རྗེ་བཙུན་སྒྲོལ་མས་ལུང་བསྟན་པའི་དགེ་བསྙེན།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-26 17:40:41     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

སྔོན་ཇོ་བོ་རྗེས་རྗེ་བཙུན་མ་སྒྲོལ་མའི་རྟེན་དྲུང་དུ་བོད་དུ་ཕྱིན་ན་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་མིན་དང་། རྒྱལ་པོའི་ཐུགས་དགོངས་འགྲུབ་མིན།ལུས་སྲོག་བར་ཆད་དུ་འགྱུར་མིན་གསོལ་བ་བཏབ། 

དེའི་ནུབ་མོར། གནས་ཤིག་ན་ནང་པའི་ལྷ་ཁང་ཆུང་ངུ་ཞིག་ཡོད་པས། ནང་པར་དེར་སོངས་ནསརྣལ་འབྱོར་མ་ཞིག་འོང་གི་དེ་ལ་དྲིས་གསུངས་པ་ཞིག་རྨིས། 

ནང་པར་ཇོ་བོས་མེ་ཏོག་སྙིམ་པ་གང་བསྣམས་ནས་ལྷ་ཁང་དེར་ཕེབས་པ་ན་རྣལ་འབྱོར་མ་རལ་པ་ས་ལ་ཞམ་མེ་བ་ཞིག་བྱུང་། དེ་ལ་མེ་ཏོག་རྣམས་ཕུལ་ནས་ང་བོད་ཀྱི་རྒྱལ་པོ་སྤྱན་འདྲེན་པས་ངས་བོད་དུ་ཕྱིན་ན་བོད་ཀྱི་སེམས་ཅན་ལ་ཕན་ཐོགས་སམ་མི་ཐོགས་ཞེས་ཞུས།

མོས་བོད་དུ་བྱོན་ན་ཕན་ནི་ཐོགས་ཏེ། ཁྱད་པར་ཨུ་པ་སི་ཀ་གཅིག་ལ་བརྟེན་ནས་ཕན་ཐོགས་ཏེ་འོང་བར་འདུག དེ་བྱིན་གྱིས་རློབས་ཤིག་གསུངས། ཇོ་བོའང་ལུང་བསྟན་དེ་བཞིན་དུ་བོད་དུ་ཕེབས། 

བོད་དུ་ཕེབས་ནས་ཨུ་པ་སི་ཀ་དེར་སྒུག  ཨུ་པ་སི་ཀ་ནི་རྒྱ་གར་སྐད་དེ་དགེ་བསྙེན་ཞེས་པ་ཡིན། དགེ་བསྙེན་དེ་མ་སླེབས་པས་ཇོ་བོའི་ཐུགས་ལ་རྣལ་འབྱོར་མས་ང་བསླུ་འམ། ངའི་ཨུ་པ་སི་ཀ་མ་བྱུང་གསུངས། 

ཇོ་བོ་དཔོན་གཡོག་པུ་རངས་རྒྱལ་ཞིང་བྱ་བ་ན་བཞུགས་པའི་དུས་སུ་ཇོ་མོ་སྒྲོལ་མའི་ཞལ་ནས། ད་སྟེ་ཞག་གསུམ་དྲོ་དང་བཞིའི་ཉིན་བར་བོད་ཀྱི་ཨུ་པ་སི་ཀ་ཆེན་པོ་འབྱོན་པས། དེ་ལ་བྱིན་གྱིས་རློབས་ཤིག་གསུང་ངོ་། །

དེ་ནས་ཇོ་བོའི་ཞལ་ནས། ང་ཞག་གསུམ་དྲོ་དང་བཞི་ན་ཁོ་བོའི་སྐྱེ་བ་སྔ་མའི་སློབ་མ་ཨུ་པ་སི་ཀ་ཆེན་པོ་ཞྭ་སྤྱི་རིང་རྒྱང་ངེ་བ་གསོལ་བ་ཅིག་འོང་བར་འདུག་གསུངས་ནས་དབུ་སྔས་མགོར་བུམ་པ་བཞེངས་སུ་གསོལ་ཏེ། ཞག་གསུམ་གྱི་ནང་པར་ཨུ་པ་སི་ཀ་ལ་བྱ་ར་མཛད། 

དྲོ་ཁ་ཚུན་ཆད་དུ་མ་བྱོན་པས། རྗེ་བཙུན་སྒྲོལ་མས་རྫུན་གསུང་བ་སྲིད་དམ་གསུངས་ནས། གྲོང་གསེབ་ཅིག་ཏུ་ཆོས་སྟོན་ལ་བྱོན་པའི་ཤུལ་དུ་ཨུ་པ་སི་ཀ་དཔོན་གཡོག་ཕེབས། འཁོར་ཀུན་གྱིས་ད་ལྟ་རང་འབྱོན་ངེས་པས་བཞུགས་ཤིག་བྱས་པ་ལ། ང་ཐེག་པ་ཆེན་པོའི་བླ་མ་དང་མཇལ་བ་སྐད་ཅིག་མ་སྔ་མ་དང་ཕྱི་མ་གཉིས་ཀྱང་སྔ་མ་ལ་འདེམས་པ་ཡིན་གསུངས་ནས་མཇལ་དུ་ཕེབས་པས། ཇོ་བོ་དང་སྲང་བར་ཞིག་ཏུ་མཇལ་ཏེ་ཕྱག་མཛད་ནས། ཕྱག་རྟེན་དུ་གསེར་ཕུལ། 

