མུ་ཏོ་ཟམ་འཕེན་མ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-13 09:42:05     རྩོམ་པ་པོ།   ཀླུ་ཤོད་སྙིང་དཀར།    ཀློག་ཐེངས།  

ཁྱོད་ཀྱིས་ཐང་སྟོང་རྒྱལ་བོ་ཞེས་པ་ཞིག་གོ་མྱོང་བ་ལས་མུ་ཏོ་ཟམ་འཕེན་མ་ཞེས་པའི་སྐྱེས་ཆེན་ཞིག་གི་མཚན་ཟུར་ཙམ་ཡང་གོ་ཡོད་མེད་མི་ཤེས་མོད། ཡིན་ནའང་བླ་བྲང་བཀྲ་ཤིས་འཁྱིལ་ནས་བླ་མ་ཟམ་པ་བསྐྲུན་མཁན་ཞིག་བྱུང་མྱོང་། དེ་ནི་མདོ་སྨད་ཀླུ་ཤོད་དུ་འཁྲུངས་ཤིང་མཚན་ལ་མུ་ཏོ་རྒྱ་མཚོ་དོན་ལྡན་ཞུ།ཁོང་ནི་བླ་བྲང་དགོན་པའི་སྡུད་ནག་ཅན་ལྔ་བརྒྱ་ཞེས་བགྲངས་སྲོལ་ཡོད་པ་ལས་དམེ་ཤུལ་མུ་ཏོ་སྐུ་ཕྲེང་དང་བོ་ཡིན།

ཁོང་ནི་ནང་ཆེན་གྱི་གཡེང་བས་ཐུགས་སུན་པས་དབུས་སུ་ཕེབས་ཤིང་གནས་ངེས་མེད་རི་ཁྲོད་འགྲིམས་ནས་སྒྲུབ་པ་ཉམས་ལེན་ལ་གཞོལ་བའི་རྣལ་འབྱོར་བ་ཞིག་ཡིན།ཟིང་ཟིང་གི་ལོངས་སྤྱོད་ལ་དགྱེས་པ་སྤུ་ཙམ་བྲལ་བའི་དབང་གིས་དབོན་པོས་ཀྱང་ནང་ཆེན་བདག་བྱེད་མི་དགོས་པའི་ཁས་ལེན་དམ་བཅའ་བྱས་ཏེ་ཕྱིར་གདན་འདྲེན་ཐུབ་པ་བྱུང་།ཡིན་ནའང་ཁོང་ནི་སྔར་བཞིན་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མ་ཕྱིན་པར་ཙ་ཡུས་ཨ་ལགས་སོགས་བླ་མ་དགེ་བའི་བཤེས་གཉེན་རྣམ་པའི་གསུང་གི་བདུད་རྩི་ཁོ་ནས་ཡིད་ཚིམས་པར་གནང་མཁན་ཞིག་ཡིན་ལ་བླ་མའི་རྣམ་ཐར་མཛད་མཁན་གྱི་རྩོམ་པ་བོ་ཞིག་ཀྱང་ཡིན།དེར་མ་ཟད་ཡིག་དྲུག་གི་འཕྲིན་ལས་རྒྱ་ཆེར་སྤེལ་མཁན་ཞིག་ཡིན།

ཁོང་ནི་སྐྱབས་མཆོག་འཇིགས་མེད་དབང་བོ་དང་དུས་མཉམ་པའི་སྐྱེས་ཆེན་ཞིག་ཡིན།ཁོང་ནི་གྲུབ་ཆེན་ཐང་སྟོང་རྒྱལ་བོས་མ་འགྲུབ་པའི་མཛད་འཕྲིན་གྱི་འཕྲོ་སྐྱོང་བར་བསམ་བཞིན་བྱོན་པའི་སྐལ་ལྡན་རྗེས་སུ་འཛིན་པའི་བཟོ་བསྐྲུན་པ་ཞིག་ཡིན།ཁོང་གིས་སྡེ་ཁྲི་རིན་པོ་ཆེའི་བཀའ་གསུང་སྤྱི་བོའི་རྒྱན་དུ་བཞེས་ནས་བཀྲ་ཤིས་འཁྱིལ་གྱི་ཟམ་པ་སོགས་ཟམ་ཆེན་དགུ་ཙམ་འཕངས་མྱོང་།བརྒལ་བས་དཀའ་བའི་ཆུ་ལ་ཟམ་པ་བཞེངས་ནས་འགྲོ་རྣམས་བདེ་ལ་འགོད་ཕྱིར་བསྔོ་སྔོན་གྱི་ཚུལ་དུ་སྙན་ངག་རྩོམ་མཁན་ཞིག་ཀྱང་ཡིན།

ང་ཚོས་བསམ་དགོས་པ་ཞིག་ལ་ལུང་གིས་ཟིན་པའི་གདན་ས་བཀྲ་ཤིས་འཁྱིལ་བ་ན་གདུལ་བྱ་རེ་རེའི་མགོན་དུ་བྱོན་པའི་མཁས་གྲུབ་གཉིས་འཛོམས་ཀྱི་དམ་པ་ཤིན་ཏུ་མང་ནའང་།ནང་ཆེན་གྱི་གཡེང་བས་ཐུགས་སུན་ཞིང་ནོར་གྱི་སླད་དུ་ནོར་མི་འཚོལ་བར་རྒྱུ་འབྱོར་གྱི་འཁོས་ཀ་ཞན་པའི་ཁོང་ལ་སྡེ་ཁྲི་རིན་པོ་ཆེས་ཟམ་པ་འཛུགས་པའི་ལས་གཞི་འདི་སྤྲོད་དོན་ཅི།འདི་ལྟར་ང་ཚོས་བསམ་བློ་བཏང་ཚེ་སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་ཆོག་ན་དམེ་ཤུལ་མུ་ཏོ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་བོའི་སྤྲུལ་བ་ཡིན་ཞེས་པའི་དད་ལྡན་མང་ཚོགས་ཀྱི་དད་པ་དག་སྣང་དེའང་ཇི་འདྲའི་མིའི་རིགས་ལ་ཡོད་དགོས་པའི་བསམ་བློ་སྤུས་གཙང་ཞིག་རེད་ཨང་སྙམ།

མདོ་སྨད་ཆོས་འབྱུང་སོགས་དེབ་ཐེར་གྱི་གླེགས་བམ་རེ་གཉིས་ཀྱིས་མ་བཏང་མ་བརྗེད་པར་སྲུང་ཡོད་པའི་ཁོང་ཉིད་ནི་བོད་ཀྱི་རླབས་ཆེ་བའི་བཟོ་བསྐྲུན་པ་དང་སྙན་ངག་པ་ཞིག་ཡིན་པར་མ་ཟད་བླ་ཆེན་གྱི་མཚན་་སྙན་མི་དགོས་པའི་བླ་མ་ཆེན་པོ་ཞིག་གོ།

ཆབ་ཆར་འགྲོ་བའི་ལམ་བར་ནས་རྩ་བའི་བླ་མ་དྲན་ཞོར་དད་འབངས་ཀླུ་ཤོད་སྙིང་དཀར་གྱིས་རང་ཡུལ་གྱི་སློབ་ཆུང་འགྲིམས་པའི་བྱིས་པ་ཚོར་རྗེ་འདི་བའི་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་རྗེ་བརྗེད་མི་ཉན་པའི་བགས་ཆགས་ཕྲན་བུ་རེ་འཇོག་སླད།

         2020.1.16ཉིན།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།