བླ་བྲང་གི་མཐོང་ཐོས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-02-18 16:00:37     རྩོམ་པ་པོ།   འཆིང་གྲོལ་གྱིས་བརྩམས།    ཀློག་ཐེངས།  

ཕྱིར་འདང་རེ་བརྒྱབ་ན།ང་རང་བླ་བྲང་དུ་ལྡོམ་ནས་ཕལ་ཆེར་ལོ་ངོ་གསུམ་ལྷག་འགོར་ལ་ཉེ།རང་ཉིད་འཚར་ལོངས་བྱུང་སའི་གདན་ས་དང་དགེ་རྒན་རྣམས་དང་ཆོས་གྲོགས་དག་རིང་དུ་བསྐྱུར་ནས་གནས་འདི་འདྲ་ཞིག་ཏུ་ཡོང་དུས།ངས་ནི་ཉི་མ་རེ་རེ་བཞིན་འདས་སོང་གི་ལོ་ཟླ་དེ་དག་ཁོ་ན་ཡིད་ཀྱི་གཏིང་ལ་བསྒོམ་སྟེ།ནམ་ཞིག་ཆེས་སྙིང་ཉེ་ཞིང་གཏམ་རྒྱུད་ཀྱིས་ཕྱུག་པའི་ནེའུ་གསིང་དེར་རང་དབང་གི་འགྲེ་ལྡོག་བྱ་ངེས་སྙམ་བཞིན་ཡོད་ནའང་།དེ་འདྲའི་མ་འོངས་པ་དེར་བསླེབ་རྒྱུ་མེད་པར་འདི་ལྟར་དུས་ཚོད་ཀྱི་མཚེའུ་མུ་ནས་མུ་རུ་རྒྱས་བྱུང་།དྲང་མོར་བཤད་ན།འཁྱམས་ཉུལ་གྱི་ལོ་ཟླ་འདི་དག་ཀྱང་རིན་ཐང་མེད་པ་དང་ཐོབ་པ་ལས་ཤོར་བ་མང་བ་དེ་འདྲ་ཞིག་ཀྱང་རྩ་བ་ནས་མ་ཡིན་ཏེ།རང་ཉིད་ལ་འཁྲི་བའི་ལས་ཀ་དག་འབད་པས་བྱས་ཤིང་།ཕྲག་ཏུ་བབས་པའི་འགན་ཁུར་དག་ལྷག་བསམ་རྣམ་དག་གིས་ཅི་འགྲུབ་ལ་བརྩོན་པའང་།འཁྱམས་ཉུལ་གྱི་འཚོ་བ་ལ་བྱུགས་པའི་དཀར་སེར་དམར་ལྗང་གི་ཁ་དོག་རེ་རེ་ཡིན་ལ།ཤོར་བའི་རྗེས་སུ་ལྷག་པའི་རང་སེམས་གསོ་བྱེད་ཉག་ཅིག་ཀྱང་ཡིན་ནོ། །ད་ནི་ཐོབ་ཤོར་གྱི་གཏམ་རྒྱུད་དེ་དག་རེ་ཞིག་ཕར་ལ་བཞག་ནས།མཐོང་ཐོས་ཀྱི་རི་མོ་སྣ་ཚོགས་གོ་རིམ་དང་ས་བཅད་མེད་པར་གླེང་བར་བྱ་སྟེ།ཡིད་ལ་གང་དྲན་དང་ངག་ནས་ཅི་ཤོར་ཐམས་ཅད་རུལ་མའི་ལག་སྣོད་བཞིན་སློག་འོངས་དུས།ཁྱོད་ཀྱིས་མཚམས་རེར་མངར་མོ་ཀ་ར་ལྟ་བུ་རེ་དང་ལན་རེར་སྐྱུར་མོ་ཕྱུར་རུལ་ལྟ་བུ་རེའང་རྙེད་འོང་ན་ཐང་ངོ་།།

