བཀའ་བསྟན་འགྱུར་ཐུགས་ཐོག་ན་ཡོད་པའི་བོད་མི་གཉིས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-09-03 07:30:24     རྩོམ་པ་པོ།   ཕྱག་ཤུལ།    ཀློག་ཐེངས།  

ལོ་དེའི་དགུན་ཁར་གྲྭ་ཚང་གི་དགུན་གནང་བཏང་རྗེས་དགོན་འདིའི་ཕྱག་བཞེས་བཞིན་གྲྭ་བ་རྒན་གཞོན་མང་པོ་རང་རང་གི་འདོད་མོས་ལྟར་བསྙེན་མཚམས་ལ་བཞུགས་ཤིང་ང་རང་ཡང་སྔོན་ནས་འཆར་གཞི་བཟོས་པ་ལྟར་ཐེངས་གཉིས་པར་རིགས་གསུམ་སྤྱི་སྒྲུབ་ཀྱི་བསྙེན་པར་བསྡད་པ་ཡིན།དེ་ཡང་མཚམས་བཅད་པ་ནི་སེམས་དམིགས་པ་ལ་གནས་པའི་ཆེད་ཡིན་གསུངས་པ་ལྟར་བཅད་རྒྱ་མཛད་པ་ནི་ལུས་ཙམ་བག་མེད་དུ་མི་གཏོང་བ་ཁོ་ན་མ་ཡིན་པར་སེམས་བརྟན་པོའི་ངང་སྒོམ་བཟླས་སོགས་ལ་འབད་རྒྱུ་གལ་ཆེན་པོ་ཡིན་མོད་ནམ་རྒྱུན་ལུས་སེམས་བག་མེད་དུ་གཏོང་རྒྱུ་མང་དྲག་པའི་དབང་གིས་ཉིན་བཅུ་གྲངས་ཙམ་ལ་ཡང་ཚུལ་ལྡན་སྒོས་གནས་རྒྱུ་ཤིན་ཏུ་དཀའ།འོན་ཀྱང་ཉོན་མོངས་པ་སྣ་མང་གིས་ལུས་སེམས་ཁྱོན་ནས་དབང་བསྒྱུར་མི་བྱེད་པའི་ཆེད་དུ་བཟླས་པའི་སྐབས་དང་ཐུན་མཚམས་སོགས་སུ་དམིགས་བརྩེ་མའི་བེའུ་བུམ་པོད་གསུམ་ཅན་ལ་ཞིབ་ཏུ་མཇལ་བ་ཡིན།དེའི་ཁྲོད་ནས་འཇམ་མགོན་ཤེས་རབ་རྒྱ་མཚོས་མཛད་པའི་༼རྗེ་བདག་ཉིད་ཆེན་པོ་སོགས་ཀྱི་སྐུ་བརྙན་འགའ་ཞིག་གི་ལོ་རྒྱུས་ཅུང་ཟད་བརྗོད་པ་མཉན་པར་འོས་པའི་གཏམ་གྱི་ཕྲེང་བ་༽ཞེས་པར་ལོ་རྒྱུས་གཞན་དུ་བལ་པོ་པདྨ་རུ་ཅི་བྱ་བའི་ལོ་ཙཱ་བ་མཁས་པ་ཞིག་གིས་པཎྜི་ཏ་ཕྲ་ལ་རིང་བ་དང་།སྨྲྀ་ཏི་གཉིས་གདན་དྲངས་ཏེ་ཕེབས་པ་ལམ་པར་དུ་ལོ་ཙཱ་བ་་སྐུ་འདས།པཎྜི་ཏ་ཕྲ་ལ་རིང་པ་བོད་དུ་གྲོང་འཇུག་མཛད་པ་རོང་ཟོམ་ཆོས་བཟང་ཡིན་པར་བཤད་ཞེས་པ་ཅིག་གསུངས་འདུག་པ་ལ་སྔོན་པཎ་ཆེན་སྨྲྀ་ཏིའི་སྐོར་ལ་སྤྲོ་བ་ཡོད་པའི་རྐྱེན་གྱིས་དོ་སྣང་ཙམ་བྱུང་ཞིང་ཟིན་བྲིས་དེབ་ཅིག་ཏུ་བརྗེད་ཐོ་ཙམ་དུ་བྲིས་ནས་བཞག