཞིང་། གྲུམ་གྱི་མཁན་བུ་ཆེན་པོ་བརྒྱད་ལས་ཤེས་རབ་ཤིན་ཏུ་ཆེ་བ་ཞིག་ཡིན།

སྐབས་དེར་ཁོང་་རྒྱ་གར་དུ་ཕེབས་འདོད་ན་བྱོན་པ་དང་མཇལ་ཞིང་། འབྲོམ་དེ་ལས་ཆོས་ཤིག་ཉན་པས་གོ་བ་བྱུང་བས་ཤིན་ཏུ་དད་ཅིང་། ཐུགས་འཕྲོགས་པས་ཡི་གེ་དྲུག་པའི་གདམས་པ་ཞུས།

བླ་མ་སེ་བཙུན་བལ་ཡུལ་དུ་བྱོན་ནས་པནྜི་ཏ་དང་ཆོས་ཀྱི་བགྲོ་བ་བྱས་པས་སེ་བཙུན་རྒྱལ་ཞིང་། ཕྱི་རོལ་པ་ཞིག་ལ་མངོན་ཤེས་འགྲན་པས་དེས་སེ་བཙུན་མ་ཐུབ་པས།སེ་བཙུན་གྱི་ཐུགས་དགོངས་ལ་ཕྱི་རོལ་པ་ངན་སྔགས་ཀྱིས་སྲོག་གི་བར་ཆད་དུ་གྱུར་ན་མི་རུང་སྙམ་ཞིང་། རྒྱ་གར་ནའང་ང་་ལས་མཁས་པ་མི་འདུག་སྙམ་ནས་ཕྱིར་ཕེབས།

ཕྱིར་ཕེབས་པའི་ལམ་ཁར་འབྲོམ་གྱིས་ཁོང་ཕྱག་ཕྱིར་འཁྲིད་པར་ཞུས་པས། སང་ཕོད་ཚོང་པ་དང་འགྲོགས་ལ་ཤོག ད་རེས་ཁྲིད་ན་བྱིས་པ་བརྐུས་ནས་ཁྲིད་ཟེར་བའི་མི་ཁ་ཡོང་གསུངས།

དེ་ནས་རྒྱལ་གྱི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལ་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ། མཚན་རྒྱལ་བའི་འབྱུང་གནས་སུ་གསོལ།

དགུང་ལོ་བཅུ་དགུ་པ་ལ་ཚོང་དཔོན་ཞིག་གི་རྟ་ཁྲིད་མཛད་ནས་ཁམས་སུ་བྱོན། ཚོང་དཔོན་དེའི་མཆོད་གནས་གྲུ་ནམ་མཁའ་ཞེས་བྱ་བ་ལ་མངོན་པ་བསླབས།

འདན་མའི་ཡུལ་དུ་སེ་བཙུན་གྱི་སྤྱན་སྔར་བྱོན་ནས། ནང་གི་ཞབས་ཏོག་ཕྱེ་འཐག་པ་ཡན་ཆོད་དང་ཕྱི་རོལ་དུ་རྟ་ཕྱུགས་མང་པོ་ཡོད་པས་ཉིན་པར་དེ་རྣམས་ཀྱི་རྫི་བོ་མཛད།  བླ་མ་སེ་བཙུན་ལ་སློབ་མ་དང་འཁོར་མང་བས་རྟ་ཕྱུགས་སོགས་འབུལ་བ་མང་དུ་བྱུང་བར་དེ་དག་ལ་ཆགས་པ་མེད་ཀྱང་འདི་དག་སྙིང་རྗེ་ཞེས་བཞེས་པས་རྟ་ཕྱུགས་མང་།

འབྲོམ་གྱིས་སྐུ་རྒྱབ་ཏུ་གཡག་གྲོད་ནང་འོ་མ་བླུགས་ཏེ་དཀྲོག་པ་དང་། ཕྱག་གིས་རང་འཐག་བསྐོར་བཞིན་དཔེ་ཆ་རང་འཐག་ཁར་བཞག་སྟེ་གཟིགས་པ་ལ་སོགས་པའི་སློབ་གཉེར་ལ་བརྩོན་པ་མཛད།  ཕྱག་མཐིལ་གླང་མཇིང་ལྟར་སོང་།   གཞན་ཡང་རྟ་གཡོག་ཐབ་གཡོག་སོགས་གནང་ཞོར་དུ་སློབ་གཉེར་མཛད། 

བླ་མའི་རྟ་ཕྱུགས་ལ་ཆོམ་པས་གནོད་དོགས་ནས་ནུབ་མོ་རེར་རྟ་བཟང་ལ་ཞོན་འཁོར་གསུམ་ཚེར་མ་འདྲ་བ་བྱས་ཏེ་མེལ་ཚེ་བགྱིས། གྲོགས་པོ་ཞིག་གིས་ཁྱོད་ཀྱིས་འདི་ལྟར་བྱེད་པས་ན་ངས་ཁྱོད་ལ་ནུབ་མོ་འགའ་ལ་གྲོགས་བྱེད་ཅེས་གྲོགས་བྱས་པས་ནུབ་བདུན་ལས་མ་ནུས།

ཇོ་བོ་སེ་བཙུན་དེ་ཡོ་བྱད་ལ་ཆགས་པ་ཡང་མི་མངའ། གཏོང་བར་ཡང་མི་མཛད་ཀྱང་མ་དད་པ་གཏན་མ་བྱུང་ལ། སེ་བཙུན་གྱི་བྱ་བྱེད་ལ་ཡང་དཀའ་བ་མ་བྱུང་གསུངས།  ཐོག་མ་ཉིད་ནས་བླ་མ་ལ་མོས་པས།རྐང་བ་མ་བཏང་བ་མ་གཏོགས་རྟག་ཏུ་ངུ་དང་་ཁྱད་ལས་མེད། སེ་བཙུན་ལ་དབུ་མ་དང་། སྤྱོད་ཕྱོགས་དང་། གསང་སྔགས་རྙིང་མ་སོགས་མང་དུ་གསན།