དང་བོ།

ཁྱོད་རང་བླ་བྲང་བཀྲ་ཤིས་འཁྱིལ་ལ་མཇལ་མྱོང་མཁན་ཞིག་ཡིན་ན།ཕལ་ཆེར་མཉམ་བཞག་ཡོད་ལས་ཆེ་སྟེ།དེ་ནི་དགོན་དེའི་ཕྱིའི་ཁོ་ར་ཁོར་ཡུག་གི་བཀོད་པའི་སྐོར་ཡིན།ཕྱོགས་རིས་མེད་པའི་སྒོ་ནས་བཤད་ན།འདི་འདྲའི་ཁོར་ཡུག་གཙང་སིང་ངེ་བ་ཞིག་ཁྱོད་རང་བོད་ཡུལ་གྱི་དགོན་སྡེ་གང་ལ་སོང་ཡང་ཧ་ལམ་མི་རྙེད་པའི་ཚོད་ཡིན།དེ་ནི་དགོན་དེའི་སྲང་ལམ་རེ་རེ་བཞིན་ཕྱི་གཙང་ནང་གཙང་པདྨའི་སྦུབས་ཟེར་བ་ལྟ་བུ་ཞིག་རེད་ཟེར་བ་མིན་མོད།ལྷ་ཁང་འདུ་ཁང་དང་ནང་ཆེན་གྲྭ་ཤག་ཐམས་ཅད་ལ་ཆེས་སྤྱིར་བཏང་བའམ།ཡང་ན་ཆེས་སྤྱིར་བཏང་བ་མིན་པའི་ཁྱད་ཆོས་ཤིག་ཀུན་ནས་འཕྲོས་ཡོད་པས་ཡིན།ང་རང་ལོ་སྔོན་མར་ལྷ་སའི་ཕྱོགས་ཀྱི་དགོན་སྡེ་མང་བོར་ཆེད་དམིགས་ཀྱིས་འགྲིམས་ཤིང་།ད་ལོར་སི་ཁྲོན་དང་མཚོ་སྔོན།ཀན་སུའུ་ཕྱོགས་ཀྱི་དགོན་པ་གྲགས་ཅན་མང་བོར་ཉུལ་བ་ཡིན།དེ་དག་ཞིབ་ཏུ་བསྡུར་ཏེ་བལྟས་ན་རང་སྲུང་དང་རང་ཚུགས་ཀྱི་ཁྱད་ཆོས་མ་བོར་བར་ཡོད་པ་ནི་བཀྲ་ཤིས་འཁྱིལ་ཁོ་ན་རེད་ཅེས་ནའང་ཚད་ལས་བརྒལ་མེད།བཀྲ་ཤིས་འཁྱིལ་བའི་བསྐྲུན་དང་སྐྲུན་བཞིན་པའི་བཟོ་སྐྲུན་གང་ལ་མཚོན་ནའང་།ཕལ་མོ་ཆེ་ནི་བོད་རང་གི་སྲོལ་རྒྱུན་གྱི་ལག་རྩལ་ཅི་རིགས་ལ་བརྟེན་པ་ཤ་སྟག་ཡིན་ལ།རྡོ་དང་ཤིང་གི་རྒྱུ་ཆ་གཙོ་བོར་བྱས་ནས་དེ་ལ་དེང་རབས་ཀྱི་བཟོ་སྐྲུན་རྒྱུ་ཆས་རོགས་འདེགས་བྱས་ཡོད།དེ་བས་ཕྱི་ཚུལ་ནས་བལྟས་ན་ཕལ་ཆེར་དེང་རབས་ཀྱི་བཟོ་སྐྲུན་དམིགས་བསལ་བ་ཞིག་ཕལ་ཆེར་མཐོང་དུ་མེད་ནའང་།གྲྭ་ཤག་སོགས་སུ་ཁྱམས་ཤེལ་ལྟ་བུའི་སྒྲིག་ཆས་ཀྱི་སྐོར་ཡང་གཏན་ནས་མེད་པ་མིན།དེ་ཡང་ལོ་རེ་བཞིན་གསར་སྐྲུན་དང་ཞིག་གསོ་བྱ་ཡུལ་གྱི་ལྷ་ཁང་ནས་གྲྭ་ཤག་བར་གྱི་སྤྱི་སྒེར་གྱི་བཟོ་སྐྲུན་མཐའ་དག་དགོན་པའི་འབྲེལ་ཡོད་ཀྱི་ལས་ཀྱི་སྣེ་མོ་བར་ཐོ་འགོད་བྱེད་དགོས་ཤིང་།ལས་བྱེད་དག་གིས་ཀྱང་ཐོག་མའི་རྩིག་རྟིང་བཟོ་ཚུལ་ནས་མཐའ་མའི་སྐྱང་ནུལ་བྱེད་སྟངས་བར་གྱི་ལས་ཀ་མཐའ་དག་ལ་སྟངས་འཛིན་ནན་མོ་བྱེད་པས།རང་རེའི་དགོན་གྲོང་ཀུན་ལ་ཤུགས་ཆེར་དར་བཞིན་པའི་མདོག་སྣ་ཚོགས་པའི་ལྕགས་ལེབ་དག་གིས་ཁང་ཀླད་འགེབས་པ་ལྟ་བུའི་བཟོ་སྐྲུན་ཡ་མ་བརླ་དེ་འདྲ་རྩ་བ་ཉིད་ནས་འོང་ས་མེད་ལ།ཁྱམས་ཤེལ་ལྟ་བུ་དེ་ཡང་ཅི་འདོད་དུ་བྱ་ཆོག་པ་ཞིག་མ་ཡིན་པར་ཚད་དང་གོ་རིམ་ཡོད་པ་ཞིག་འདུགགཞན་གླིང་བར་སོ་སོའི་ཆེ་ཆུང་གི་ཚད་དང་རྩིག་པ་དག་གི་མཐོ་དམན་གྱི་ཁྱད་ཀྱང་ཅི་འདོད་འདོད་ཅིག་མི་ཆོག་པ་ཡིན།གློག་སྐུད་ཀྱང་ས་ཆ་གཞན་མང་བོ་དང་མི་འདྲ་བར་ས་འོག་ནས་དྲངས་ཡོད་པས་ཁོར་ཡུག་གི་མཛེས་ཆ་འདོན་པར་གྲོགས་དན་ཆེན་པོ་བྱས་ཡོད་མོད།ཕྱོགས་ལ་ལར་སྐུད་པ་རེ་ཟུང་མིག་ཀོང་ལ་སྐྲ་ཉག་བབས་པ་བཞིན་ཧ་ཅང་མི་མཛེས་པར་འཐེན་ཡོད།བསྐོར་མཐའི་མ་ཎི་ཁང་དག་ཀྱང་ཡོན་བདག་དག་གིས་ཅི་འདོད་དུ་བཟོས་ཆོག་པ་མིན་པར།དགོན་གཞུང་ནས་གཅིག་གྱུར་གྱིས་གོ་རིམ་དང་ཚད་གཞི་ཡོད་པའི་སྒོ་ནས་བསྐྲུན་པས།འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས།སྐལ་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་ཞེས་པའང་འདི་འདྲ་ཞིག་མིན་ན་གང་ཡིན་སྙམ་དུ།གདན་ས་དེའི་ཁོ་ར་ཁོར་ཡུག་ལ་མཛེས་སྡུག་སྤེལ་བ་བྱས་ཡོད།ངའི་གྲོགས་པོ་ཞིག་གིས།དགོན་ས་འདི་གཞན་དང་མི་འདྲ་བར་ས་ནོགས་མོ་ཞིག་རེད་ཟེར།དེ་ལ་ངས་དེ་འདྲ་ཞིག་ཨེ་ཡིན་ནམ་ཞེས་པ་ཙམ་ལས་ལན་མ་བྱིན་མོད།རྗེས་སོར་སེམས་ཞིབ་མོས་དཔྱད་པ་ན་དངོས་གནས་དེ་འདྲ་ཞིག་ཡིན་པའི་ཚོར་བའང་སྟེར་ཏེ།རྒྱང་ནས་བལྟས་ན་ས་བབས་ཆུང་ཆུང་ཞིག་ལས་མི་སྣང་ནའང་།དངོས་སུ་སླེབས་ན་དོན་དུ་ར་བསྐོར་ཤིན་ཏུ་ཆེ་བའི་ནང་ཆེན་ཡང་མང་བོ་མཉམ་དུ་ཡོད་པ་དེ་འདྲ་མང་དུ་སྣང་ངོ་།།