ཕྱིས་སུ་འདིའི་སྐོར་ཆེད་དུ་རྩད་ཞིབ་བྱ་བའི་ལས་མ་འཁྱོངས་མོད་ཆོས་གྲོགས་ཤིག་གིས་བསྐུལ་བ་ལ་བརྟེན་ནས་ཐམས་ཅད་མཁྱེན་པས་བཀའ་ཁྲིད་གནང་བའི་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྐྱེད་རྫོགས་ཀྱི་ཁྲིད་ཡི་གེར་ཕབས་སྟེ་དེབ་གཟུགས་སུ་བསྐྲུན་པ་དེ་ཉིད་མཇལ་བའི་བསྐལ་བ་བྱུང་ལ་དེ་ཉིད་དུ་རོང་ཟོམ་པཎྜི་ཏ་དང་ཤ་ར་བ་གཉིས་ནི་བཀའ་བསྟན་འགྱུར་ཚང་མ་ཐུགས་ཐོག་ན་ཡོད་པའི་བོད་ཀྱི་མཁས་པ་ཕུལ་དུ་བྱུང་བ་ཡིན་ཞེས་གསུངས་པ་མཐོང་བས་ཁྱད་མཚར་བ་དང་དད་གུས་ཆེན་པོས་མཁས་པ་ཆེན་པོ་འདི་གཉིས་ཀྱི་མཛད་རྣམ་སྐོར་ངོ་སྤྲོད་ཙམ་དུ་ཡི་གེར་བཀོད་འདོད་བྱུང་།

དེ་ཡང་རྗེ་བདག་ཉིད་ཆེན་མོས་རྣམ་དཔྱོད་འགྲན་ཟླ་བྲལ་བའི་ཤ་ར་བ།།ཞེས་བསྔགས་པའི་བཀའ་གདམས་པའི་བཤེས་གཉེན་ཆེན་པོ་ཤ་ར་བ་ཡོན་ཏན་གྲགས་ཀྱི་རྣམ་ཐར་་ནི་པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་༼བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་༽ལས་ཤ་ར་པ་ནི་ལྕགས་ཕོ་ཁྱི་ལོ་(སྤྱི་ལོ་༡༠༧༠)ལ་སྐུ་འཁྲུངས་།བཅོ་བརྒྱད་ལོན་ཚེ་པོ་ཏོ་བ་དང་མཇལ།ལོ་བཅོ་བརྒྱད་བསྟེན།གདུལ་བྱ་རྗེས་འཛིན་ལོ་སུམ་ཅུ་རྩ་དྲུག་མཛད་པའི་ལམ་རིམ་དལ་འབྱོར་རྙེད་དཀའ་ནས་འཁྲིད།དོན་གཉིས་བཞེས་པའི་ལྕགས་མོ་བྱའི་(སྤྱི་ལོ་༡༡༤༡)ཉེར་དྲུག་ལ་པེ་ཡི་ཆི་བ་ལུང་དུ་གཤེགས་གསུངས་པ་ལྟར་བྱང་རྭ་སྒྲེང་དང་ཐག་མི་རིང་བའི་ཡུལ་རོམ་པོ་(ད་ལྟའི་གཙང་གཞུང་ཡུལ་ཚོ་)ཞེས་པར་པ་ཚབ་རོམ་པོའི་རྒྱུད་དུ་སྐུ་འཁྲུངས།དགུང་ལོ་བཅོ་བརྒྱད་པར་ཕ་མ་དང་ཉེ་དུ་རྣམས་ཀྱིས་བག་མ་ལེན་པའི་སྦྱོར་བ་བཤམས་པ་ན་ཉིད་ཀྱི་ཐུགས་ལ་ཁྱིམ་ལ་གནས་པ་ནི་ཉོན་མོངས་པ་དང་།ཉེས་པར་སྤྱོད་པ་དང་སྡུག་བསྔལ་དུ་མའི་འབྱུང་གནས་སུ་འདུག་བསམ་སྟེ་ཁྱིམ་ནས་བྲོས་ཏེ་ཀླུང་ཤོད་ཆོར་བ་ཞེས་པར་ཕེབས་ནས་རབ་ཏུ་བྱུང་།མཚན་ཡོན་ཏན་གྲགས་སུ་བཏགས།སྤྱན་སྔ་བ་དང་མཇལ་ཞིང་ཁོང་གིས་བཀའ་གདམས་བསྟན་འཛིན་ཆེན་པོ་ཞིག་ཏུ་འགྱུར་བར་གཟིགས་ནས་གདམས་པ་དང་རྗེས་སུ་བསྟན་པ་མང་དུ་སྩལ།ལོ་དེའི་དབྱར་དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོ་སྟག་ལུང་ཐང་ན་བཞུགས་པ་མཇལ་བར་ཕེབས།དེ་ནས་བརྩམས་ཏེ་ལོ་བཅོ་བརྒྱད་ལ་པོ་ཏོ་བ་ཆེན་པོ་ཚུལ་བཞིན་དུ་བསྟེན་ནས་བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་མ་ལུས་པ་བུམ་པ་གང་བྱོར་གསན།རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་འཆད་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ།རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན།སྡེ་སྣོད་གསུམ་དང་ཤིང་རྟ་ཆེན་པོའི་གཞུང་རྣམས་ཕལ་ཆེར་ཐུགས་ལ་བཟུང་བས་བོད་དུ་སྐྱེས་པའི་མི་ཞིག་ལ་ཤ་ར་བ་ཆེན་པོ་ལས་མཁྱེན་རབ་རླབས་ཆེ་བ་མེད་ཅེས་བཀའ་གདམས་གོང་མའི་གསུང་བསྒྲོས་ལས་འབྱུང་ཞེས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་༼ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་༽ལས་གསུངས།

ཤ་ར་བའི་ཞལ་ནས་ཁོ་བོས་བཀའ་གདམས་སྐུ་མཆེད་རིན་པོ་ཆེ་གསུམ་ལ་བརྟེན་ཅིང་དེའི་ནང་ནས་ཀྱང་དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོ་ཉིད་ལ་བརྟེན།གཞན་དག་དགེ་ཚུལ་གྱི་མཁན་སློབ་མ་གཏོགས་བླ་མ་གཞན་མ་བསྟེན།དགེ་བཤེས་པོ་ཏོ་བ་ཆེན་པོ་ནི་ལོ་བཅོ་བརྒྱད་ཀྱི་བར་དུ་བསྟེན་ཏེ་མི་མཉེས་པ་སྐད་ཅིག་ཀྱང་བྱེད་མ་མྱོང་གསུང་།ཤ་ར་བ་ཞལ་བཞུགས་དུས་པ་ཚབ་ལོ་ཙཱ་བ་རྒྱ་གར་དུ་བྱོན་ཏེ་སློབ་དཔོན་ཟླ་བ་གྲགས་པར་གསོལ་བ་ཤུགས་དྲག་རྒྱུན་རིང་བཏབ་པས་ཞལ་གཟིགས་ནས་བྱིན་གྱིས་བརླབས་ཏེ་དབུ་མའི་ལྟ་བ་ཐུན་མོང་མ་ཡིན་པ་རྟོགས།བོད་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ལྟ་བ་དར་ན་ཅི་མ་རུང་དགོངས་ནས་དབུ་མ་འཇུག་པ་བསྒྱུར། དེ་དོན་གྱི་འཕྲིན་ལས་མཛད་ཀྱང་མང་པོས་ཆད་ལྟར་སྨྲས་ནས་འཕྲིན་ལས་བཀག་པ་ལ་ཤ་ར་བས་དབུ་མའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སོགས་ལས་བརྩམས་པའི་དྲི་བ་བསྐུར་བར་པ་ཚབ་ལོ་ཙཱ་བས་ལན་ཞིབ་ཏུ་ཕུལ་བས་ཐུགས་མཉེས་ཏེ་དགེ་འདུན་སུམ་སྟོང་ལ་ཉེ་བའི་ཚོགས་དབུས་སུ་སྤྱན་ཆབ་གསིལ་ཞིང་བུ་རམ་ཕྱག་གིས་གང་གཅོགས་གནམ་དུ་གཏོར་ནས་ཀླུ་སྒྲུབ་ཡབ་སྲས་མཆོད།པ་