མཎ་ཌལ་རི་ཁྲོད་གྱི་མཐོང་སྣང་།
2019.3.4 ཉིན་ཁོང་ཨ་ཁུ་དཔལ་ལྡན་རིན་པོ་ཆེ་ཡིས་གནང་བའི་དབུ་མའི་སྟོང་ཐུན་གྱི་ཆོས་མཚམས་ཡིན་པས། ངས་བླ་བྲང་དགོན་པར་ཕྱི་སྐོར་ཞིག་བྱས་རྗེས།ཨ་ཁུ་རྒྱ་གྲོལ་མཆོག་གི་བཞུགས་སར་སོང་ནས།བླ་བྲང་དགོན་པའི་རི་ཁྲོད་ལྔའི་ལོ་རྒྱུས་དྲིས།
རི་ཁྲོད་དེ་དག་གི་ལོ་རྒྱུས་ཐོས་པས་བདག་ལ་སྔོན་མ་ནས་རི་ཁྲོད་དེ་དག་ལ་འགྲོ་འདོད་ཡོད་པ་ལ་སླར་ཡང་སྐུལ་མར་གྱུར་ནས། གནས་ཆེན་མཎ་ཌལ་རི་ཁྲོད་འདིར་མཇལ་བར་འགྲོ་འདོད་ཞུས་རྗེས།ཆོས་གྲོགས་ལུང་རྟོགས་དང་ངེད་གཉིས་བླ་བྲང་དགོན་པའི་ཤར་ཕྱོགས་མཎ་ཌལ་ཀླད་ཅེས་པར་ལམ་ལ་ཆས།
མདུན་རིའི་སྨད་ཙམ་ནས་རི་ངོས་སུ་འགོས་ཤིང་།སྤང་རིའི་ཀླད་དུ་ཐོན་དུས་བདག་གིས་མཐོང་སྣང་ལ་མངོན་པ་ནི། དབེན་གསུམ་འདུ་འཛི་དང་བྲལ་བའི་གནས་མཆོག རྒྱབ་རི་མཐོ་ཞིང་མདུན་རི་བརྗིད་པ། ཚེ་འདི་བློས་བཏང་གི་བྱ་བྲལ་མང་པོ་བཞུགས་ས།མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་པོ་བྱོན།
སྐྱབས་མགོན་འཇམ་དབྱངས་བཞད་པ་ཡབ་སྲས་ཀྱི་བཀའ་གསུང་ཐུགས་ལ་བཟུང་ཞིང་། ངུར་སྨྲིག་འཛིན་པའི་བྱ་བཏང་གི་རི་ཁྲོད་པ་བརྒྱ་ཕྲག་མང་པོས་ལོ་ཟླ་དུ་མར་དཀའ་སྤྱད་ངང་ནས་ཀློག་པ་ཐོས་བསམ་དང་།སྤོང་བ་བསམ་གཏན་གྱི་ལས་ལ་གཅིག་ཏུ་གཞོལ་བའི་དམ་པ་གང་གང་བྱོན་བཞུགས་མཛད་པ་ནི།བསྐལ་དོན་དུ་གྱུར་བའི་དབེན་གནས་བྱ་བཏང་གི་གནས་མཆོག་མཎ་ཌལ་རི་ཁྲོད་འདིའི་རྟོགས་དཀའ་བའི་ལོ་རྒྱུས་ནི་གསང་བའི་གླེགས་བམ་ཁྲོད་དུ་སྦས་ཤིང་། དུས་འགྱུར་སྲིན་པོས་ཁྱུར་མིད་བྱས།
ད་ལྟ་ལོ་རྒྱུས་ཀྱི་མི་འགྱུར་བའི་རྡོ་རིང་ལ།འདུ་ཁང་གི་གྱང་རོ་དང་འདུ་ཁང་གི་སྒོ་འགྲམ་གཡས་གཡོན་གྱི་གྱང་གསེང་ན་ལུས་པའི་གདུང་མའི་ཆག་དུམ།གྲྭ་ཤག་ཉི་ཤུ་ལྷགནང་ཆེན་སོགས་ཀྱི་རྗེས་ཤུལ་རྣམས་ཀྱིས་བདག་དང་བདག་འདྲ་བའི་དད་ལྡན་ཁྲི་སྟོང་མང་པོའི་མིག་ལམ་དུ་མངོན་ཞིང་། དེ་རིང་མཐོང་བའི་གྱང་གོག་དང་བརྩིག་རྡོ་རེ་རེ་ཡི།དེའི་སྐབས་ཀྱི་བོད་མི་དད་ལྡན་པ་རྣམས་ཀྱི་བློ་གྲོས་དང་སྤོབས་པ། བརྩོན་སེམས་སོགས་ཅི་འདྲ་ཞིག་ཡིན་པའང་། ཁོ་བོའི་བསམ་ཡུལ་ལས་འདས་སོ།།