གཉིས་པ།

ཕྱིའི་ཁོར་ཡུག་དེ་ཙམ་གླེང་ནས་ད་ནི་ནང་བཅུད་ཀྱི་སེམས་ཅན་ཡང་ཉུང་ཙམ་གླེང་བར་བྱ་སྟེ།དགོན་འདིའི་དགེ་བའི་བཤེས་གཉེན་ཆེན་པོ་དག་གི་རྣམ་པར་ཐར་བ་ནི་ལོགས་ན་གསལ་བ་བཞིན་ལགས་ལ།གྲྭ་ཚང་བྱིངས་ཀྱིའང་སོ་སོ་སྐྱེ་བོའི་ཆུ་བུར་མིག་གི་གཟུང་ཡུལ་ལས་འདས་པའི་སྐྱོན་ཡོན་དག་ནི་འདིར་གླེང་ཐབས་མེད་པས་མི་བསྐྱུར་ཀ་མེད་ལགས་སོ།།

གདན་ས་འདིར་གྲྭ་བ་རྒན་པའམ་ཨ་ཁུ་ལོ་ལོན་ཡང་མང་ཙམ་བཞུགས་ཤིང་དེ་དག་ནི་ཞོགས་པའི་ཚོགས་དང་ཕྱི་དྲོའི་བསྐོར་ལམ་སོགས་ནས་མཇལ་ཐུབ་པ་ཡིན།དུས་ཀྱི་ཐེམ་སྐམ་རེ་རེ་གཟབ་ནན་གྱིས་བརྒལ་རྗེས་ད་དུང་ཡང་འཆར་གཞི་དང་གོ་རིམ་ཡོད་པའི་སྒོ་ནས་འཚོ་བ་ནི་ཁོང་རྣམ་པ་ཡིན་ངེས།དེ་དག་ལས་བདག་གི་ཡིད་ལ་ཡང་ཡང་འཆར་བ་ནི་ཕྱག་གཡས་པ་ཕྱག་རྟེན་ལ་བརྟེན་ཅིང་།གཡོན་པའི་མཆན་ལ་སྟབས་བདེའི་རྐུབ་སྟེགས་ཤིག་བཙིར་ཏེ་དབུགས་འཚང་བཞིན་དང་ཞབས་འཐེང་བཞིན་(གྱོལ་བོ་ནི་མ་ཡིན)བསྐོར་བར་ཕེབས་པའི་ཨ་ཁུ་དེ་ཡིན།ཁོང་སྐུ་ཤ་བརྗིད་ཅིང་སྐུ་མདོག་ཅུང་ནག་ལ།སྤྱན་གཉིས་ནི་སྐར་ཆེན་བཞིན་གསལ་བ་ཞིག་ཡོད།ཁོང་མཐོང་ཐེངས་རེར་ངས་རང་གི་ཨ་ཁུ་བཀའ་དྲིན་གཞལ་བར་དཀའ་བ་ཞིག་ཡོད་པ་དྲན་པར་བྱེད་ལ།ཨ་ཁུ་བཀའ་དྲིན་ཅན་ཁོང་ནི་བདག་གི་དགེ་རྒན་གྱི་དགེ་རྒན་ཡིན་ལ།ང་རང་ཆུང་དུས་ཁོང་གི་གམ་ནས་བསྡད་མྱོང་།ཁོང་སྔོན་ཆད་བླ་བྲང་བཀྲ་ཤིས་འཁྱིལ་བའི་གྲྭ་བ་ཡིན་ལ་དཔེ་ཆ་བའང་གྲགས་པ་ཅན་ཞིག་ཡིན།ཕྱིས་སུ་ཀླུ་ཚང་དགོན་པར་བཞུགས་ནས་འཆད་ཉན་བསྐྱངས་པ་སོགས་སྐུ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན།བདག་གིས་མཚམས་ལན་རེར་ཁོང་བླ་བྲང་དུ་སློབ་གཉེར་ལ་བཞུགས་དུས་ཀྱི་གྲྭ་ཤག་གང་ན་ཡོད་དམ།ཁོང་བརྒྱུད་མྱོང་སའི་ལམ་དང་ཕེབས་མྱོང་སའི་གནས་གང་ཞིག་ཡིན་ནམ་སྙམ་དུ་ཡང་ཡང་བློ་བཟོ་དང་ཚོད་དཔག་བྱས་མྱོང་།