ཚབ་ལོ་ཙཱ་མཆོད་སོགས་གསུངས་ནས་བསྔགས་བརྗོད་མང་དུ་མཛད་པས་སྨྲ་བ་ངན་པ་རང་ཤུགས་ཀྱིས་འགགས།པ་ཚབ་ལོ་ཙཱ་བ་ལ་འཕྲིན་ལས་ཆེས་ཆེར་འཕེལ་བར་གྱུར།ཡང་༼ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་༽ལས་དེ་དུས་པ་ཚབ་ལོ་ཙཱ་བས་རང་ཉིད་ཀྱིས་བསྒྱུར་བའི་དབུ་མ་འཇུག་པ་དགེ་བཤེས་ཤ་ར་བ་ལ་གཟིགས་སུ་ཕུལ་བས།ཤ་ར་བ་ཆེན་པོས་ལེགས་པར་གཟིགས་ཏེ།འདི་ལ་འདི་ལྟར་འོང་ཐང་ཞེས་འགྱུར་སྐྱོན་གང་བྱུང་ཐམས་ཅད་བྲིས་ནས་རྒྱ་དཔེ་ལ་ལྟོས་ཞེས་བསྐུར་བ་ན་པ་ཚབ་ལོ་ཙཱ་བས་རྒྱ་དཔེ་ལ་གཟིགས་པས་ཤ་ར་བ་གང་གསུང་བ་དེ་ཁོ་ན་བཞིན་དུ་བྱུང་བས་དགེ་བའི་བཤེས་གཉེན་ཤ་ར་བ་ལ་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཐུགས་ལ་མངའོ་ཞེས་གྲགས་པ་བྱུང་ངོ་ཞེས་དང་མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པའི་༼དགེ་བཤེས་ཤར་བ་བའི་རྣམ་ཐར་༽ལས།འཁོར་ལ་རྗེས་སུ་བསྟན་པ་ནི་ཤེས་བྱའི་དཀྱིལ་འཁོར་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པར་གྱུར་བས་བཀའ་དང་བསྟན་བཅོས་ཕྱོགས་མེད་དུ་གསུང་པར་མཛད་ཞེས་གསུངས་པ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད།ཁྱད་པར་དུ་བཀའ་གདམས་གཞུང་དྲུག་གུང་བསྒྲིགས་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་རྣམས་དམིགས་སྐོར་རེ་རེ་ནས་གཞུང་དྲུག་པོ་དེ་དག་གང་རིགས་ནས་རྒྱས་པར་བཤད་པ་སོགས་བྱང་ཆུབ་ལམ་གྱི་རིམ་པ་རྒྱས་པར་བཤད་པས་སློབ་མའི་ཚོགས་མང་དུ་འདུས།བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཆེ་ཆུང་གཉིས་དང་དགེ་བའི་བཤེས་གཉེན་པོ་ཏོ་བའི་རྣམ་ཐར་ཚིགས་བཅད་མ་སོགས་མཛད།དགུང་གྲངས་བདུན་ཅུ་དོན་གཉིས་པ་ལྕགས་མོ་བྱའི་ལོ་རྒྱལ་གྱི་ཟླ་བའི་ཚེས་ཉེར་དྲུག་ལ་སྐུའི་བཀོད་པ་བསྡུས།སློབ་མ་སྟོང་ཕྲག་མང་པོ་འདུས་པའི་ནང་ནས་བཀའ་བབས་བཞི་སོགས་བསྟན་པ་འཛིན་པའི་སེམས་དཔའ་ཆེན་པོ་མང་དུ་བྱོན་ལ་བཀའ་བབས་བཞི་ནི་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