གསེར་གྱི་ཉི་མ་ལྟ་བུའི་དགེ་བསྙེན།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-23 15:39:44     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

འབྲོམ་སྟོན་པ་ནི་བོད་ཀྱི་བསྟན་པའི་ལོ་རྒྱུས་ལས་ཆེས་ཕུལ་དུ་བྱུང་བ་དང་མཛད་རྗེས་ཆེ་བ་ཞིག་ཡིན་པ་མ་ཟད། སྲིད་འདིར་འགྲན་ཟླ་བྲལ་བའི་དགེ་བསྙེན་ཞིག་ཡིན།  ཁོང་གི་མཚན་ལ་འབྲོམ་སྟོན་པ་དང་། དགེ་བཤེས་སྟོན་པ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།དགེ་བསྙེན་ཆོས་འཕེལ་བཅས་འགའ་ཡོད།

མཉམ་མེད་ཇོ་བོ་ཆེན་པོར་སློབ་མ་མཐའ་ཡས་པ་ཡོད་ཀྱང་དེ་དག་ལས་ཇོ་བོའི་འཕྲིན་ལས་འདེགས་མཁན་གཙོ་བོ་ནི་འབྲོམ་ཡིན་ཏེ་རྗེ་བླ་མས། དེ་དག་གི་ནང་ནས་ཀྱང་བླ་མ་ཉིད་ཀྱི་འཕྲིན་ལས་རྒྱས་པར་བྱེད་པའི་བརྒྱུད་འཛིན་ཆེན་པོ་ནི་སྒྲོལ་མས་ལུང་བསྟན་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།ཞེས་གསུངས་པ་ལྟར་རོ༎

ཨ་ཀྱཱ་ཡོངས་འཛིན་གྱིས།  རྒྱལ་བའི་གསུང་རབ་ཐམས་ཅད་གདམས་ངག་ཏུ།  །ཤར་ལ་བཀའ་གདམས་པ་ཞེས་གྲགས་པ་སྟེ།  །དཔལ་ལྡན་ཨ་ཏི་ཤ་ཡི་ལུགས་སྲོལ་མཆོག །སྟོན་པས་སྲོལ་ཕྱེས་སྐུ་མཆེད་གསུམ་གྱིས་སྤེལ།  །བཀའ་བརྒྱུད་ས་སྐྱ་དགེ་ལྡན་ལུགས་སྲོལ་ཡང་། །ཇོ་བོ་ཆེན་པོའི་འཕྲིན་ལས་འདི་ལ་བརྟེན།  །ཞེས་གསུངས་པ་ལྟར་ཁོང་གིས་ཇོ་བོའི་མན་ངག་ལ་བསྟེན་ནས་བཀའ་གདམས་པའི་སྲོལ་འབྱེད་དུ་གྱུར་ཅིང་། རྭ་སྒྲེང་དགོན་ཕྱག་འདེབས་གནང་ནས་བསྟན་པ་བསྐྱངས་པས་བོད་ཀྱི་བསྟན་པ་ལ་དག་ཐེར་མཛད་པ་མ་ཟད།ཕྱིས་ཀྱི་གྲུབ་མཐའ་ཐམས་ཅད་འདི་ལ་བརྟེན་པས་ཡིན་པས་སངས་རྒྱས་ཀྱི་བསྟན་པར་མཛད་རྗེས་ཤིན་ཏུ་ཆེ།

ཁོང་ནི་གཞུང་ཆེན་པོར་སྦྱངས་པའི་མཁས་པ་ཆེན་པོ་ཞིག་ཡིན་པ་མ་ཟད། རྒྱ་གར་དུ་མ་ཕེབས་པར་བོད་ནས་ལེགས་སྦྱར་སྦྱངས་ནས་མཁས་པར་གྱུར་པའི་ལོ་ཙཱ་བ་ཞིག་ཡིན་ཞིང་། བཀའ་བསྟན་ན་ཁོང་གིས་བསྒྱུར་པའི་བསྟན་བཅོས་གང་མང་ཞིག་བཞུགས།

ཁོང་གི་རྟེན་དགེ་བསྙེན་ཡིན་ལ་དགེ་བསྙེན་ལས་ཚངས་སྤྱོད་དགེ་བསྙེན་ཡིན་པས་ཐང་ག་སོགས་སུ་ཁོང་གི་སྐུ་བརྙན་རལ་བ་ལྕང་ལོ་དང་གོས་དཀར་བོ་གྱོན་པ་བཞེངས་པའི་རྒྱུ་མཚན་ཡང་དེ་ཡིན། ངག་རྒྱུན་ལ་ཁོང་སྐུ་ཚེ་གང་བོར་དགེ་བསྙེན་གྱི་རྟེན་དུ་བཞུགས་དོན་བླ་མ་ལ་ཞབས་གཡོག་སྒྲུབ་པའི་ཆེད་དུ་ཡིན་ཟེར། རྟེན་དགེ་བསྙེན་ཡིན་རུང་བསླབ་ཁྲིམས་བསྲུང་བ་ལ་དགེ་སློང་ལས་ཀྱང་ལྷག་པ་མཛད།