རྡོ་རམས་པ་ཞེས་པ་ནི་བསླབ་གནས་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ལ།དེང་བླ་བྲང་ལ་མཚོན་ན་རྡོ་རམས་པ་བཅུ་ཕྲག་མང་བོ་ཡོད་པ་ཡིན།དེ་ལྟའི་མིང་འདོགས་ནི་ཁྲི་བ་གང་གིས་རྡོ་རམས་པ་གང་དེ་རྡོ་རམས་པར་གསར་དུ་བསྐོས་པ་ནས་དམ་བཅའ་འཇོག་པའི་བར་དུ་བྱས་པ་ཞིག་རེད་སྙམ།དམ་བཅའ་བཞག་པ་ནས་རྡོ་རམས་པ་མི་ཟེར་བ་འདྲ།གྲོགས་པོ་ཞིག་གིས་ཀྱང་རྡོ་རམས་དམ་བཅའ་ཟིན་པ་ནས་རྡོ་རམས་པ་མི་ཟེར་ཞེས་ང་ལ་བཤད་མྱོང་བ་དེ་བདེན་སྙམ།སྤྱིར་བླ་བྲང་གི་སློབ་གཉེར་སྒྲིག་གཞི་ཚགས་དམ་ཞིང་གོ་རིམ་ལྡན་པས་དབུ་ནས་མཇུག་བར་ཟིན་རྒྱུ་ནི་ཤིན་ཏུ་རབ་ཏུ་དཀའ་ཁག་ཆེ་བ་ཞིག་ཡིན་ལ།དེ་ལས་ཀྱང་རྡོ་རམས་པ་ཞིག་གི་སློབ་གཉེར་བརྒྱུད་རིམ་ནི་ཤིན་ཏུ་བློ་ངོར་ཤོང་དཀའ་བ་ཞིག་ཡོད།ལོ་རེར་དགེ་བཤེས་གཉིས་རེས་མ་གཏོགས་དམ་བཅའ་འཇོག་པའི་གོ་སྐབས་མེད་པས། ད་ལོར་རྡོ་རམས་པར་གསར་ཞུགས་ཤིག་ཡིན་ཚེ་དེས་རྡོ་རམས་དམ་བཅའ་འཇོག་པར་མ་མཐའ་ཡང་ལོ་ངོ་སུམ་ཅུར་ཉེ་བ་ཞིག་དགོས་པས།དེ་ནི་ཇི་འདྲའི་ངང་རིང་བའི་དཀའ་སྡུག་གི་ལོ་ཟླ་ཞིག་ཡིན་པ་སུས་མི་ཤེས།དེ་ལྟ་ནའང་ཚེ་དང་སློབ་གཉེར་སྙོམ་པའི་དགེ་འདུན་པ་ཞིག་ལ་མཚོན་ན་དེ་ནི་སྐྱེས་པ་ནས་རྒས་པའི་བར་གྱི་གོ་རིམ་ཙམ་ཞིག་ལས་ཅི་ཡང་ཡིན་མི་སྲིད་ཨང་།

སྔ་རྒོངས་ལ་ཁྱོད་རང་བླ་བྲང་གི་གླིང་བར་དག་ནས་ཕར་ཚུར་ལ་སོང་ཚེ།གྲྭ་ཤག་རེ་རེ་བཞིན་འཛིན་སྐྱོར་གྱི་སྒྲ་གསལ་བོ་དེ་འདྲ་ཞིག་ཐོས་དཀའ་མོད།སྒོ་ཕྱེས་ནས་ནང་ལ་སོང་བ་ཡིན་ན་རྡོ་རམས་པ་དག་གིས་ཀྱང་མི་ཕྲུག་ཆུང་ཆུང་དག་ནང་བཞིན་སྐད་མཐོན་པོས་འཛིན་སྐྱོར་བྱེད་བཞིན་པ་མང་དུ་མཇལ་ཡོང་།ཚུལ་དེ་བདག་གིས་གྲོགས་པོ་འགའ་ལའང་ཆེད་དམིགས་ཀྱིས་སྨྲས་མྱོང་སྟེ།རང་ཅག་གིས་ན་ཚོད་ཅུང་སྨིན་པ་དང་མཉམ་དུ་དཔེ་ཀློག་ཙམ་ལས་བློ་འཛིན་ཆུང་དུས་བཞིན་མི་བྱེད་པ་ནི་སྐྱོན་ཆེན་པོ་ཞིག་རེད་ལ།སློབ་གཉེར་ཡག་པོ་ཞིག་བྱེད་ན་བློ་འཛིན་ནི་ཅིས་ཀྱང་གལ་ཆེ་བར་འདུག་ཅེས་སོ།།