གི་༼རྒྱ་བོད་དུ་བྱོན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་མཚན་ཐོ་༽ལས་ཤ་ར་བའི་སློབ་མ་བཀའ་བབས་བཞི་ནི།བྱང་ཆུབ་སེམས་ཀྱི་བཀའ་བབས་འཆད་ཀ་བ་ཡེ་ཤེས་རྡོ་རྗེ།རྣམ་ཐར་བཀའ་བབས་གཙང་སྣར་ཐང་འདེབས་པ་པོ་གཏུམ་སྟོན་བློ་གྲོས་གྲགས།ལོངས་སྤྱོད་བཀའ་བབས་རྣལ་འབྱོར་བ་ཤེས་རབ་རྡོ་རྗེ།འཕྲིན་ལས་བཀའ་བབས་སྟབ་ཁ་བ་དར་མ་གྲགས་དང་བཞིན་ཡིན་ཟེར་རོ་ཞེས་གསུངས་པ་ལྟར་རོ། དེ་ལྟ་བུའི་བཤེས་གཉེན་ཆེན་པོ་ཤ་ར་བ་གང་ཉིད་ནི་མཁྱེན་རབ་འགྲན་ཟླ་དང་བྲལ་ཞིང་བཀའ་དང་བསྟན་བཅོས་མང་པོ་ཐུགས་ན་མངའ་བ་སྔོན་ནས་གྲགས་པ་ཞིག་ཡིན་ནོ། །

ཡང་གོང་གི་འཕྲོས་ལས་རོང་ཟོམ་པཎྜི་ཏའམ་རོང་ཟོམ་ཆོས་ཀྱི་བཟང་བོ་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པ་རབ་བྱུང་དང་པོར་གཙང་རུ་ལག་སྨད་ཀྱི་ཆ་སྣར་ལུང་རོང་ཞེས་པར་རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱི་སྲས་སུ་འཁྲུངས།མཁྱེན་པའི་ཡོན་ཏན་གཞན་ལས་མཆོག་ཏུ་མངའ་ཞིང་བྱིས་དུས་ནས་ལེགས་སྦྱར་སྐད་དང་ཆོས་ཀྱི་འབེལ་གཏམ་མཛད་པ་བྱུང་།འགར་སྟོན་ཚུལ་ཁྲིམས་བཟང་བོ་བསྟེན་ནས་གསན་བསམ་མཛད།ལོ་བཅུ་གཉིས་པ་ལ་མཚན་ཉིད་དང་ཚད་མའི་རིགས་ལམ་སོགས་སྦྱངས།བྱིས་པའི་དུས་སུ་སྨྲ་སྒོའི་འགྲེལ་བ་སོགས་བསྟན་བཅོས་བརྩམས།ཤེས་རབ་ཟབ་ལ་མྱུར་བས་མདོ་རྒྱུད་བསྟན་བཅོས་མང་པོ་ཚར་རེ་གཉིས་གཟིགས་པས་ཚིག་དང་དོན་མ་ལུས་པ་ཐུགས་ལ་ཟིན་པས་མི་བརྗེད་པའི་གཟུངས་ཐོབ་ཅེས་གྲགས་ཤིང་ཁོང་རང་ཉིད་ཀྱི་ཞལ་ནས་བདག་ཐོས་པ་ཆུང་བ་མ་ཡིན་ཏེ།ཆོས་ཐམས་ཅད་ལ་མ་ཐོས་པ་མེད་དོ།ཐོས་པ་ཆེ་བ་ཡང་མ་ཡིན་ཏེ་ཆོས་ཕལ་ཆེར་ལ་ཚར་རེ་ལས་མ་ཐོས་ཞེས་གསུངས་སྐད།རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཛྙཱ་ན་དང་ཨུ་པ་ཡ་ཤྲཱི་མི་ཏྲ་སོགས་པཎྜི་ཏ་མང་པོ་བསྟེན་ནས་དེ་དག་གི་ལོ་ཙཱ་བ་ཡང་མཛད།རྡོ་རྗེ་འཇིགས་བྱེད་དང་།གཤིན་རྗེ་ནག་པོ་དགྲ་རྒྱུད།འཇམ་དཔལ་སྔགས་དོན་དང་བདེ་མཆོག་རྩ་རྒྱུད་སོགས་མང་དུ་བསྒྱུར།(ད་