མ་ཡར་གྱིས་མནར་ཏེ་ཆོས་ལ་གཞོལ་བའི་སེམས་དཔའ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-23 15:40:54     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

སྐྱེས་བུ་དམ་ཞིག་སྐུ་འཁྲུངས་པའི་ས་དེ་སྐྱེ་བོ་ཐམས་ཅད་ཀྱི་མཆོད་པའི་གནས་སུ་འགྱུར་ངེས་ཤིང་། ལོ་རྒྱུས་རིམ་བྱོན་གྱི་ཡིག་ཚང་དུ་བཀོད་ནས་ཕྱི་རབས་དག་གིས་མཆོད་པའི་གནས་སུ་བྱེད་ངེས།

འབྲོམ་སྟོན་པའི་འཁྲུངས་པའི་གནས་ཀྱང་དེ་བཞིན་ཏེ། བསྟོད་པ་ལས།  གངས་རིའི་འཕྲེང་བས་ཡོངས་བསྐོར་ས་ཡི་གཞི། །ལྷ་ཆེན་ཟུར་ཕུད་ལྔ་པས་བསྟེན་པའི་འདབས། །རྗེའུའི་རིགས་ལས་འབྲོམ་ཞེས་རབ་གྲགས་པར། །གཙོ་བོའི་རིགས་སུ་འཁྲུངས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། བོད་དབུ་རུའི་བྱང་གི་ཕྱོགས་ལྷ་ཆེན་པོ་གཉན་ཆེན་ཐང་ལྷའི་ཞོལ། སྟོད་ལུང་གི་ཕུ་རྩྭ་སྒྱེ་མོ་ཞེས་གྲགས་པའི་ས་ཆ་དེ་ཡིན་ཞིང་། ད་ལྟའི་དབང་དུ་བྱས་ན་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་ཅན་གྲོང་བརྡལ་གྱི་ཟམ་གསར་གྲོང་ཚོའི་ཙུའུ་གསུམ་པ་བྱེ་ལུང་ནང་སྟེ།ལྷ་ས་ནས་སྤྱི་ལེ་བརྒྱ་ལྷག་ཙམ་གྱི་བར་ཐག་ཡོད།

སྔོན་ཆད་རྩྭ་སྒྱེ་མོ་ཟེར་ཡང་ད་ལྟ་རྩྭ་སྒྱེ་མོ་ཟེར་བའི་མིང་འབོད་སྲོལ་ལ་མི་འདུག་སྐད། ཁོང་གི་ཡབ་ཀྱི་མིང་ལ་སྐུ་གཤེན་ཡག་གཞེར་འཕེན་དང་། ཡུམ་ཁུ་འོད་བཟའ་ལན་གཅིག་མ་ཟེར། ཡབ་ཡུམ་དེ་གཉིས་སུ་སྲས་སུ་རབ་བྱུང་དང་པོའི་གོང་གི་སྐོར་ཐ་མའི་ཤིང་འབྲུག༡༠༠༤ལོར་འཁྲུངས།

སྐབས་དེར་བོད་ལ་གདུང་རུས་འབོད་སྲོལ་ཡོངས་སུ་དར་ཞིང་།སྔོན་ཆད་རྣམ་ཐར་འབྲི་དུས་འཁྲུངས་པ་གདུང་རྒྱུད་ཀྱི་ཆེ་བ། སྦྱངས་པ་ཡོན་ཏན་གྱི་ཆེ་བ། མཛད་པ་འཕྲིན་ལས་ཀྱི་ཆེ་བ་ཞེས་གལ་ཆེན་དུ་འཛིན་ནའང་།  དེ་ནས་རིམ་བཞིན་ཉམས་པར་གྱུར།ད་ལྟ་ཕལ་མོ་ཆེས་བོད་ལ་གདུང་རུས་ཤིག་ཡོད་པའི་གཏམ་ཡང་མི་ཤེས་པའི་ཚོད་ལ་སླེབས།