རི་ཁྲོད་འདི་ནི་དུས་ནམ་བཏབ་དང་སྤྱི་ལོ་བཅས་མ་ངེས་མོད།གདན་རབས་སོགས་ལས་རི་ཁྲོད་འདི་ནི་གདན་ས་བླ་བྲང་གི་ཁྲི་རབས་བཅུ་དགུ་བ་རྗེ་དཀོན་མཆོག་བདེ་ཆེན་གྱིས་ཕྱག་འདེབས་མཛད། ཁོང་ནི་མཛོད་དགེ་སྨད་ཀྱི་སར་མེ་སྤྲེལ་ལ་རྟགས་མཚན་དུ་མ་དང་བཅས་སྐུ་འཁྲུངས། ལྷ་དང་ཆོས་སྐྱོང་དུ་མའི་ལུང་བསྟན་བཞིན།རྒྱུད་པ་དཔོན་སློབ་ངག་དབང་དཔལ་ལྡན་པའི་སྤྲུལ་སྐུར་ངོས་འཛིན་བྱས། གདན་ས་རང་གི་ཆོས་གྲྭར་ཞུགས་ནས་ཡིག་ཆའི་ཐལ་འཕྲེང་ཟུར་བཀོལ་དུ་མ་དང་། གསེར་ཕྲེང་གི་སྐབས་དང་བོ་བཅས་ཐུགས་འཛིན་མཛད། དབང་ལུང་མན་ངག་དང་བཅས་པའི་མདོ་སྔགས་གཉིས་ཀ་ལ་མཁས་པའི་ཡང་རྩེར་སོན།
དེར་མ་ཟད་ཡུལ་དབུས་ཀྱི་སྒོ་མང་ཆོས་གྲྭར་ལོ་གསུམ་འགྲིམས་ནས་ཕྱིར་གདན་སར་ཕེབས། དེ་ནས་སྐྱབས་མགོན་མཆོག་གི་བཀས་མངགས་པ་བཞིན་དགོན་པ་དུ་མའི་ཁྲིར་བཞུགས།
དེ་མིན་གདན་ས་རང་གི་ཐོས་བསམ་གླིང་དང་།གསང་སྔགས་སྨིན་རྒྱས་གླིང་གི་ཁྲིར་བཞུགས། ཁོང་སྔ་གཞུག་མང་པོར་ཕྱོགས་ཀྱི་དབེན་གནས་དུ་མར་སྒྲུབ་པ་ལ་གཞོལ།
དེ་ཡང་གཙོ་བོ་བདེ་ཆེན་མཎ་ཌལ་ཀླད་དང་།དོམ་ལུང་སྟག་མོ་རྫོང་དུ་བཞུགས། ཞལ་འདོན་དཔེ་གཟིགས་དང་དགེ་སྦྱོང་ཁོ་ནར་འབད། དེ་ཡང་ཡིག་དྲུག་ཞལ་འདོན་གཙོ་བོ་བྱས།
གདན་རབས་ལས། ཕྱོགས་འདི་གར་ཕེབས་ནས་དགེ་བསྐུལ་མཛད་པའི་མ་ཎི་དང་སྨྱུང་གནས་ཀྱི་ཐོ་ཡི་གེར་བྲིས་པ་ལ།ཡིག་དྲུག་ཐེར་འབུམ་ཆེན་པོ་གཅིག་ལྷག་ཙམ་སྣང་། ཞེས་པའོ། །གནས་དེར་གཟིམས་སྤྱིལ་ཡང་བཞེངས། ཕྱིས་སུ་ཀུན་མཁྱེན་བཞི་བས་ཐུགས་བཀོད་ལྟར་འདུ་ཁང་བཞེངས། གཞན་མཁན་པོ་ངག་དབང་དགེ་ལེགས་ཀྱི་གཟིམ་ཁང་ཡང་ཡོད་ཟེར། རྒྱུན་བཞུགས་རི་ཁྲོད་པ་ཉི་ཤུ་ལོང་བ་ཙམ་ཡོད་པར་མདོ་སྨད་ལོ་རྒྱུས་སུ་འཁོད་འདུག
དེ་མིན་སྙན་གྲགས་སྤྲུལ་བའི་སྐུ་བློ་བཟང་ལུང་རྟོགས་ཉི་མ་ཐར་བ་རྩེ་དང་། མཎྜལ་ཀླད། ཙ་ཡུས་མགོ་འདལ་ཤར་རྣམས་དང་གདན་ས་རང་ནས་སྐུ་མཚམས་ཁོ་ནས་བཞུགས་པ་སོགས་སྣང་ངོ་།།
རྐྱེན་གང་ཞིག་དང་སྐྱོན་ཅི་ཞིག་གིས་ལོ་ངོ་དུ་མར་མདོ་སྨད་བླ་བྲང་གི་ཤར་ཕྱོགས་དབེན་གནས་མཎ་ཌལ་རི་ཁྲོད་འདི་ཁུ་སིམ་མེར། དམ་པ་སུ་ཞིག་ལ་རེ་བལྟོས་དང་ངང་སྒུག་བྱེད་པ་བཞིན།དེང་གི་དཔལ་འབྱོར་དང་ལོངས་སྤྱོད་ལ་འཕྲུལ་སྣང་དུ་མཐོང་བའི་བྱ་བཏང་རི་ཁྲོད་པ་རྒན་པོ་ཞིག་གི་རང་ཚུགས་བཞིན།རི་ཁྲོད་འདིའི་རྡོ་བརྩིག་དང་མཁར་གྱང་ཡང་དེ་བཞིན་དུ་བརྟན་བརླིང་ངང་གནས་སོ།།
ངས་སྔོན་བྱོན་རི་ཁྲོད་པ་རྣམས་ཀྱི་མཛད་རྗེས་ལ་སྨོན་ལམ་དང་གསོལ་འདེབས་རེ་བྱས་རྗེས་ཕྱིར་མིག་གིས་བལྟ་བཞིན་ལམ་ལ་ཆས།
ཞེས་མདོ་སྨད་བླ་བྲང་ནས་ཁྲི་རྐང་བསྟན་འཛིན་འཇིགས་མེད་ཀྱིས་བྲིས།
2020.4.7 བླ་བྲང་ནས་བསྐྱར་དུ་བཅོས།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn