རྒྱ་གར་དུ་ཕེབས་མ་མྱོང་བའི་ལོ་ཙཱ་བ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-26 09:25:33     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

ཉི་མ་མེད་ན་འཇིག་རྟེན་འདིར་གཟུགས་ཅི་ཡང་མཐོང་མི་ཐུབ་ལ། ལོ་ཙཱ་བ་མེད་ན་བླང་དོར་གསལ་བར་བྱེད་མི་ཐུབ་པས་ལོ་ཙཱ་བའི་མིང་ལ་འཇིག་རྟེན་མིག་ཟེར་ཞིང་། ཉི་མའི་མིང་ལ་ཡང་འཇིག་རྟེན་མིག་ཟེར།

བོད་དུ་སཾ་སྐྲྀ་ཏའི་སྐད་ལ་སྦྱོང་བ་ནི་སྐད་ལ་བག་ཆགས་འཇོག་པ་དང་རྒྱུད་ལ་བྱིན་རླབས་ཞུགས་པའི་ཆེད་ཡིན་པས་སྐད་རིགས་གཞན་སྦྱོང་བ་དང་མི་འདྲ་སྟེ། བསྐལ་བཟང་གི་སངས་རྒྱས་སྟོང་གིས་ཀྱང་སཾ་སྐྲྀ་ཏའི་སྐད་ཀྱིས་ཆོས་གསུངས་ཤིང་། མ་མཐའ་བསྟན་བཅོས་ཀྱི་དབུར་སཾ་སྐྲྀ་ཏའི་མཚན་འགོད་པ་ནི་ཆོས་ཁུངས་བཙུན་པར་སྟོན་པའི་ཆེད་དུ་ཡིན་གསུངས།

བོད་ཀྱི་ལོ་ཙཱ་བའི་ཁྲོད་དུ་སཾ་སྐྲྀ་ཏའི་སྐད་ནས་ལོ་ཙཱ་བསྒྱུར་པ་སྐད་རིགས་གཞན་ལས་ཤིན་ཏུ་མང་།  སཾ་སྐྲྀ་ཏའི་སྐད་ནས་བོད་སྐད་དུ་བསྒྱུར་བ་སྐད་རིགས་གཞན་ནས་བོད་སྐད་དུ་བསྒྱུར་བ་ལས་མང་།

དེ་བས་བོད་ཀྱི་ལོ་ཙཱ་བ་དག་གིས་གསེར་དང་དངུལ་འཁྱེར་ནས་འཇིགས་པ་བརྒྱ་ཕྲག་ཁྱད་དུ་བསད་ནས་རྒྱ་གར་དུ་སློབ་གཉེར་དུ་ཕེབས་པ་ཡིན། སློབ་གཉེར་དུ་ཕེབས་པ་ནི་མི་རིགས་དང་ཡུལ་གྱི་ཆེད་དུ་ཡིན་ལ། རང་གི་ཆེད་དུའང་ཡིན། དེ་བས་རྒྱ་གར་དུ་ཕེབས་ནས་སཾ་སྐྲྀ་ཏའི་སྐད་ལ་སྦྱོང་རྒྱུ་ནི་བོད་ཀྱི་སློབ་གཉེར་བ་དག་གི་རེ་བ་ཉག་གཅིག་ཡིན།

དེ་ནི་བོད་ཀྱི་ལོ་ཙཱ་བའི་རེ་བ་ཡིན་ལ། བོད་ཀྱི་ལོ་ཙཱ་བའི་སྤོབས་པའང་ཡིན། བོད་ཀྱི་མཁས་པ་དག་རྒྱ་གར་དུ་འགྲོ་མ་ཐུབ་ནའང་བོད་ས་ནས་སཾ་སྐྲྀ་ཏའི་སྐད་ལ་སྦྱངས་ནས་བསྟན་བཅོས་བསྒྱུར་པ་འབྲོམ་དང་ས་པཎ། བུ་སྟོན་སོགས་སྐོར་ཞིག་བྱུང་།

འབྲོམ་སྟོན་པ་ལ་ལོ་ཙཱ་བ་འབྲོམ་ཟེར་བ་བཞིན། བོད་ཀྱི་ལོ་ཙཱ་བའི་ཁྲོད་དུ་ཁོང་གི་མཚན་སྙན་ཤིན་ཏུ་མཐོ།  དེ་ཡང་བསྟོད་པ་ལས། དྲན་པ་ཡེ་ཤེས་གྲགས་པའི་ཞལ་གྱི་གཟུགས། །ཟླ་བའི་དཀྱིལ་འཁོར་བཞིན་དུ་མངོན་བལྟས་ནས། །ལེགས་སྦྱར་ཀུ་མུད་གེ་སར་རྒྱས་མཛད་པ། །སྨྲ་བའི་དབང་པོར་གྱུར་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་ཁོང་ལེགས་སྦྱར་ལ་མཁས་ཤིང་། བསྟན་བཅོས་གང་མང་ཞིག་བོད་སྐད་དུ་བསྒྱུར།