གྲྭ་ཕྲུག་དག་ནི་བཅུ་ཕྲག་འགའ་རེ་སྐོར་རེ་བྱས་ནས་དགེ་རྒན་རེའི་ཤག་ཏུ་འཛིན་སྐྱོར་ལ་ཕེབས་བཞིན་འདུག་ལ།ལོ་ན་བཅུ་ལས་བརྒལ་ཙམ་དག་གི་ཁྲོད་ནའང་རྒྱན་འཇུག་གྲུབ་མཐའ་རྩ་བ།སྤྱོད་འཇུག་ཆེན་མོ་སོགས་བློར་བཟུང་ཚར་བ་མང་ལ།དེ་ལས་ཅུང་ཆེ་བ་དག་གིས་དེ་དག་གི་སྟེང་ལ་བྱམས་ཆོས་ཀྱི་སྐོར་གཞན་རྣམས་བཟུང་ཚར་བ་འདུག་ལ།གཞན་འགྲེལ་བ་དོན་གསལ་དང་དྲང་ངེས་ལེགས་བཤད་སྙིང་བོ་སོགས་ཀྱང་དེ་ག་ཉིད་དུ་འཛིན་སྐྱོར་བྱེད་བཞིན་འདུགད་དུང་དེ་དག་གི་ཁྲོད་ན་ཡིག་གཟུགས་སྦྱོང་མཁན་ཡང་མང་བོ་འདུག་སྟེ།ང་ལའང་ཡིག་གཟུགས་སྦྱོང་རོགས་མི་ཕྲུག་ཆུང་ཆུང་མང་བོ་ཡོད་ལ།དེ་དག་གིས་ཀྱང་ཆུང་ངུའི་དུས་ནས་དགེ་རྒན་དམ་པའི་མདུན་དུ་དབུ་ཅན་དབུ་མེད།ལཉྩ་ཝརྟུ་སོགས་དམ་པ་གོང་མའི་ཕྱག་བཞེས་བཞིན་སྦྱོང་བཞིན་པ་ནི་ཇི་འདྲའི་བསོད་ནམས་ཅན་གྱི་ལས་ཤིག་རེད་ཨང་སྙམ་དུ་ཡང་ཡང་དྲན་མྱོང་།

གལ་སྲིད་ཁྱོད་རང་གླིང་བར་ཞིག་ནས་ངོ་ཤེས་ཤིག་དང་ཕྲད་པ་ན།ཕ་རོལ་བོས་ཁྱོད་ལ་ཕྱོགས་ནས་སྒུར་ཙམ་བྱས་ཏེ་ཡ་ལགས་ཞེས་པའམ་ཨོ་ཡ་ཞེས་པ་ལྟ་བུ་རེ་ལབ་ཚེ།དེ་ནི་ཁྱོད་རང་ངོ་ཤེས་ཤིག་གི་ཚད་དུ་བཞག་པའམ་ཁྱོད་ལ་ཁ་ཡ་བྱས་པར་བརྩི་དགོས་ཏེ།རང་རེ་དག་ནང་བཞིན་གཅིག་གིས་གཅིག་ལ་ལག་པ་འཇུ་ཞོར་ཡར་མར་མང་བོ་ཞིག་འདྲི་ཞིང་བཤད་འོངས་པ་དེ་འདྲ་ཞིག་ཕན་ཚུན་ཤིན་ཏུ་ཉེ་བ་ཞིག་མིན་ན་མང་བོ་མཐོང་རྒྱུ་མེད།ཡང་ཁྱོད་རང་དཔེ་ཁྲིད་ལ་འགྲོ་བའམ་ཚོགས་ལ་འགྲོ་བ་དེ་འདྲ་མཐོང་ཚེ་གྲྭ་བ་རྒན་པ་ཕལ་མོ་ཆེས་བཀའ་དྲིན་ཆེ་ཞེས་པའི་ཚིག་ཅིག་བརྗོད་དཔེ།དེ་ནི་ཕལ་ཆེར་ཁྱོད་ཀྱིས་སློབ་གཉེར་བྱས་པའམ་ཚོགས་ལ་སོང་བར་བཀའ་དྲིན་ཞུ་བཞིན་པ་འདྲ། དེ་ཡང་མ་མཐར་ངོ་ཤེས་ཤིག་ཡིན་དགོས་པ་ནི་སྨྲ་མ་དགོས་སོ།།