ཁོང་གི་འཁྲུངས་འདས་ལོ་ཚིགས་མི་མཐུན་པ་ཁག་བཞི་ཙམ་འདུག་པ་ལས།  ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《བཀའ་གདམས་ཆོས་འབྱུང་》ལྟར་ན་རབ་བྱུང་དང་པོའི་གོང་གི་སྐོར་ཐ་མའི་ཤིང་འབྲུག༡༠༠༤ལོར་འཁྲུངས་ནས་རབ་བྱུང་དང་པོའི་ཤིང་འབྲུག༡༠༦༤ལོ་བར། དགུང་ལོ་དྲུག་ཅུ་རེ་གཅིག་བཞུགས། འཁྲུངས་ཡུལ་བྱང་གཉན་ཆེན་ཐང་ལྷའི་འོག་རྩ་སྒྱེ་མོ་སྟེ་དེང་འདམ་གཞུང་རྫོང་ཡངས་པ་ཅན་ཆུས་ཟམ་གསར་ཤང་བྱེ་ལུང་རུ་ཁག་གསུམ་པའི་ས་ཡིན།  ཁོང་གི་རུས་ཡང་གཞེར། ཡབ་རྟ་གསུམ་སྐུ་གཤེན་དང་ཡུམ་ཁུ་འོད་བཟའ་ལན་གཅིག་མ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་ངུ་ནས་ཡུམ་གཤེགས་རྗེས་ཡབ་ཀྱིས་མ་ཡར་གཅིག་བླངས་པས་རྒྱུན་དུ་སྡང་པོ་བྱས་པའི་རྐྱེན་གྱིས་ཁམས་སུ་བྲོས་ཕེབས།

བླ་མ་སེ་བཙུན་གྱི་སར་བཞུགས་ནས་ཉིན་མོ་ནང་གཡོག་རྟ་ཕྱུགས་གསོ་བ། ཕྱེ་འཐག་པ་སོགས་མཛད་པའི་ཞོར་ལ་སློབ་སྦྱོང་དང་མ་བྲལ་བར་གནང་། མཚན་མོར་བླ་མའི་ཕྱུག་སྲུང་སོགས་མཛད་དེ་བླ་མའི་ཞབས་འདེགས་དང་རང་ཉིད་སློབ་གཉེར་འཐུས་ཤོར་མེད་པ་མཛད། ཞོར་ལ་པཎྜི་ཏ་སྨྲི་ཏི་ལས་སྒྲ་རིག་པ་དང་སཾ་སྐྲི་ཏའི་སྐད་བསླབས།

དེ་ནས་མངའ་རིས་སུ་ཇོ་བོ་རྗེ་ཨ་ཏི་ཤ་ཕེབས་པ་གསན་ཏེ་ཁམས་ནས་མངའ་རིས་སུ་ཞབས་ཐང་གིས་མགྱོགས་པོར་ཕེབས་པས། ཇོ་བོ་བོད་དུ་བཞུགས་པའི་དུས་ཆད་ལོན་ཏེ་ཉིན་གཉིས་གསུམ་ཙམ་ནས་ཕྱིར་རྒྱ་གར་དུ་ཕེབས་རྩིས་གནང་དུས་སུ་པུ་ཧྲེངས་རྒྱ་ཞིང་ཟེར་བའི་གྲོང་གི་ནང་དུ་མཇལ།

དེ་ནས་དབུས་གཙང་གི་དགེ་བཤེས་མཁས་པ་ཚོར་ཇོ་བོ་རྗེ་ལྟ་བུའི་པཎྜི་ཏ་རྒྱ་གར་ནས་བོད་དུ་ཕེབས་པ་ཐེངས་གཅིག་ཡིན་པས་ངེས་པར་དུ་བོད་དབུས་གཙང་དུ་གདན་འདྲེན་ཞུ་དགོས་ཞེས་ཕྱག་བྲིས་གནང་བ་ལྟར་དབུས་གཙང་གི་མཁས་པ་རྣམས་ཀྱིས་ཇོ་བོ་རྗེ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་སར་ཟླ་བ་གསུམ་ཙམ་བཞུགས་ཡུན་མ་གཏོགས་སྐུ་ཚེ་གཅིག་རིང་འབྲོམ་གྱིས་ནང་གཡོག་གཙོ་བོར་མཛད་དེ། ཞར་ལ་གོ་སྐབས་བྱུང་ཚེ་ཆོས་ཞུ་བར་མཛད།