ཁོང་གི་གདུང་རུས་ནི་རིགས་བཞི་ལས་རྗེའུ་རིགས་ཀྱི་ནང་ཚན་གྱི་འབྲོམ་ཡིན་པས་འབྲོམ་སྟོན་པ་ཟེར་བ་ནི་རུས་ལས་བཏགས་པ་ཞིག་རེད།དེའི་ནང་ཚན་སྣུ་བ། དེའི་ནང་ནས་སྟག་གསུམ་ཡིན་ཞེས་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་ལས་བྱུང་།

ཁོང་འཁྲུངས་ནས་ཅང་མ་འགོར་བས་ཡུམ་གཤེགས་པས་ཁོང་གི་དཀའ་སྡུག་མང་བོ་མྱངས་ཤིང་། དཀའ་སྡུག་གི་ཁྲོད་ནས་སྦྱོང་བ་ཐོབ། ཁོང་ཆུང་དུས་ནས་བློ་གྲོས་ལྡན་ཞིང་སྤོབས་པ་ཆེ།བཞིན་བཟང་ཞིང་ཡ་རབས་ཀྱི་སྤྱོད་པ་ལྡན་མོད།  ཡབ་ཀྱིས་མ་ཡར་ཞིག་བཞེས་པ་དེས་རྒྱུན་དུ་ཁོང་ལ་གནར་གཅོད་བྱས།

ཉིན་གཅིག་མ་ཡར་དེས་བ་འཇོ་བ་བཞིན་པའི་དུས་ཁོང་གིས་རྐྱེན་པས་བཞོན་མ་འདྲོགས་ཏེ་འོ་མ་འཕོས་པས་མ་ཡར་གྱིས་བརྡུངས། མ་ཡར་དང་ཞེ་འགྲས་སུ་སོང་བས་འདི་དང་འགྲོགས་པ་ལས་བོད་པའི་རྟ་རྫི་བྱེད་པ་ཡང་སྐྱིད་སྙམ། ལོ་བཅུ་གསུམ་ཙམ་ལ་གཞུ་རུ་ཞང་པོའི་སར་་བྱོན།

དགུང་ལོ་བཅུ་བཞི་བར་ཡབ་ཀྱི་རྗེས་སུ་འབྲངས་ནས་སྙེ་མོར་ཚོང་བརྒྱག་ཏུ་སོང་། ཁོང་ལ་མཚོན་ན་ཐོག་དང་བོར་ཡུལ་གཞན་དུ་འགྲིམ་པ་ཡིན་ལ།  མི་ཚེར་འགྱུར་བ་ཐེབས་པའི་དུས་ཤིག་ཀྱང་རེད།

ཚོང་བརྒྱབས་ནས་ཕྱིར་བྱང་དུ་འགྲོ་དུས་ལམ་ནས་བྲོས་ཏེ། སྙེ་མོར་ཕེབས། གཡུང་ཆོས་མགོན་ཞེས་པའི་སྔགས་པ་ཞིག་བསྟེན་ནས་བོད་ཡིག་ཀློག་ལ་སྦྱངས།  དེ་རུ་ལོ་བཞི་ལ་བཞུགས་ཤིང་། མ་ཡུར་དེའི་རྐྱེན་གྱིས་ཁོང་ཡོན་ཏན་ལ་སྦྱོང་ཐུབ་པ་བྱུང་ཞིང་། མི་ཚེར་འགྱུར་བ་ཆེན་པོ་ཐེབས།

འཇིག་རྟེན་གྱི་སྐྱིད་སྡུག་ངེས་པ་མེད་ཀྱང་འགལ་རྐྱེན་མཐུན་རྐྱེན་དུ་གྱུར་དང་མཐུན་རྐྱེན་འགལ་རྐྱེན་དུ་གྱུར་པའང་མང་། གཙོ་བོ་རྐྱེན་ལ་གང་ལ་ཐུག་ཀྱང་སྤོབས་པ་ཞིག་དགོས་ལ།  དུས་གང་འདྲར་སླེབས་ཀྱང་བརྩོན་པ་ཡལ་མི་ཉན་པ་དེ་རེད།

ཁོང་གིས་བརྩོན་པ་ཇི་ལྟར་བསྐྱེད་པ་ཤེས་འདོད་ན་ཚན་པ་རྗེས་མར་གཟིགས་རོགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།