བཀྲ་ཤིས་འཁྱིལ་བའི་དགེ་འདུན་པ་དག་གི་ན་བཟའ་ནི་ངེས་པར་གླེང་དགོས་པ་ཞིག་ཡོད་དེ།ཚོགས་ཆེན་ཞལ་ངོ་དང་དགེ་བསྐོས།ཁྲི་བ་དང་རྡོ་རྗེ་ལྟ་བུའི་ལས་ཀྱི་སྣེ་མོ་བ་དམིགས་བསལ་རྣམས་ཕུད།གྲྭ་བ་བྱིངས་ཀྱིས་ནི་ནར་མའི་འཚོ་བའི་ཁྲོད་དུ་ཆེས་སྤྱིར་བཏང་གི་ན་བཟའི་རིགས་ཤིག་ལས་མི་མནབ་ལ།དེ་ཡང་སྟོད་འགག་ཕྲག་ལྷན་ལ་གོས་དང་རས་གང་རུང་དམར་བོ་ཁོ་ནས་བྱས་པ་དང་།ནང་མ་སྔོན་པོ་གོང་བ་སུམ་ལྟེབས་བྱས་པ་འབའ་ཞིག་ལས་མི་གྱོན་ལ།ཤམ་ཐབས་ཀྱང་རྒྱུ་རས་ཁོ་ནས་བྱས་པ་དང་།མདོག་ནག་ཤད་མི་ཆེ་བར་ཁམ་སྨུག་ཅན་དུ་ངེས་ཤིང་།གཟན་ཡང་རས་གཟན་གཙོ་བོར་དང་དགུན་ཁར་འབུ་རས་ཀྱི་གཟན་གློ་ཁའམ་དམར་སྨུག་ཅིག་མནབ་པར་བྱེད།ལ་ལས་འབུར་གཟན་གློ་ཁ་ཞིག་དང་དམར་སྨུག་ཅིག་ཕྱི་ནང་སྤྲད་ནས་གྱོན་པར་བྱེད་ལ།དེ་ནི་གཙོ་བོ་གྲང་བ་འགོད་ཆེད་ཡིན་ལ་ཞོར་དུ་གཟབ་འཕྱོར་སྤྲས་པའི་ནང་དོན་ཞིག་ཀྱང་ཤུགས་ན་ཡོད་པ་ཡིན།ལྷམ་ནི་གྲྭ་ལྷམ་ཁོ་ན་སྟེ།དེ་ཉིད་ཚོགས་ཆོས་གྲྭ་ལས་གཞན་གསུང་ཆོས་དང་དཔེ་ཁྲིད་གང་གི་སྐབས་སུའང་གྱོན་ལ།ཐ་ན་རྒྱ་སྲང་དུ་ཉུལ་དུས་ཀྱང་འབྲལ་མེད་དུ་གྱོན་པར་བྱེད།གླིང་བར་དང་ཤག་ཕན་ཚུན་བར་དུ་འགྲོ་དུས་ཀྱང་འདྲུད་ལྷམ་སོགས་གྱོན་པ་གཏན་མི་བྱེད།འོན་ཀྱང་མི་ཕྲུག་ཆུང་ཆུང་དག་གིས་ནི་རྒྱ་ལྷམ་ཡང་གྱོན་སྲིད།སྔར་གྲྭ་ལྷམ་དེ་ཉིད་རྒྱུན་པར་གང་དུའང་དྲུད་དེ་སོང་ན་མིག་ལ་མི་མཛེས་པར་སྙམ་མོད།གདན་ས་འདིར་གྲྭ་ལྷམ་འབའ་ཞིག་གྱོན་མཁན་དག་གི་ནང་ལ་རྒྱ་ལྷམ་གྱོན་མཁན་རེ་ཟུང་སླེབས་ཚེ།རྒྱ་ལྷམ་རྐྱང་རྐྱང་གྱོན་མཁན་དག་གི་ནང་དུ་གྲྭ་ལྷམ་གྱོན་མཁན་ཞིག་སླེབས་པ་ནང་བཞིན།མིག་ལ་མི་མཛེས་པའམ་མི་ལོབས་པ་ཞིག་ཏུ་སྣང་ངོ་།། ལོ་རེའི་ཧོར་ཟླ་གཉིས་པའི་ཚེས་བརྒྱད་ལ་གྲྭ་ཚང་ཡོངས་ནས་སེར་སྦྲེངས་གླིང་བསྐོར་ཡོད་ལ།ཉིན་དེར་ཆེ་ཆུང་ཚང་མས་རང་ཉིད་ལ་ཅི་ཡོད་ཀྱི་གཟབ་འཕྱོར་སྤྲས་ཏེ་ཤོམ་ངོམ་རེས་བྱེད་སྲོལ་ཡོད་པ་རེད་ཟེར།