གཙང་དུ་ལོ་པཎ་ཀུན་ལ་གནས་རྫབ་གསེབ་ཅིག་བྱུང་བས་སྟོན་པས་ན་བཟའ་ཐམས་ཅད་གསིལ་ནས་རྫབ་རྣམས་ཕྱགས་ཏེ་ག་ནས་བྱུང་ཆ་མེད་པར་ས་དཀར་སྐམ་པོས་གཡོགས།  ཇོ་བོའི་མདུན་ན་མཎྜལ་ཞིག་ཀྱང་གྲུབ་འདུག་པས།  ཇོ་བོའི་ཞལ་ནས།  ཨ་རེ་ཁྱོད་ལྟ་བུ་ཞིག་རྒྱ་གར་ནའང་ཡོད་གསུངས་པ་ལྟ་བུའོ། །ཞེས་གསུངས་པ་ལྟར་ཇོ་བོའི་ཐུགས་ཟིན་པའི་སློབ་མ་ཡིན་ནོ༎

ཇོ་བོ་རྗེ་སྐུ་མྱ་ངན་ལས་འདས་ནས་སྐུ་གདུང་དང་ཕྱག་དཔེ་སོགས་སློབ་མ་ཚོར་གནང་དགོས་རིགས་གནང་ནས་སྐུ་གདུང་ཐུགས་དམ་རྟེན་བཅས་དང་། ཇོ་བོས་གསོ་སྐྱོང་གནང་བའི་སློབ་མ་ཚོགས་པ་ཁག་རྣམས་ཁྲིད་དེ་རྭ་སྒྲེང་དུ་ཕེབས།

རབ་བྱུང་དང་པོའི་མེ་བྱ༡༠༥༧ལོར་རྭ་སྒྲེང་དགོན་པ་བཏབ། དངུལ་གྱི་མཆོད་རྟེན་ཞིག་གི་ནང་ཇོ་བོའི་སྐུ་གདུང་རྣམས་བཞུགས་སུ་གསོལ་ཞིང་།ཇོ་བོའི་སློབ་མ་རྣམས་ཆོས་དང་འཚོ་བ་གཉིས་ཀའི་སྒོ་ནས་བསྐྱངས།

རབ་བྱུང་དང་པོའི་ཤིང་འབྲུག་སྟེ་༡༠༦༤ལོ་དགུང་ལོ་རེ་གཅིག་པ་ལ་རྭ་སྒྲེང་དུ་སྐུ་གཤེགས། 《རྣམ་ཐར་བཀའ་གདམས་གླེགས་བམ་》དང་། ལས་ཆེ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《བཀའ་གདམས་ཆོས་འབྱུང་མཁས་པའི་ཡིད་འཕྲོག》དང། རི་བོ་ཆེ་དཔོན་ཚང་ཚེ་དབང་རྒྱལ་གྱིས་བརྩམས་པའི《ལྷོ་རོང་ཆོས་འབྱུང་ཐུབ་བསྟན་གསལ་བྱེད》  《ཆོས་འབྱུང་མཁས་པའི་དགའ་སྟོན》ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར།  མཆིམས་ནམ་མཁའ་གྲགས་ཀྱི་《  འབྲོམ་སྟོན་པའི་རྣམ་ཐར》བརྩམས་ཡོད།

སྔོན་གྱི་སྐད་ཀྱི་ཁྱད་ཆོས་ལྡན་པ་དེ་དག་ད་ལྟ་གོ་དཀའ་བས་འདིར་དེ་དག་བསྡུས་ནས་མི་གསལ་བར་གསལ་བར་བྱས་ཏེ། གོ་སླ་བ་ཞིང་། ཡིད་འཁུལ་བ། གནད་འདུས་ཤིག་བརྗོད་ཨེ་ཐུབ་སྙམ།

དེ་ནི་ངའི་རེ་བ་ལས་དངོས་སུ་འབྱུང་ཐུབ་མིན་ངའི་ནུས་པ་ལ་རག་ལས་པས་ཁྱེད་ཚོས་ངའི་ནུས་པ་ཡོད་ཚད་བཏོན་ནས་བྲིས་པ་འདི་ལས་འབྲོམ་ལ་ངོས་འཛིན་ཡང་དག་པ་ཞིག་ལོན་པའི་རེ་བ་ཡོད།


བླ་བྲང་བཀྲ་ཤིས་འཁྱིལ་ནས་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་བྲིས།



རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།