ཁོང་རྒྱ་གར་དུ་མ་ཕེབས་ན་ཅིའི་ཕྱིར་འདི་ལྟ་བུའི་ལོ་ཙཱ་བ་ཆེན་པོ་ཞིག་ཏུ་གྱུར་རམ། ཁོང་གི་རྣམ་ཐར་ལས། ཁོང་གཞོན་དུས་ཐུགས་དགོངས་ལ། དལ་འབྱོར་གྱི་མི་ལུས་ཐོབ་པར་དཀའ་བ་རྙེད་པའི་དུས་འདིར། ཆོས་རྣལ་མ་གཅིག་བྱེད་ན་འདི་ཙམ་གྱིས་ཆོག་གམ་མི་ཆོག རྒྱ་གར་མཁས་པ་གཅིག་ལ་འདྲི་བ་ལ་བར་དུ་ལོ་ཙྪ་མི་དགོས་པ་བྱ་དགོངས་ཏེ། པནྜི་ཏ་སྒྲའི་ཚེར་མ་བྱ་བ་ཞིག་བྱོན་པ་ལ། སཾ་སྐྲྀ་ཏའི་སྐད་དང་། རྒྱ་ཡིག་ཀྱང་བསླབས་པས་ལེགས་པར་མཁྱེན།(པནྜི་ཏ་དེ་ནི་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཡིན་ཞེས་མཆིམས་ཆེན་པོ་གསུང་ངོ་། །)

ངས་བསམ་ན་ཁོང་ཇོ་བོར་མཇལ་ཞིང་། ཇོ་བོའི་ལོ་ཙཱ་གནང་བ་ནས་ཁོང་གི་སཾ་སྐྲྀ་ཏའི་སྐད་སྔོན་ལས་ལྷག་པར་འགྱུར་ཡོད་ངེས་སྙམ། ཇོ་བོ་རྗེ་བོད་དུ་གདན་དྲངས་དུས་ཁོང་གི་འཕྲིན་ལས་རྒྱས་མིན་དེ་ལོ་ཙཱ་བར་ཐུག་ཡོད་པས་ལོ་ཆེན་རིན་བཟང་ལ་ལོ་ཙཱ་བཅོལ་བས་ཁོང་གིས་རང་ལོ་གྱ་བརྒྱད་ཡིན་པས་སྐྲ་དཀར་བོར་སོང་ཞིང་སྨྲ་བ་ངག་མི་འཁྲོལ་ཞེས་ཞལ་མ་བཞེས་པས་ནག་ཚོ་ལ་ལོ་ཙཱ་བཅོལ། འབྲོམ་གྱིས་ཇོ་བོར་མཇལ་སྟེ་འབྲོམ་གྱིས་ལོ་ཙཱ་གནང་སྟེ། རྗེ་བཙུན་སྒྲོལ་མས་ལུང་བསྟན་པ་བཞིན་ཇོ་བོའི་འཕྲིན་ལས་མཁའ་རུ་བཏེགས་པ་ཡིན་ནོ༎

ཡིན་ནའང་། ཁོང་གིས་ལོ་དུ་ལ་ལེགས་སྦྱར་སྦྱངས་པ་དང་ལེགས་སྦྱར་སྦྱངས་པའི་ཚད་གང་འདྲ་ཞིག་ལ་སླེབས་པ་མི་ཤེས།

ང་ཚོས་བཀའ་བསྟན་ལས་ཁོང་གིས་བསྒྱུར་བའི་བསྟན་བཅོས་སྐོར་ཞིག་ལ་མཇལ་ཐུབ།

ནག་པོ་ཆེན་པོའི་གཏོར་ཆོག་དཱི་པཾ་ཤྲཱི་ཀ་ར་ཛྙཱ་ནས་མཛད་པ་དེ་ཇོ་བོ་ལ་བརྟེན་ནས་ཁོང་གིས་བསྒྱུར་པ་དང་། འཕགས་པ་བྱམས་པའི་སྒྲུབ་ཐབས་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་དེ་ཁོང་གིས་བསྒྱུར་ཅིང་རྗེས་སུ་ཁྲོ་ཕུ་ལོ་ཙཱ་བས་འགྱུར་བཅོས་མཛད།རྒྱལ་པོ་ཆེན་པོ་བཞིའི་གཏོར་མའི་ཆོ་ག་ཇོ་བོ་རྗེ་དང་། དགེ་བཤེས་སྟོན་པ་གཉིས་ཀྱིས་བསྒྱུར།

