ཁྱོད་ལ་མངོན་ཤེས་སྐྱེས་པ་འདྲེས་འཁྱེར་བ་ཡིན།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-26 19:12:49     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

མངོན་ཤེས་ནི་སློབ་མ་རྗེས་སུ་འཛིན་པའི་ཐབས་ཤིག་ཡིན། འོན་ཀྱང་མངོན་ཤེས་ལ་ལ་ནི་རང་ཉིད་ཉམས་པར་བྱེད་པའི་བདུད་ཀྱི་བྱིན་རླབས་ཡིན་ངེས། 

སྐབས་དེར་ཁམས་པ་ལུང་བ་གཡུང་དྲུང་རྒྱལ་མཚན་ཞེས་མངོན་ཤེས་ཀྱང་ལྡན་པ་ཞིག་ཡོད། ཁོང་གིས་ཆོས་ཉམས་སུ་ལེན་པའི་སྐབས་སུ་རྒྱུད་ལ་མངོན་ཤེས་འཁྲུངས་པས་རང་ཉིད་ཀྱང་ཡ་མཚན། མངོན་ཤེས་འདི་ཇི་འདྲ་ཞིག་ཡིན་ནམ་སྙམ། 

དེ་ཡང་ཡང་ཡང་བསམ་པས་གཞན་རྟོགས་ལྡན་དང་མཁས་པ་དག་ལ་དྲིས་ནས་རྟིང་ཐག་གཅོད་སྙམ། དེ་མིན་ན་མངོན་ཤེས་ཀྱིས་རང་ཉིད་གང་ཞིག་ལ་འཁྲིད་འགྲོ་སྙམ། 

ཁོང་གིས་བོད་ཀྱི་སྒོམ་ཆེན་དང་མཁས་པ་མང་བོར། ང་ལ་མངོན་ཤེས་ཤིག་ཡོད་དེ།མངོན་ཤེས་འདི་ལམ་དུ་འགྲོ་འམ་མི་འགྲོ། ཞེས་དྲིས་ནའང་དེ་དག་གིས་ཁོང་གིས་མངོན་ཤེས་ངོམས་པར་བསམ་ནས་ཅི་ཡིན་གང་ཡིན་གྱི་ལན་ཅི་ཡང་མ་བཏབ།

དེ་ནས་ཁོང་དབུས་ན་ཇོ་བོ་རྗེ་ཨ་ཏི་ཤ་བཞུགས་པ་ཐོས་ཤིང་། ཁོང་རྒྱ་གར་གྱི་པནྜི་ཏའི་གཙུག་རྒྱན་ཡིན་པས་དེར་འདྲིའོ་སྙམ་ནས་དབུས་སུ་ཕེབས། ཁོང་དབུས་ལ་ཕེབས་ནས་ཇོ་བོ་སྐུ་གཤེགས་ཤིང་འབྲོམ་སོགས་སློབ་མ་རྣམས་རྭ་སྒྲེང་ལ་ཕེབས་པའི་སྐབས་ཡིན། 

ཁོང་གིས་ཇོ་བོའི་སློབ་མ་རྣམས་ལས་སུ་བཟང་བར་རྩད་བཅད་པས་དགེ་བཤེས་སྟོན་པ་བཟང་བོར་ཐོས་ནས་རྭ་སྒྲེང་དུ་ཕེབས་ནས་དགེ་བཤེས་སྟོན་པར་མཇལ། རྟ་གཅིག་ལ་དར་ཡུགས་བཏགས་ཏེ་སྟོན་པར་ཕུལ་ནས། ང་རྒྱང་རིང་ནས་ཡོང་བས་ལམ་གྱི་རྒྱགས་ཟད་པས་ཆོས་དང་ཟང་ཟིང་གིས་བསྐྱང་བར་ཞུ། 

ཉིན་འགའ་ངལ་གསོས་ནས་དགེ་བཤེས་སྟོན་པར་རང་ལ་མངོན་ཤེས་བྱུང་ལུགས་བཤད་དེ། དེ་ཡང་དག་པ་ཡིན་ནམ་མིན། ལམ་དུ་འགྲོ་བ་ཞིག་ཡིན་ནམ་མིན། ལམ་དུ་འགྲོ་བ་ཞིག་ཡིན་ན་ཇི་ལྟར་བྱ་དགོས་ཞེས་ཞུས། 