གསུམ་པ།

ང་རང་མཚམས་རེར་ཕྱི་བསྐོར་ལའང་རེ་ཟུང་འགྲོ་བ་ཡིན།ཕྱི་བསྐོར་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་བཞི་ལས་བརྒལ་ཙམ་ཡོད་ལ།མ་ཎི་སྐོར་བཞིན་སོང་བ་ཡིན་ན་ཧ་ལམ་ཆུ་ཚོད་གཅིག་ཙམ་གྱི་དུས་ཡུན་དགོས་པ་ཡིན།བསྐོར་བ་བྱེད་མཁན་རྒན་གཞོན་མང་བོ་ཡོད་ལ་མང་ཕྱོགས་ལོ་ལོན་ཡིན།ཞོགས་པའི་ཆུ་ཚོད་དྲུག་པ་ཡས་མས་ནས་བསྐོར་བ་བྱེད་མཁན་ཤིན་ཏུ་མང་བོ་ཡོད་ལ།བརྒྱད་པ་ཡས་མས་ནས་ཚོང་བ་རྣམས་དང་ལས་བྱེད་རྣམས་ལས་ཀར་བུད་འགྲོ་ལ།ཤུལ་དུ་ལས་མེད་ཀྱི་རྒན་རྒོན་མང་བོས་གཙོས་དགེ་སྒྲུབ་ལ་འབད་མཁན་རྣམས་ལྷག་འགྲོ་བ་ཡིན།དགོན་འདབས་སུ་ཁང་ཆུང་རེ་གླས་ཏེ་ཆེད་དུ་བསྐོར་བ་བྱེད་པ་དང་ཕྱག་འབུལ་བར་ཡོང་བའི་ཐག་ཉེ་རིང་གི་མི་ནི་རབ་ཏུ་མང་།སྒོས་སུ་གསེར་ཁང་ཆེན་མོ་དང་སྨན་པའི་འདུ་ཁང་དང་རྟ་མགྲིན་ལྷ་ཁང་ལྟ་བུར་སྐོར་ཚད་ལེན་མཁན་ཡང་དུས་བཞིའི་འགྱུར་ལྡོག་ལ་ལྟོས་པ་མེད་པར་རྒྱུན་ཆད་པ་མེད།གྲོང་ཁྱེར་དང་གྲོང་བརྡལ་རེ་ཟུང་ན་ཉི་མ་རྟག་པར་ལྷན་དུ་འདུས་ཏེ།མིག་མངས་དང་ཤོག་ཤོ་རྩེས་ནས་དུས་འདའ་བར་བྱེད་པའི་ལོ་ལོན་རྣམས་དང་བསྡུར་ན།འདི་དག་གི་ལས་ཀ་ནི་ཇི་འདྲའི་དམིགས་ཡུལ་དང་བརྩོན་སེམས་ཀྱིས་ཕྱུག་པའི་དོན་སྙིང་ཅན་དག་དག་རེད་ཨང་སྙམ་དུ་ཡང་ཡང་དྲན་མོད།མི་རིགས་གང་ཡིན་ལའང་རང་རང་གི་ཐུན་མིན་གོམས་གཤིས་དང་མི་ཚེའི་ལྟ་ཚུལ་ཡོད་པ་ཡིན་པས།དེ་དག་ལའང་སྣང་ཆུང་དང་ཟུར་ཟའི་ལྟ་ཚུལ་ནི་དུས་ནམ་ཡང་འཛིན་པར་མི་བྱ།

བསྐོར་ལམ་དུ་ཕྱག་སྐོར་བྱེད་མཁན་དག་ལས་གཞན་སློང་མོ་བ་ཡང་མང་བོ་ཡོད་པ་ཡིན་ཏེ།དེ་དག་གི་ཁྲོད་ན་སྒྲ་སྐྱེད་འཕྲུལ་ཆས་རེ་བཞག་ནས་གླུ་དབྱངས་སྣ་ཚོགས་རྫུན་ལེན་(དོན་དུ་ཁ་འགུལ་བ་དང་ལུས་ཀྱི་རྣམ་འགྱུར་སྟོན་པ་ཙམ་ཡིན)བྱེད་ཞོར་སློང་མོ་བྱེད་མཁན་ཡོད་ལ།དེ་དག་ནི་རང་གི་རྔུལ་ཆུའམ་ནུས་པ་ཅི་རིགས་ལ་བརྟེན་ནས་སྒོར་མོ་འཚོལ་མཁན་དུ་གཏོགས་ལ།གཞན་ཉིན་གང་བོར་ཉལ་ཉལ་དུ་འདུག་པའམ་ཙོག་ཙོག་ཏུ་སྡོད་པ་དེ་འདྲའང་ཡོད་པ་ཡིན།གྲངས་ཀའི་ཆ་ནས་རྒྱུན་ལྡན་དུ་བཅུ་ཕྲག་འགའ་རེ་ལས་མེད་མོད།ལོ་རེའི་བཞི་བའི་བཅོ་ལྔར་སྦྱིན་པ་གཏོང་མཁན་མང་བས་སློང་མོ་བའང་སྟོང་ཕྲག་འགའ་རེར་འབུད་ཅིང་།བདག་གིས་རགས་རྩིས་བྱས་པ་ལྟར་ན།༢༠༡༥ལོར་ཆིག་སྟོང་བདུན་བརྒྱ་ལྷག་དང་།༢༠༡༦ལོར་ཉིས་སྟོང་བརྒལ་བ་ཙམ་ཡོད་ནའང་། ༢༠༡༧ལོར་བདུན་བརྒྱ་ལྷག་ལས་མི་འདུགའདི་ནི་བློ་བཟོ་ཙམ་མ་ཡིན་པར་བདག་གིས་དངོས་སུ་གྲངས་ཀ་བླངས་པ་ཡིན་ལ།འདི་ལས་ཤེས་པ་ནི་ད་ལོ་ལོ་སྔ་མ་གཉིས་ལས་མངོན་གསལ་གྱིས་ཇེ་ཉུང་དུ་སོང་ཡོད་པ་དེ་ཡིན།འདི་དག་ལས་བརྒྱ་ཆའི་དགུ་བཅུར་ཉེ་བ་ནི་རྒྱ་མི་ཡིན་ལ་ཀན་སུའུ་ལན་ཀྲོའུ་དང་ཐག་ཉེ་བའི་གྲོང་གསེབ་པ་དག་ཡིན་པར་མང་བོ་སྨྲ།དེ་དག་ལས་ཕལ་མོ་ཆེ་ནི་རྒྱུན་དུ་སློང་མོ་བྱེད་མཁན་དེ་འདྲ་མ་ཡིན་པར་བཞི་བའི་བཅོ་ལྔར་ཆེད་དམིགས་ཀྱིས་སློང་མོ་བྱེད་དུ་ཡོང་བ་ཡིན།མང་བོ་ཞིག་གིས་སྦྱིན་པ་གཏོང་བའི་བྱེད་སྟངས་འདི་འདྲས་མི་ནད་མེད་དུག་མེད་མང་བོ་ཞིག་ཀྱང་སྒྱིད་ལུད་དང་བག་མེད་ཀྱི་ལས་ལ་སྦྱོར་བ་དང་།ཁྱོད་ཀྱིས་སྦྱིན་པ་ཅི་ཙམ་བཏང་ན་ཡང་འཁོར་བ་མ་སྟོང་བར་དུ་སློང་མོ་བའང་མི་སྟོང་བས་ན།བྱེད་སྟངས་འདི་འདྲ་ནི་དགེ་བ་ལས་ཉེས་པར་འགྱུར་ཞིང་ཕན་པ་ལས་གནོད་པ་ཆེ་ལ།གྲུབ་པའི་འབྲས་བུ་ནམ་ཡང་འབྱུང་དུ་མེད་པ་ཞིག་གོ་ཟེར་ཡང་།སྔར་འདས་པའི་དུས་སུ་ཁ་ཅིགགལ་ཏེ་འགྲོ་བ་དབུལ་བོར་བ། །སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན། །ད་དུང་འགྲོ་བཀྲེན་ཡོད་ན་སྔོན། །སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན། །ཅེས་བརྩད་པ་ལ།རྒྱལ་སྲས་ཆེན་པོ་ཞི་བ་ལྷས།བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན། ཅེས་ལན་བསྐྱོན་འདུག་པ་ལ་བསམས་ན།སྦྱིན་པ་ཞེས་པ་འདི་ཡང་སྦྱིན་མཁན་གྱི་ངོས་ནས་བལྟ་དགོས་པ་ལས་སྦྱིན་ཡུལ་གྱི་ངོས་ནས་བསམ་རྒྱུ་ཞིག་མ་རེད་ཨང་སྙམ་མོ།།