ཡུམ་བསྡུས་པ་བརྒྱད་སྟོང་པ་རྒྱས་པ་ཕྲེང་བ་ཅན་གྱི་ལུགས་པུསྟིཀ་གཅིག་ལ་ལེའུ་སུམ་ཅུ་རྩ་གཉིས་བཞུགས་པ་སྔོན་རྒྱ་གར་གྱི་མཁན་པོ་ཤཱཀྱ་སེ་ན་དང་།ཛྙཱ་ན་སིདྡྷི་དང་།ལོ་ཙཱ་བ་བནྡེ་དྷརྨ་ཏཱ་ཤཱི་ལ་ལ་སོགས་པས་བསྒྱུར་པ་ཐེངས་འགར་འགྱུར་བཅོས་བྱས་ཤིང་། སྐྱིད་སྨད་སྙེ་ཐང་ན་མོ་ཆེར་པནྜི་ཏ་ཆེན་པོ་ཇོ་བོ་དང་།ལོ་ཙཱ་བ་འབྲོམ་རྒྱལ་བའི་འབྱུང་གནས་གཉིས་ཀྱིས་བརྒྱད་སྟོང་པ་བཤད་པའི་དུས་སུ་ཆེ་ལོང་ཞིག་གཏན་ལ་ཕབ།ཡང་ཕྱིས་རྭ་སྒྲེང་གི་གཙུག་ལག་ཁང་དུ་ལོ་ཙཱ་བ་འབྲོམ་རྒྱལ་བའི་འབྱུང་གནས་ཉིད་ཀྱིས་རྒྱ་དཔེ་གསུམ་ལ་གཏུགས་ནས་ལན་གཉིས་སུ་གཏན་ལ་ཕབ།སླད་ཀྱིས་ཡང་ལོ་ཙཱ་བ་དེ་ཉིད་ཀྱིས་བཤད་པ་མཛད་ཅིང་ཕྲན་ཚེགས་གཏན་ལ་ཕབ་པ་དང་།འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིངྷ་དང་།ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོའི་སྡེའི་འགྱུར་ལ།ཇོ་བོ་ཨ་ཏི་ཤ་དང་།ཁོང་ཉིད་ཀྱིས་དག་པར་བགྱིས་པ་སོགས་བཞུགས།

ཁོང་གི་བསྟན་བཅོས་དེ་དག་ལ་བལྟས་ན་ང་ཚོས་ཁོང་ནི་སཾ་སྐྲྀ་ཏའི་སྐད་ལ་བྱང་ཞིང་།ལེགས་སྦྱར་གྱི་ཕ་རོལ་ཏུ་ཕྱིན་པ་ཞིག་ཡིན་པ་ཤེས་ཐུབ།

ཉི་མས་གླིང་བཞིའི་མུན་པ་སེལ་བ་བཞིན་དུ་དམ་པའི་ཆོས་སྒྱུར་བའི་ལོ་ཙཱ་བ་ཞིག་བྱུང་ན་ས་ཆ་དེར་འཇིག་རྟེན་མིག་ཅིག་བྱུང་བ་ཡིན།

འཇིག་རྟེན་མིག་འདི་ལ་བརྟེན་ནས་བོད་ཀྱི་བསལ་དཀའ་བའི་མུན་པ་སྟུག་པོ་ཞིག་བསལ་བས་ཁོང་ནི་ངེས་པ་དོན་གྱི་འཇིག་རྟེན་མིག་ཅིག་ཏུ་གྱུར་ཡོད།

ཁོང་གློ་བུར་དུ་སྲིད་ན་དཀོན་པའི་སྐྱེས་བུ་ཆེན་པོ་ཞིག་ལ་འཕྲད་ནས་བསྟན་འགྲོའི་དོན་ཆེན་ཡ་མཚན་ཞིག་བསྒྲུབས། དེར་ཅི་ལྟར་མཇལ་བ་ཤེས་འདོད་ན་ཚན་པ་ཕྱི་མར་གཟིགས་རོགས།


་ཟླ་བཞི་བའི་ཚེས་ཉེར་དྲུག་ཞོགས་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྲིས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།