དུས་རབས་ཉི་ཤུ་བའི་མི་ལ་རས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-05-27 15:31:59     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

དུས་རབས་ཉི་ཤུ་བའི་མི་ལ་རས་པ།

-----------ལྕང་སྐྱ་རིན་པོ་ཆེའི་རྣམ་ཐར་བཀླགས་པའི་མྱོང་བ་རགས་ཙམ་གླེང་བ།

微信图片_20200527154736.jpg

༄༅། །སྔོན་ཆད་བོད་ལ་མི་ལ་རས་པ་ཟེར་བའི་རྣལ་འབྱོར་བ་ཞིག་སྐྱེས་མྱོང་། ཁོང་ནི་ཚེ་སྟོད་མཐུ་བསྒྲུབས་ནས་མི་རྟ་སོ་ལྔ་བསད་ཅིང་། སེར་བ་ཁང་ཚད་ཅིག་ཕབ་ནས་དགྲ་བོའི་ལོ་ཏོག་བཅོམ། རྐྱེན་དེ་ལས་འགྱོད་དེ། ཆོས་སྒྲུབཤིང་རི་ཁྲོད་འགྲིམ།

ཁོང་གི་མི་ཚེ་བྱ་དང་རི་དྭགས་དང་མཉམ་དུ་ཟད་ཅིང་།ང་སྐྱིད་པ་གཉེན་གྱིས་མ་ཚོར་ཞིང་། ། སྡུག་པ་དགྲ་ཡིས་མ་ཚོར་བར། ། རི་ཁྲོད་འདི་རུ་འཆི་ནུས་ན། ། རྣལ་འབྱོར་བསམ་པ་རྫོགས་པ་ཡིན། ། རྒས་པ་གྲོགས་ཀྱིས་མ་ཚོར་ཞིང་། ། ན་བ་སྲིང་མོས་མ་ཚོར་བར། ། རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ཞེས་གསུངས་པ་ལྟར་ཉམས་སུ་བཞེས། འདི་ལྟ་བུའི་དཀའ་ཐུབ་ལ་སྤྱོད་པའི་རྣལ་འབྱོར་བ་ཤིན་ཏུ་དཀོན།

ཡིན་ཡང་དུས་རབས་ཉི་ཤུ་བའི་ནང་དུ་མཚོ་སྔོན་ཞིང་ཆེན་དུ་མི་ལ་རས་པ་གསར་བ་ཞིག་འཁྲུངས། ང་ཚོས་ཀློག་བཞིན་པའི་རྣམ་ཐར་འདི་ནི་མི་ལ་རས་པ་གསར་བ་འདིའི་རྣམ་ཐར་ཡིན་ལ། རྣམ་ཐར་འདི་མ་བྲིས་པའི་སྔོན་དུ་ཁོང་ཤེས་པའི་མི་ཧ་ཅང་ཉུང་།

ངས་ཁོང་ཉིད་ཐོག་དང་བོར་ཐོས་པ་ནི་ངེད་ཀྱི་བླ་མ་རིན་པོ་ཆེས་ངེད་དགོན་པའི་གྲྭ་བ་སྐོར་ཞིག་ཁོང་གི་མདུན་དུ་རབ་ཏུ་དབྱུང་བར་མངགས་པ་དེ་ནས་ཡིན་ལ། རྗེས་སུ་སྐུ་འབུམ་དགེ་བཤེས་སྐུ་གཤེགས་ནས་ནཱ་རོ་མཁའ་སྤྱོད་མའི་དབང་རྒྱུན་ཆད་ལ་ཉེ་དུས་ཨ་ཚོགས་དགོན་པས་ངེད་ཀྱི་བླ་མ་མརྒེན་ཆོས་རྗེ་རིན་པོ་ཆེར་དབང་ཞུས་པར། ཁོང་གིས་དེང་སང་ནཱ་རོ་མཁའ་སྤྱོད་མའི་དབང་གནང་བའི་བླ་མ་ཚད་ལྡན་ནི་ཨ་ལགས་ལྕང་སྐྱ་མ་གཏོགས་མེད་གསུངས།