དེར་སློབ་མ་རྣམས་དང་བགྲོ་གླེང་བྱས་པས་སྟོན་པ་ལས་རྒྱལ་བ་མ་བྱུང་བས་ཆོས་ལ་མཁས་པའི་གྲགས་པ་རྒྱས།

གྲྭ་པ་རྣམས་ཀྱིས་སེ་བཙུན་ལ་འདིས་ཆོས་གོ་བར་འདུག་པས་ལས་བྱེད་དུ་མ་འཇུག་ཅེས་ཞུས་པས་བླ་མ་སེ་བཙུན་གྱིས་ཁྱོད་ཀྱིས་རྟ་རྫི་དང་ཡོས་འཐག་སོགས་ཀྱི་ལས་བྱེད་མི་དགོས། ད་ནས་བཟུང་ཆོས་ལ་སྦྱོངས་གསུངས་མོད། མུ་མཐུད་དུ་ལོ་ཉི་ཤུར་དེ་ལྟར་བསྟེན།

དེ་ནས་ཁོང་གི་ཐུགས་ལ། དལ་འབྱོར་གྱི་མི་ལུས་ཐོབ་པར་དཀའ་བ་རྙེད་པའི་དུས་འདིར། ཆོས་རྣལ་མ་གཅིག་བྱེད་ན་འདི་ཙམ་གྱིས་ཆོག་གམ་མི་ཆོག རྒྱ་གར་མཁས་པ་གཅིག་ལ་འདྲི་བ་ལ་བར་དུ་ལོ་ཙྪ་མི་དགོས་པ་བྱ་དགོངས་ཏེ། པནྜི་ཏ་སྒྲའི་ཚེར་མ་བྱ་བ་ཞིག་བྱོན་པ་ལ། སཾ་སྐྲྀ་ཏའི་སྐད་དང་། རྒྱ་ཡིག་ཀྱང་བསླབས་པས་ལེགས་པར་མཁྱེན།(པནྜི་ཏ་དེ་ནི་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཡིན་ཞེས་མཆིམས་ཆེན་པོ་གསུང་ངོ་། །)

སྙན་ངག་པས། ལུང་རིགས་ཆོས་རྣམས་ཀུན་གྱི་དབང་ཕྱུག་མཆོག །གཞོན་ནུའི་ཞབས་ལ་གཞོན་ནུ་ནོར་བཟང་བཞིན། །གུས་པས་བསྟེན་སླད་བླ་མའི་བསྙེན་བཀུར་ལ། །མཁས་པའི་ཕུལ་དུ་གྲགས་ལ་ཕྱག་འཚལ་ལོ། །དེ་ཚེ་བླ་མའི་ཞབས་ནི་གཙུག་གིས་བརྒྱན། །རིག་གནས་ཀུན་ལ་སྐོམ་པས་ཆུ་བཞིན་ཏེ། །བླ་མའི་ལོངས་སྤྱོད་བསྲུང་ལ་མཐུ་བོ་ཆེའི། །གནོད་སྦྱིན་ལྟ་བུར་གྱུར་ལ་ཕྱག་འཚལ་ལོ། །ཞེས་བསྔགས་པ་བརྗོད།

སྐབས་དེར་ཁུ་རྔོག་འབྲོམ་གསུམ་ཞེས་པའང་ཁམས་སུ་མཁས་པའི་ཚད་དུ་གྲགས།

བཤད་ཚུལ་ལ་ཁོང་ནི་བོད་ཀྱི་བླ་མ་བསྟེན་ཚུལ་ཆེས་ལེགས་པའི་མི་དེ་ཡིན་ཞིང་། འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བླ་མ་ཚུལ་བཞིན་བསྟེན་པ་དེ་ཡིན་གསུངས།

ཁོང་གིས་མི་ཚེ་གང་བོར་རྒྱ་གར་བ་ཇོ་བོ་དང་སྒྲའི་ཚེར་མ་གཉིས། བོད་སེ་བཙུན་དང་མང་ཡུལ་གྱི་ཀག་སྟོན་གཉིས། ཀློག་སློབ་པའི་སློབ་དཔོན་གཡུང་ཚེས་མགོན་དང་མགོན་པ་ཉན་པའི་གྲུ་ཚེ་མགོན། དགེ་བསྙེན་གྱི་སློབ་དཔོན་བདུན་ལས་མ་བསྟེན་ཏེ། མང་བོ་མི་བསྟེན་བསྟེན་པ་མཐར་ཕྱིན་ཞེས་པའི་རྣམ་ཐར་ཡིན་ནོ༎

སྐབས་དེར་ཁོང་ཇོ་བོ་བོད་ལ་ཕེབས་པ་ཐོས་ཏེ་དབང་མེད་དུ་མངའ་རིས་སུ་ཕེབས་འདོད་སྐྱེས།

ཁོང་ཇི་ལྟར་མངའ་རིས་ཕེབས་པའི་ཚུལ་མཁྱེན་འདོད་ན་ཚན་པ་རྗེས་མ་སྐྱེ་བ་སྔོན་མའི་བླ་མར་མཇལ་བར་ཕེབས་པ་ཞེས་པའི་ཚན་པ་ལ་གཟིགས་རོགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།


བརྒྱུད་འགོད།