དགེ་བཤེས་སྟོན་པས་ཁྱོད་འདྲེས་ཁྱེར་བ་ཞིག་ཡིན་པས་འདིར་མ་འདུག་གསུངས་ནས་བཀྱོན།

ཅིས་ཀྱང་ཐུགས་ལ་འཛིན་པར་ཞུ་ཞེས་ཡང་ཡང་ཞུས་ཏེ་འདིང་བ་ཞིག་གནང་སྟེ། སྙིང་ནས་ཆོས་བྱེད་འདོད་ན་ཆོས་གོས་རྣམས་གསུམ་ལ་ཚགས་གྱིས། གསུངས་ནས་ཕུ་ཆུང་བ་ལ་གཏད་དེ་འདུལ་བའི་ཕྱག་ལེན་སློབ་དུ་བཅུག 

དེ་ནས་མི་རྟག་པ་སྒོམ་དུ་བཅུག དེ་ནས་རིམ་གྱིས་ཁྲིད་དེ་སྟོང་བ་ཉིད་ཀྱི་སྐབས་སུ་སྔར་གྱི་སྒོམ་དང་སྦྱར་ནས་བསྒོམས་པས་སངས་རྒྱས་ཤཱཀྱ་ཐུབ་པའི་ཞལ་གཟིགས། དེ་ནས་ལོ་གསུམ་ནས་སྐུ་གཤེགས། 

ཁོང་གིས་དགེ་བཤེས་སྟོན་པ་ལོ་ལྔར་བསྟེན་ཞིང་། རྗེས་སུ་སློབ་མ་རྣམས་ཀྱིས་དགེ་བཤེས་སྟོན་པ་ལ་ཁམས་པ་ལུང་བར་ཡོན་ཏན་ཇི་འདྲ་ཡོད་ཅེས་དྲིས་པར་ཁོང་ངས་ཅི་ཟེར་ཉན་པ་ཞིག་ཡིན་གསུངས། 

ལམ་རིམ་ཆེན་མོ། དགེ་བཤེས་སྟོན་པ་ལ་རྣལ་འབྱོར་པ་ཆེན་པོས་ཁོ་བོ་ལ་རླུང་མཉམ་འཇུག་ལ་སོགས་པའི་ཏིང་ངེ་འཛིན་འདི་དང་འདི་ཡོད་བྱས་པས།  ཁྱོད་ལ་རྣ་རྩར་རྔ་བོ་ཆེ་བརྡུངས་ཀྱང་མི་ཤིགས་པའི་སྒོམ་ཡོད་ཀྱང་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་ན་ཉིན་མཚན་དུ་བཤགས་པ་བྱ་དགོས་པའི་སར་སྐྱེ་བ་ཡིན་ནོ་གསུངས།  ཞེས་གསུངས། 

ཆོས་དང་ཆོས་མ་ཡིན་པའི་ཚད་ནི་ཁོང་གིས། ཉོན་མོངས་པའི་གཉེན་པོར་འགྲོ་ན་ཆོས་ཡིན། མི་འགྲོ་ན་ཆོས་མིན། འཇིག་རྟེན་པ་ཀུན་དང་མི་མཐུན་ན་ཆོས་ཡིན། མཐུན་ན་ཆོས་མིན། བཀའ་ལུང་དང་མཐུན་ན་ཆོས་ཡིན། མི་མཐུན་ན་ཆོས་མིན།  རྗེས་བཟང་ན་ཆོས་ཡིན། རྗེས་ངན་ན་ཆོས་མིན། ཞེས་པོ་ཏོ་བས། ཆོས་དང་ཆོས་མ་ཡིན་པའི་གནམ་ཐིག་གང་ལགས་ཞུས་པའི་ལན་དུ་གསུངས་སོ༎


ཟླ་བཞི་བའི་ཚེས་ཉེར་དྲུག་ཕྱི་དྲོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲིས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།