དེར་ཇོ་བོའི་ཕྱག་སྟོན་པའི་དབུ་ཐོག་ཏུ་བཞག་ནས།  སཾསྐྲྀ་ཏའི་སྐད་དུ་ཤིས་བརྗོད་མཛད་ཅིང་བྱིན་གྱིས་བརླབས་པ་ཡིན། 

ཁོང་ནི་དགེ་བསྙེན་ཆོས་འཕེལ་ཏེ། འབྲོམ་སྟོན་པ་ཡིན།  ཇོ་བོ་རྗེས་སྒྲོལ་མས་ལུང་བསྟན་བཞིན་སྒུག་སྒྲུག་པའི་ཨུ་པ་སི་ཀར་མཇལ།

ཁོང་ཁམས་སུ་ལོ་ཉི་ཤུའི་བར་དུ་བཞུགས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསན་པས་མཁས་པའི་ཕུལ་དུ་ཕྱིན། དགེ་བསྙེན་ཆོས་འཕེལ་དུའང་གྲགས་ཏེ། བླ་མར་ཞབས་གཡོག་སྒྲུབ་པའི་ཆེད་དུ་ཚེ་གང་བོར་ཚངས་སྤྱོད་དགེ་བསྙེན་དུ་བཞུགས།

སྙིང་རྗེ་པད་དཀར་དུ། བྱང་ཕྱོགས་སུ་བསྟན་པ་ལ་དད་པ་ལྷར་སྐྱེ་ཞིང་། རབ་བྱུང་ཆོས་བཞིན་མི་སྤྱོད་པ་ལོག་པར་ལྟུང་། དེར་དགེ་བསྙེན་ཆོས་འཕེལ་ཞེས་པ་རྫུ་འཕྲུལ་དང་ལྡན་པ་འབྱུང་། ཞེས་པ་དང་། སངས་རྒྱས་ཕལ་པོ་ཆེར་བྱང་ཕྱོགས་སུ་དགེ་བསྙེན་ཆོས་འཕེལ་བྱ་བ་འབྱུང་ཞེས་ལུང་བསྟན་པ་དང་མཐུན་ཞེས་མཁས་པ་རྣམས་མགྲིན་གཅིག་ཏུ་གླེང་། 

ཁོང་གིས་པནྜི་ཏ་སྒྲའི་ཚེར་མར་རྒྱ་གར་ན་ད་ལྟ་པནྜི་ཏ་ཆེ་བ་ཇི་སྐད་བྱ་བ་ཡོད་དྲིས་པས། ཆེ་བགྲེས་ནཱ་རོ་པ་དང་། ཤཱནྟི་པ་བྱ་བ་ཡོད། དེ་གཉིས་ད་ཙམ་འདས་སམ། ད་ལྟ་པནྜི་ཏ་དཱི་པཾ་ཀ་ར་བྱ་བ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཞིག་ཡོད་དེ། དེ་རང་ཆེ་བར་འོང་ཞེས་གསུངས་པས། སྟོན་པའི་ཐུགས་ལ་དེ་དང་མཇལ་ན་དགའ་བ་ལ། དེ་དང་ཅི་མཇལ་བྱ་དགོས་སྙམ་པ་བྱུང་། 

དེ་ནས་མངའ་རིས་ཀྱི་ལྷ་བླ་མ་ཁུ་དབོན་གྱིས་ཇོ་བོ་རྗེ་ལྷ་གཅིག་ཟེར་བའི་པནྜི་ཏ་ཆེན་པོ་ཞིག་གདན་དྲངས་པ་དང་། ཅུང་མི་འགོར་བར་རྒྱ་གར་དུ་ཕེབས་རྩིས་འདུག་པའི་གཏམ་གསན་མ་ཐག ཐུགས་རང་དབང་མེད་པར་གཡོས་ཏེ། དད་གུས་བསམ་གྱིས་མི་ཁྱབ་པ་སྐྱེས། མཇལ་དུ་འབྱོན་པའི་འདུན་པ་དྲག་ཏུ་བྱུང་།

རང་གི་སེ་བཙུན་ལ་མངའ་རིས་སུ་ཇོ་བོར་མཇལ་བར་འགྲོ་བའི་གནང་བ་ཞུས། ཁོང་གིས་ཀྱང་མི་དགྱེས་པ་མེད་པར་དཔེ་རྟ་ཁལ་གཅིག་གནང་ནས་བྱོན་ནོ། །

ཇོ་བོའང་རང་ལ་སྒྲོལ་མས་ལུང་བསྟན་པའི་ཨུ་པ་སི་ཀ་དང་མཇལ། ཁོང་ཡང་མཚན་ཙམ་གྱིས་དད་པའི་སྤུ་ལོང་གཡོ་བའི་རང་གི་བླ་མ་དང་མཇལ། 

དེ་ནས་བཟུང་ཡབ་སྲས་གཉིས་ཀྱིས་བསྟན་འགྲོའི་དོན་ཆེན་མཛད་པའི་དབུ་ཚུགས་པ་ཡིན།

ཡང་སྙིང་འབྲོམ་ཇོ་བོར་མཇལ་ནས་བྱ་བ་ཅི་ཞིག་བསྒྲུབ་དགོས་པ་མཁྱེན་འདོད་ན། ཚན་པ་རྗེས་མར་གཟིགས་རོགས། 



ཟླ་བཞི་བའི་ཚེས་ཉེར་དྲུག་ཕྱི་དྲོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲིས། 


རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།