 1998ལོར་ལ་མོ་ཡོངས་འཛིན་རིན་པོ་ཆེས་འབའ་རྫོང་ཐང་གཞིས་དགོན་དུ་དུས་འཁོར་དབང་ཆེན་གནང་དུས། ཁོང་བཞུགས་པའི་རི་དེར་ཕྱོགས་ཏེ། རི་ན་གྱི་ཕ་རོལ་ན་བྱང་ཆུབ་སེམས་དཔའ་ཞིག་བཞུགས་ཞེས་ཕྱག་ཕུལ་སྐད།

ཁོང་གི་མིང་ལ་ལྕང་སྐྱ་ཟེར་ཡང་ཆིན་རྒྱལ་རབས་ཀྱི་གོང་མའི་དབུ་བླར་བཞུགས་པའི་ཨ་ལགས་ལྕང་སྐྱ་མིན། འོན་ཀྱང་ཁོང་ལ་ལྕང་སྐྱ་རིན་པོ་ཆེ་དང་འགྲན་བཟོད་པའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་པ་མ་ཟད། མི་ཚེ་རི་ཁྲོད་དུ་འགྲིམ་པའི་རྣལ་འབྱོར་བ་ཆེན་པོ་ཞིག་སྟེ། དུས་རབས་ཉི་ཤུ་པའི་མི་ལ་རས་པ་ཡིན།

ཁོང་གི་རྣམ་ཐར་འདི་མ་བྲིས་པའི་སྔོན་དུ་ཁོང་ནི་མི་ལ་རས་པ་ལྟ་བུའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་སྐྱེས་ཆེན་དམ་པ་རེ་འགས་ཤེས་པ་མ་གཏོགས་མི་མང་བོ་ཞིག་གིས་མི་ཤེས་ཤིང་། ས་ཆ་འདིའི་མི་དག་གིས་རི་མགོ་ན་རི་ཁྲོད་པ་ཞིག་ཡོད་པ་ལས་དེ་མཁས་བཙུན་བཟང་གསུམ་འཛོམས་པའི་སེམས་དཔའ་ཆེན་པོ་ཞིག་ཡིན་པ་སུས་ཤེས།

རྣམ་ཐར་འདི་རུ་ཁོང་གི་རྟོགས་པ་ཆ་ཤས་ཙམ་མ་གཏོགས་བརྗོད་ཐུབ་མེད་མོད། འདི་ལས་ཁོང་ནི་མི་ལ་རས་པ་ལྟ་བུ་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་པ་ཤེས་ཐུབ།

རྣམ་ཐར་འདིས་མི་མང་བོའི་ཡིད་སེམས་དབང་མེད་དུ་འཕྲོག་པ་ནི་འདིའི་བརྗོད་བྱ་ནི་གཞན་དང་མི་མཐུན་པའི་སྐྱེས་བུ་ཆེན་པོ་ཞིག་བརྗོད་པས་ཡིན་ཞིང་། བརྗོད་སྟངས་ཀྱང་དམ་པ་ཁོང་གིས་ཕྱིར་དྲན་གྱི་ཚུལ་དུ་གླེང་བ་ཟིན་བྲིས་ཀྱི་ཚུལ་དུ་བཀོད་ཡོད།

ང་ཚོས་དེབ་འདི་ལས་བལྟས་ན་ཁོང་གི་རྣམ་ཐར་ནི་མི་ལ་རས་པའི་རྣམ་ཐར་ལྟ་བུར་དགའ་ཞིང་སྐྱོ་བའི་བྱུང་རིམ་གྱིས་ཁྱབ་འདུག་པ་མ་ཟད། གཞན་ལས་འཕགས་པའི་ངོ་མཚར་བའི་གཏམ་གྱི་ཕྲེང་བས་ཡིད་ཀྱི་དབང་བོ་འཕྲོག་པར་བྱེད།

ཁོང་དགུང་ལོ་དྲུག་ལ་སོན་པའི་སྐབས་སུ་ཁོ་ཚང་གི་སྒོ་ཁྱིས་དཔོན་ཚང་གི་བུ་མོ་ཞིག་རྨུགས་ཏེ་ཤི་བས་ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་དཔོན་ཚང་གིས་འཁྱེར་བ་དང་། ནད་ཡམས་དྲག་པོ་ཞིག་གིས་ཕ་རྒན་དང་ཕུ་བོ་བཅས་ཁྱིམ་འདིའི་མི་དྲུག་ཤི་བས་སྡེ་བ་ནད་ཡམས་ལ་འཇིགས་ནས་སོ་སོར་བྲོས་ཏེ། ཨ་མ་གཅིག་པུས་བེམ་པོ་དག་གཞན་དུ་སྐྱེལ། ཨ་མས་ཁོང་དང་ཨ་ཅེ་ཁྲིད་དེ་བྲོ་ཁ་སློང་བཞིན་དགོན་སྡེ་སོ་སོར་མཇལ་དུ་སོང་།

ཁོང་ལོ་བཅུའི་སྟེང་འདས་རྒྱུ་རེད་ཅེས་ཨ་མ་སྐྲག་སྟེ་རི་ཁྲོད་པ་ཞིག་ལ་བྱིན། དེ་ནས་རབ་ཏུ་བྱུང་། རི་ཁྲོད་པ་དེས་ཀྱང་ཁོང་སྐྱོང་བར་སྐྲག་ནས་ཡུལ་དུ་བསྐྱལ། ལོ་བརྒྱད་ལ་སླེབས་དུས་ཨ་མའང་སྐྲག་སྟེ་ཡང་རྣལ་འབྱོར་བ་ཞིག་ལ་ཕུལ། དེ་ནས་ཕ་ཡུལ་ད་ཁ་བྲལ་ནས་ཐག་རིང་དུ་བྱོན་ཞིང་། དེ་ནས་རྣལ་འབྱོར་བ་དེས་རྗེས་སུ་བཟུང་ནས་སྐྱབས་འགྲོ་ཉམས་ལེན་བྱེད་ཀྱིན་རི་ཁྲོད་འགྲིམ། ལོ་བཅུའི་སྟེང་ནས་སྨྱུང་གནས་སྲུང་།

དགུང་ལོ་བཅུའི་སྟེང་རྣལ་འབྱོར་བ་དེས་ཁྲིད་ནས་དཀར་མོ་ཕུག་ཅེས་པའི་རི་ཁྲོད་དུ་ཕེབས་ཏེ་ཨོའུ་རྒྱ་རྡོ་རྗེ་འཆང་ལ་མཇལ་བས་དད་པ་དབང་མེད་དུ་གཡོས། ཁོང་ནི་རྣམ་ཐར་འདིའི་རྩོམ་པ་བོའི་སྐུ་ཕྲེང་སྔ་མ་སྟེ། ཁོང་གིས་དགོན་པ་འདེབས་པ་དང་འཁེལ། ཁོང་གིས་བན་ཕྲུག་འདི་ང་ལ་བྱིན། ངའི་གྲྭ་རྒྱུན་གྱི་ཐོག་མ་ཡིན། རྗེས་སུ་དགོན་པ་འདིར་ཕན་ཐོགས་གསུངས་པས་ཁོང་ལ་ཕུལ། ཁོང་གིས་ཁྲིད་པ་བཞིན་དགེ་ལུགས་པའི་ནཱ་རོ་ཆོས་དྲུག་དང་རྩ་རླུང་དང་གཏུམ་མོ་ལ་སྦྱངས། གསང་སྔགས་ཀྱི་བསྐྱེད་རྫོགས་སོགས་ཁྲིད།