ལྟ་ཁོང་གི་གསུང་འབུམ་དུ་བཞུགས་པ་ལ་༼འཇམ་དཔལ་ཁྲོ་བོ་སྔགས་ཀྱི་དོན་གྱི་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ་༽ཞེས་པ་མ་གཏོགས་འགྱུར་གཞན་དག་མེད་པ་འདྲ།)ཡབ་དང་ཡ་ཟི་བོན་སྟོན།མདོ་སྟོན་སེངྒེ་རྒྱལ་མཚན་སོགས་ལས་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་ཆོས་བཀའ་རྣམས་གསན་ཅིང་སྒྱུ་འཕྲུལ་ཊཱིཀ་དཀོན་མཆོག་འགྲེལ་དང་དམ་ཚིག་མདོ་རྒྱས།རྫོགས་ཆེན་ལྟ་སྒོམ་མན་ངག་ཐེག་ཆེན་ཚུལ་འཇུག་སོགས་བསྟན་བཅོས་མང་པོ་མཛད།ནམ་མཁར་འཕུར་བ་དང་བྲག་ལ་ཕུར་བུ་འདེབས་པ།ལྷ་འདྲེ་བྲན་དུ་བཀོལ་བ་སོགས་གྲུབ་པའི་རྣམ་ཐར་མང་།དགུང་ལོ་བརྒྱ་དང་བཅུ་དགུར་བསྙུན་མེད་པར་གཤེགས་ཞེས་ཁོང་གི་རྣམ་ཐར་ཁག་ལས་འབྱུང་ཞིང་ཁོང་གི་སྐུའི་སྐྱེ་བ་སྔོན་མ་ལ་བཤད་ཚུལ་མི་འདྲ་བ་འགའ་ཞིག་ཡོད་པ་ལ་འཇུ་མི་ཕམ་པས་མཛད་པའི་༼རོང་ཟོམ་གསུང་འབུམ་དཀར་ཆག་མེ་ཏོག་ཕྲེང་བ་༽ལས་ཡབ་སོགས་སྐྱེ་བོ་ཁ་ཅིག་གིས་པཎྜི་ཏ་སྨྲི་ཏི་ཛྙཱ་ནའི་སྐུའི་སྐྱེ་བ་དེ་མ་ཐག་པ་ཡིན་པར་གླེང་།ཁ་ཅིག་གིས་པཎྜི་ཏ་ཕྲ་ལ་རིང་བ་ཞེས་པ་བོད་དུ་བྱོན་པ་དེའི་སྐུ་སྐྱེར་གླེང་ཞེས་གསུངས་ཤིང་།དཔལ་ལྡན་ས་སྐྱ་བའི་མཁས་པ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་༼ཆོས་འབྱུང་རྒྱ་མཚོའི་གྲུ་གཟིངས་༽ཞེས་པའི་ཁ་སྐོང་ལེགས་བཤད་ནོར་བུའི་བང་མཛོད་དུ་པཎྜི་ཏ་ཕྲ་ལ་རིང་བས་རོང་པ་ཆོས་བཟང་དུ་གྲོང་འཇུག་བྱས་པས།རོང་པས་ཆོས་མང་པོ་དོལ་ཤེས་སུ་བྱུང་ཞེས་གསུངས་པ་ལས་པཎ་ཆེན་སྨྲི་ཏིའི་སྐྱེ་བར་འདོད་ཚུལ་གཅིག་དང་པཎྜི་ཏ་ཕྲ་ལ་རིང་བའི་སྐྱེ་བར་འདོད་ཚུལ་གཅིག ཡང་ཁོང་གི་རྣམ་ཐར་དུ་མཉམ་མེད་ཇོ་བོ་ཆེན་པོ་རོང་གི་ཆུ་ཚན་ཁར་བཞུགས་པར་མཇལ་ཞིང་རྒྱ་སྐད་དང་ཆོས་གཏམ་སྨྲ་བ་སོགས་ཞུས་པས་ཇོ་བོ་ཆེན་པོས་བརྟག་མཐར་ཨཱ་ཙརྱ་ནག་པོ་སྤྱོད་པ་ཆེན་པོ་དེ་ཉིད་ཚེ་འཕོས་མ་ཐག་པ་འདི་ཡིན་ཞེས་གསུངས་པས་ནག་པོ་སྤྱོད་པ་ཆེན་པོའི་སྐུའི་སྐྱེ་བར་འདོད་ཚུལ་གཅིག་སོགས་ཡོད་ལ།འདིའི་སྐོར་འགོས་ལོ་གཞོན་ནུ་དཔལ་གྱི་༼དེབ་ཐེར་སྔོན་པོ་༽རུ་གསལ་བོར་བཀོད་ཡོད།འཇམ་མགོན་ཤེས་རབ་རྒྱ་མཚོའི་༼རྗེ་བདག་ཉིད་ཆེན་པོ་སོགས་ཀྱི་སྐུ་བརྙན་འགའ་ཞིག་གི་ལོ་རྒྱུས་ཅུང་ཟད་བརྗོད་པ་མཉན་པར་འོས་པའི་གཏམ་གྱི་ཕྲེང་བ་༽ལས་ཁ་ཅིག་གིས་སྨྲྀ་ཏི་ཁམས་སུ་སྐུ་འདས་ཏེ་གཙང་སྨད་རོང་དུ་སྐུ་འཁྲུངས་པ་རོང་ཟོམ་ཆོས་བཟང་ཡིན་ཟེར་ཀྱང་བཀའ་འགྱུར་གྱི་ལུང་གི་རྒྱུད་ཡིག་ཏུ་རོང་ཟོམ་གྱིས་སྨྲྀ་ཏི་ལ་ཆོས་གསན་པར་བཤད་པས་ལོ་རྒྱུས་དེ་མ་དག་པ་འདྲའོ་ཞེས་གསུངས་པས་བཞེད་ཚུལ་འདི་དག་ལས་འདི་ཡིན་འདི་མ་ཡིན་གྱི་ཁ་ཚོན་གཅོད་རྒྱུ་བདག་འདྲའི་མཐོང་ཐོས་དམན་པ་དག་གི་ལས་མ་ཡིན་པས་ཤེས་ནས་སྨྲ་བ་དག་གི་དཔྱད་གཞི་ཙམ་དུ་ཕུལ་བ་ཡིན།ཡང་༼འབྲས་སྤུངས་ཆོས་འབྱུང་༽སོགས་སུ་རོང་ཟོམ་་ཆོས་བཟང་མཆོག་ནི་འབྲས་སྤུངས་ཕྱག་འདེབས་པ་པོ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པའི་འཁྲུངས་རབས་ལས་ཡར་བརྩིས་པའི་སྐུ་ཕྲེང་དྲུག་པ་ཡིན་པར་བཞེད།མདོར་ན་པཎྜི་ཏ་ཆེན་པོ་རོང་ཟོམ་པ་གང་ཉིད་ནི་མཁྱེན་དཔྱོད་དང་ཐོས་བསམ་གནང་ཚུལ་འགྲན་ཟླ་དང་བྲལ་བ་ཞིག་ཡིན་པས་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་༼དེབ་ཐེར་སྔོན་པོ་༽ལས་བསྔགས་པ་རྒྱ་ཆེར་མཛད་པ་དེ་བཞིན་ཡིན་ལ་སློབ་མར་གྱུར་བ་ཡང་གོ་རུབ་ལོ་ཙཱ་བ།མར་པ་དོ་བ།འགོས་ལ་སོགས་ལོ་ཙཱ་བ་བཅུ་བདུན།གཡག་རྡོ་རྗེ་འཛིན་པ་སོགས་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ།རྗེ་དགོན་ཕུ་བ་སོགས་སྒོམ་ཆེན་རྣལ་འབྱོར་དབང་བོ་བརྒྱ་དང་བརྒྱད་ཅུ།ཡོལ་ལྕགས་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང་།ཡང་ཁྱེད་བླ་མ་སོགས་གདུགས་ཐོགས་ལྔ་བརྒྱས་མཚོན་སློབ་མའི་ཚོགས་མང་དུ་བྱུང་བར་བཤད་དོ།མདོར་ན་སྐྱེས་བུ་དམ་པ་འདི་དག་གི་རྣམ་པར་ཐར་བ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་སྒྲུག་ནས་འདིར་བཀོད་པའི་ཀུན་སློང་ནི་གོང་དུ་སྨོས་ཟིན་ལྟར་ཁོང་རྣམ་གཉིས་ནི་བཀའ་བསྟན་འགྱུར་ཐུགས་ཐོག་ན་ཡོད་པའི་བོད་ཀྱི་མཁས་པ་ཕུལ་དུ་བྱུང་བ་ཡིན་གསུངས་པས་ཚིག་འདིས་ཡིད་དྲངས་ཤིང་ཁོང་རྣམ་གཉིས་ཀྱི་མཁྱེན་རབ་ལ་ཧ་ལས་པ་དང་དད་པས་ཡིད་སྐྱོམ་སྟེ་རང་དང་བསྐལ་བ་མཉམ་པ་དག་ལ་ཕྱོགས་སྟོན་ཙམ་དུ་ཕུལ་བ་དང་འདི་དང་འདི་ལྟ་བུའི་བོད་ཀྱི་མཁས་པ་རྣམས་ཀྱི་བསླབ་པ་དོན་གཉེར་གྱི་ཐུགས་རུས་དང་སྤོབས་པ་སོགས་ལ་གོང་བཀུར་ཙམ་དུ་མ་ཟད་རྒྱུས་ལོན་དང་ཞིབ་འཇུག་ཟབ་མོ་རེ་བྱས་ན་ཕན་པའི་གནས་མང་དུ་ཡོད་ངེས་སྙམ་དུ་རྣམ་ཐར་དང་ཆོས་འབྱུང་གི་ཡི་གེ་འགའ་རེ་ལས་བཏུས་པ་ཡིན་ལ་ད་ལྟའི་ཆར་སློབ་གཉེར་བ་དག་ལ་མཚོན་ན་ཡང་དོན་གྱི་རྒན་པོ་ཚིག་གི་མཁར་བ་བརྟེན་ཕྱིར་གཞུང་ཚིག་བློར་འཛིན་དགོས་པའི་གནད་འདི་ལ་དོ་སྣང་ཆེར་མི་བྱེད་པ་དང་ཟླ་རེར་ཤོག་ལྡེབ་འགའ་རེ་བློ་ཟིན་པ་ཡང་ཧ་ཅང་དཀའ་བ་སོགས་ཀྱི་ཚུལ་ལ་བསམ་ན་སྔོན་བྱོན་དམ་པ་དེ་དག་གི་མཛད་པ་ལ་ཡི་མི་རང་བ་དང་མཁྱེན་དཔྱོད་ལ་སེམས་མི་དད་པའི་བློ་དང་ལྡན་པ་ཞིག་གང་ན་མཆིས།ལྷག་པར་ཡུལ་དུས་ཀྱི་དབང་གིས་ཕྱི་རོལ་གྱི་ཁྲ་ཁྲ་རིག་རིག་དང་རྫས་འཕྲུལ་མང་པོས་སེམས་བསླུས་ཏེ་བློ་འཛིན་སྐྱོར་སྦྱོང་ལ་ཡིད་སུན་ཅིང་ཆུ་ཚོད་གཅིག་གཉིས་ཙམ་གྱི་ཡུན་ལ་སྐྱོར་སྦྱོང་བྱེད་པར་སྒྱིད་ལུག་པའི་སྣང་ཚུལ་འདི་དག་ལ་བསམ་ན་བཀའ་བསྟན་འགྱུར་ཐུགས་ཐོག་ན་ཡོད་པའི་སྐྱེས་བུ་དམ་པ་འདི་དག་ལ་མོས་གུས་ཙམ་མི་བྱེད་ལ་རྗེས་དྲན་ཙམ་ཡང་མི་ཞུ་ན་ང་ཚོས་རླབས་ཆེན་གྱི་མི་སྣ་ཟེར་བ་དེ་གང་ནས་འཚོལ།ང་ཚོས་ཡ་མཚན་པའི་མཁྱེན་རབ་དེ་གང་ལ་ཟེར།

གང་ལྟར་རང་བློ་རྨོངས་པའི་དྲན་ཚོད་ཙམ་དུ་འདི་ལྟར་བྱུང་སྟེ་རང་གི་བརྗེད་ཐོ་ལྟ་བུ་དང་གཞན་ལ་གསལ་འདེབས་ཙམ་དུ་བྲིས་པ་ལ་ནོར་བའི་ཆ་མཆིས་ངེས་ལགས་པས་ནོངས་པ་བཟོད་ཅིང་དག་པར་འདོམས་པའི་རེ་སྐུལ་དང་བཅས་ཆོས་སྡེ་ཆེན་པོ་ཀླུ་ཚང་དགོན་གྱི་སློབ་གཉེར་བའི་གྲལ་མཐའ་ཙམ་འཛིན་པ་ཕྱག་ཤུལ་སྤྲུལ་མིང་བས་སྤྱི་ལོ་༢༠༢༡ལོའི་ཧོར་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་རང་ཤག་ཏུ

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།