དགུང་ལོ་བཅུ་བཞིའི་དགུང་ཁར་ཁོང་གི་དགེ་རྒན་རྣལ་འབྱོར་བ་དེས་ང་རྒྱལ་ལོའི་ཚེས་བཅུ་ལ་བུད་འགྲོ། ཁྱོད་འདིར་མ་འདུག ལྷ་སའམ་བླ་བྲང་ལ་སློབ་གཉེར་ལ་སོངས། འདི་ངའི་ཁ་ཆེམས་ཡིན་གསུངས་ནས། ཉིན་དེར་ཧི་བརྒྱབས་ནས་སྐུ་གཤེགས།

ཁོང་དགུང་ལོ་ཉི་ཤུའི་སྟེང་རྣལ་འབྱོར་བ་དེའི་ཞལ་ཆེམས་བཞིན་བླ་བྲང་ལ་སློབ་གཉེར་དུ་སོང་། ཁོང་ཤེས་རབ་ཆེ་ཞིང་བརྩོན་པ་ལྡན་པས་ཉིན་མཚན་བསྟུ་མར་སློབ་གཉེར་བྱས་ཏེ་རྡོ་རམས་པར་གྱུར་ཅིང་། མདོ་སྔགས་རིག་གནས་དང་བཅས་པ་བྱང་ཆུབ་པའི་དགེ་བཤེས་ཆེན་པོར་གྱུར། ང་བརྒྱད་ལོར་དབང་མེད་དུ་ཐོན་སྐྱེད་ཀྱི་ལས་ཀར་ཞུགས། རྫ་མགོར་སྨན་རྩྭ་འཐུ་བ་སོགས་དཀའ་ངལ་མང་བོ་མྱངས། དཀའ་ངལ་ལས་ཀྱང་ཆེ་བ་ནི་སེམས་ཀྱི་སྡུག་བསྔལ་རེད།

༡༩༦༠ལོར་རྩམ་པ་ཅུང་ཟད་འཁྱེར་ནས་འབོ་རའི་མཁར་ལུང་དུ་བྲོས། རི་མགོར་འཆི་བར་ཐག་བཅད་དེ་རྗེ་ཙོང་ཁ་བའི་བྱང་ཆུབ་ལམ་རིམ་གྱི་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་རིམ་བཞིན་བསྒོམས། ཟས་སུ་རྩྭ་ལྡུམ་དང་བཏུང་བར་གངས་ཆུ་འཐུང་ནས་ཉམས་སུ་བླངས། ཟས་མེད་ན་བཅུད་ལེན་བསྒོམས་ཏེ་ཟས་ཀྱང་ཟ་མི་དགོས་པ་ཞིག་ཏུ་གྱུར། མཚམས་ལ་ལར་ཕྱུགས་རྫི་དད་པ་ཅན་རེ་ལྐོག་ཏུ་ཟ་མ་རེ་སྐྱེལ།

ཁོང་གཞུང་ལུགས་ཀུན་ལ་ནང་བྱ་ཆུད་ཅིང་དཔེ་ཆ་མཐའ་དག་ཐུགས་ན་ཡོད་པས་ཉམས་ལེན་འབའ་ཞིག་ལ་གཞོལ། དབྱར་དགུན་མཐའ་དག་རི་མགོར་བཞུགས་ཏེ། རིམ་བཞིན་རྒན་ཀྱཱའི་བྲག་དཀར་དུ་ཕེབས།

༡༩༦༢ལོར་དགོན་པ་སླར་གསོ་བྱས་པའི་གཏམ་ཐོས་ཤིང་། བླ་བྲང་དགོན་པར་ཕེབས་ཏེ་དགེ་བཤེས་དང་རྒན་པ་བརྒྱ་ལྷག་དང་མཉམ་དུ་བཞུགས། ཅུང་མ་འགོར་བར་རིག་གསར་སླེབས་པས༡༩༧༠ལོའི་བར་དུ་ངལ་རྩོལ་བྱས། འཐབ་རྩོད་དང་དཀའ་ངལ་ཅི་འདྲ་བྱུང་ཡང་བདག་གཞན་མཉམ་བརྗེ་དང་སྡུག་བསྔལ་ལམ་འཁྱེར་སྒོམ་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་ལ་ཉམས་ལེན་བྱས། སྐབས་དེར་སྲིད་གཞུང་གིས་སྤྲང་བོ་མཐའ་དག་གཅིག་ཏུ་བསྡུས་ཤིང་རུ་ཁག་ཅིག་བཙུགས།  ཁོང་དེའི་གྲས་སུ་ཞུགས་ནས་ལས་ཀ་ལས། རྗེས་སུ་སྤྲང་བོ་རྣམས་རང་རང་གི་ཡུལ་དུ་སྐྱེལ་ཅིང་ཁོང་ཡང་མཚོ་སྔོན་གྱི་ཕ་ཡུལ་དུ་ཕེབས།

ཁོང་ཡུལ་དུ་ཕེབས་ནས་ལོ་བཅུ་གཉིས་ལ་རྩྭ་སྲུང་དང་རྐ་སྲུང་ཆུ་སྲུང་སོགས་ཀྱི་ལས་ཀ་བསྒྲུབས་ནས་ལྐོག་ཏུ་ཉམས་ལེན་མཛད། བོད་དུ་དགོན་ཆེན་འགའ་ཆོས་སྒོ་ཕྱེས་པ་དང་ཁོང་བླ་བྲང་ལ་དཔེ་ཆ་འགའི་ཆེད་དུ་ཐེངས་གཅིག་ཕེབས། བླ་བྲང་ནས་བཞུགས་ན་ཁྲི་བ་སོགས་ཀྱི་འགན་འཁུར་དགོས་པས་དེར་གཡོལ་ནས་ཕྱིར་ཡུལ་དུ་ཕེབས་ནས་རི་ཁྲོད་དུ་ཉམས་སུ་བཞེས་དུས་གསེར་ལག་དགོན་པས་ཞུས་ནས་དཔེ་ཁྲིད་དང་གཞི་གསུམ་ལག་ལེན་བཅས་བཙུགས་ཏེ། བསྟན་པ་སླར་གསོ་གནང་།

༡༩༨༤ལོར་རྒྱལ་ལོའི་བཅུ་བདུན་ནས་རི་ཁྲོད་དུ་ཕེབས་ཤིང་གནས་ངེས་མེད་འགྲིམ་ཏེ། ལྷག་པར་རྗེ་བླ་མས། དང་བོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཞེས་གསུངས་པ་ལྟར་ཉིན་མཚན་ངེས་མེད་དུ་ཉམས་ལེན་མཛད།

སྔོན་ཁོང་གིས་མདོ་སྔགས་གཞུང་ལུགས་མཐའ་དག་སྦྱངས་ཤིང་སྦྱངས་པ་དག་ཉམས་སུ་བླངས་པས་གཞུང་གི་གནད་མཁྱེན། ལྟ་བའི་སྒྲོ་འདོགས་ཆོད། ཉམས་ལེན་གྱི་མཐའ་ཆོད་པ་ཞིག་བྱུང་སྟེ་དབེན་པའི་ལུང་སྟོང་དུ་ཉམས་བཞེས་མཛད།

 2003ལོར་ང་ཡང་ཁོང་གི་སློབ་མར་གྱུར་པའི་སྐལ་བ་ལྡན། ཁོང་གིས་མདོ་སྔགས་ཀྱི་གཞུང་གང་ཞིག་གསུངས་ནའང་གོ་སླ་ཞིང་སེམས་ལ་འབབ་པ་ཞིག་ཡིན་པས། དགེ་བཤེས་ཤིག་གིས། འདི་བའི་མདུན་དུ་ཉིན་གཅིག་ལ་ཆོས་ཉན་ཡང་གཞན་ལས་ཟླ་གཅིག་ལ་ཉན་པ་ལས་ཀྱང་ཕན་གསུངས།

ཡིན་ནའང་ཁོང་གི་ཉམས་ལེན་དང་། དཀའ་ཐུབ། བྱང་ཆུབ་སེམས་དཔའི་སྤྱོད་པ་གཞན་སུས་ཀྱང་མི་ཤེས། ཡོན་ཏན་མཚོ་ལྟར་རྒྱས་ནའང་ཅི་ཡང་མི་མངོན་པར་སྦས་པ་འདི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་གྱི་ཁྱད་ཆོས་རེད།

སྔོན་མདོ་སྨད་དུ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ལྟར་ཉམས་ལེན་ལ་གཞོལ་པ། མི་ལ་རས་པ་ལྟར་བཀའ་ཐུབ་་གཞོལ་བ་ཨ་རིག་དགེ་བཤེས་ཆེན་མོ་དང་ཤར་སྐལ་ལྡན་རྒྱ་མཚོ་ལྟ་བུ་བྱུང་མོད། སློབ་མ་རྣམས་ཀྱིས་མི་ལ་རས་པའི་རྣམ་ཐར་ལྟ་བུ་ཞིག་རྩོམ་མ་ཐུབ་པས་ད་ལྟར་མང་བོ་ཞིག་གིས་དེ་ལྟ་བུའི་རྣལ་འབྱོར་བ་བྱུང་བ་ཤེས་ཀྱིན་མེད། འོན་ཀྱང་སྐྱེས་བུ་དམ་པ་དེ་དག་གི་ངག་རྒྱུན་དང་། ཉམས་བཞེས་མཛད་སའི་རི་ཁྲོད། གསུང་མགུར་སོགས་ལས་ཧ་མི་ལས་ག་མེད་ཡིན།

དུས་རབས་ཉི་ཤུ་བའི་མི་ལ་རས་པ་ལྟ་བུའི་ལྕང་སྐྱ་རིན་པོ་ཆེའི་རྣམ་ཐར་ཡང་དེ་བཞིན་ཏེ། ཨོའུ་རྒྱ་རིན་པོ་ཆེས་རྣམ་ཐར་འདི་མ་བརྩམས་ན་ཁོང་ལྟ་བུའི་སྐྱེས་བུ་དམ་པ་ཞིག་བྱུང་བ་སུས་ཀྱང་ཤེས་མི་སྲིད། མཐའ་གཅིག་ཏུ་ཆོས་ལ་གཞོལ་བ་དག་ལ་རྣམ་ཐར་མ་བརྩམས་པས་དེ་དག་སྐུ་གཤེགས་པ་དང་མཚན་ཡང་འཇིག་རྟེན་འདིར་ཡལ།

ཨོའུ་རྒྱ་རིན་པོ་ཆེས་རྣམ་ཐར་འདི་བརྩམས་པ་ནས་ད་གཟོད་མི་མང་བོ་ཞིག་གིས་དུས་རབས་ཉི་ཤུའི་མཇུག་དང་ཉེར་གཅིག་གི་སྟོད་དུ་མདོ་སྨད་དུ་མི་ལ་རས་པ་ལྟ་བུའི་རྣལ་འབྱོར་བ་ཆེན་པོ་ཞིག་བྱུང་བ་ཤེས། དེ་བས་ཁོང་གི་མདུན་དུ་ཕེབས་འདོད་པ་མང་བོ་བྱུང་ཡང་། མི་མང་བོ་ཞིག་ལ་བསོད་ནམས་དམན་པའི་དབང་གིས་དེའི་སྐལ་བ་ཐོབ་མེད།

རྣམ་ཐར་འདིའི་པར་གཞི་དང་བོའི་མིང་ལམི་ཚེ་རི་ཁྲོད་དུ་སྐྱེལ་བའི་རྣལ་འབྱོར་བ་ཟེརཟེར་ཞིང་དེབ་རྗེས་མ་དག་ལ་དཀའ་སྡུག་དང་བྱང་ཆུབཟེར། རྣམ་ཐར་འདི་བརྩམས་པ་ནས་ད་ལྟའི་བར་དུ་བོད་ཡིག་གི་པར་གཞི་མི་འདྲ་བའི་དེབ་བཞི་པར་དུ་བསྐྲུན་ཅིང་། སྔ་ཕྱིར་བསྡོམས་པའི་དེབ་གྲངས་ཁྲི་ལྷག་བརྒལ་བ་དཔར་བ་ནི་བོད་ཀྱི་དཔེ་ཆའི་ཁྲོད་དུ་ཆེས་བྲིན་པའི་དེབ་ཏུ་གྱུར།

བོད་ཡིག་གི་རྣམ་ཐར་འདི་བཀྲམ་པ་ནས་མང་བོ་ཞིག་གིས་རྒྱ་ཡིག་ཏུ་བསྒྱུར་པའི་རེ་བ་བྱེད་ཀྱིན་འདུག་ཅིང་། ད་ལྟ་རྒྱ་ཡིག་ཏུ་བསྒྱུར་པའི་པར་གཞི་གཉིས་བྱུང་ཡོད། གཅིག་ནི་རྣམ་ཐར་གྱི་སྙིང་བོ་དོན་བསྒྱུར་གནང་ཞིང་། གཅིག་ནི་རྣམ་ཐར་ཇི་བཞིན་བསྒྱུར་ཡོད།

རྣམ་ཐར་འདིའི་རྩོམ་པ་བོ་ནི་རྣལ་འབྱོར་བ་ཆེན་པོ་འདིའི་ཐུགས་ཀྱི་སྲས་པོ་ཡིན་པ་མ་ཟད། ཨོའུ་རྒྱ་རྡོ་རྗེ་འཆང་གི་སྐུ་ཕྲེང་བརྒྱད་པ་ཡིན་ཞིང་།དགེ་ལུགས་པའི་དགོན་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་གནང་བས་མཁྱེན་རྒྱ་ཡངས་ཤིང་། པེ་ཅིན་སློབ་ཆེན་དུ་ཞིབ་འཇུག་སློབ་མའི་བསླབ་གནས་ཐོབ་པས་མཐོང་རྒྱ་ཡངས། ལྷག་པར་རྣལ་འབྱོར་བ་ཆེན་མོ་འདིའི་མདུན་དུ་གསང་སྔགས་ཀྱི་གདམས་པ་ཐམས་ཅད་ཉམས་ཁྲིད་ཐོབ་པས་མན་ངན་ལ་དབང་འབྱོར་བ་ཞིག་ཀྱང་ཡིན།

ཁོང་ནི་རྣལ་འབྱོར་བ་ཆེན་མོ་འདིའི་ཐུགས་སྲས་གཅིག་པུ་ཡིན་པས་ཁོང་གི་ཞལ་གསུང་ཁ་བརྡའི་ཚུལ་དུ་འཐོར་བ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཤིང་། མི་གསལ་བ་རྣམས་ཁོང་ལ་སླར་ཡང་འདྲི་རྟོག་མཛད།སྐྱེས་ཆེན་དམ་པ་མང་བོའི་ཞལ་གསུང་རྣམས་ཀྱིས་སྲོག་ཏུ་བྱས། ནང་བའི་གཞི་ལམ་འབྲས་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་མྱོང་བས་ཟུར་བརྒྱན་ཏེ་བྲིས་པ་ཞིག་ཡིན།

དེ་བས་དེབ་འདི་ནི་ཀློག་རིན་ཡོད་པ་དང་བཀླགས་ན་དོན་དང་ལྡན་པ་ཞིག་ཡིན་པས་ངས་ཀྱང་ཐེངས་མང་བོར་བཀླགས་པ་ཡིན། དེ་བཞིན་ཀློག་པ་བོ་རྣམས་ཀྱིས་ཀྱང་ཞིབ་ཏུ་བཀླག་ན་དོན་དང་ལྡན་ཞིང་ཕན་འབྲས་ཆེ་བ་ཞིག་ཡིན་ངེས།

ཞེས་རྣལ་འབྱོར་བ་ཆེན་པོ་གང་གི་སློབ་མའི་གྲལ་མཐར་ཟིན་པ་ཤེས་རབ་བསྟན་དར་གྱིས་༢༠༢༠ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔར་མང་རའི་དགོན་ཆེན་དུ་བྲིས།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།