འདི་ལས་ཞོར་འཕྲོས་ཙམ་ཞུས་ན།ཉེ་སྔོན་ཞིག་ལ་བདག་གིས་ང་རང་རྒྱུན་པར་ཉིན་རེར་ཐེངས་མང་བོར་བརྒྱུད་དགོས་པའི་སྲང་ལམ་ཞིག་གི་འགྲམ་གྱི་ཐེམ་པའི་སྟེང་ན་བོད་ལྭ་གྱོན་པའི་ཨ་མ་ལོ་ལོན་ཞིག་ཙོག་ཡོད་པ་མཐོང་།མོའི་ཆས་གོས་དང་ཆ་ལུགས་གང་ལ་བལྟས་ཀྱང་སྤྱིར་བཏང་གི་བོད་མོ་ཞིག་ལས་སློང་མོ་བའི་ཆ་བྱད་དང་ཚུགས་ཀ་དེ་འདྲ་མི་འདུགཐེངས་ཤིག་ལྟ་ཕྱོགས་ཤིག་གིས་མོས་སློང་མོ་བྱས་པའི་ཤོག་སྒོར་འགའ་མྱུར་མོར་ཕུ་ཐུང་དུ་སྦེད་སོང་བ་མཐོང་།རྗེས་སུ་མཉམ་བཞག་དུས་མོས་གྲྭ་བ་དང་བོད་ལྭ་གྱོན་པ་རེ་མཐོང་ན་མྱུར་མོར་ཀྲོང་ངེར་སྡོད་པར་བྱེད་ལ།དེ་དག་ཕར་སོང་ཤུལ་ནས་རྒྱའི་ལྗོངས་རྒྱུ་བ་དག་ལ་སློང་མོ་བྱེད་བཞིན་འདུགདེ་ལྟར་བདུན་ཕྲག་གཅིག་ལྷག་འགོར་རྗེས་ད་ནི་མངོན་གསལ་དོད་པོས་སློང་མོ་བྱེད་བཞིན་འདུག་ལ། ཐེངས་ཤིག་ང་ལའང་མཛུབ་མོ་ཀེར་ཀེར་གྱིས་སློང་མོ་བྱས་སོང་།ལས་མང་བོ་ཞིག་ནི་མགོ་རྩོམ་རྒྱུ་སླ་ཡང་མཇུག་སྐྱོང་རྒྱུ་དཀའ་ཟེར་མོད།སློང་མོ་ནི་དེ་ལས་ལྡོག་སྟེ་མགོ་རྩོམ་རྒྱུ་དཀའ་ཡང་མཇུག་སྐྱོང་རྒྱུ་སླ་བ་ཞིག་ཡིན་པ་འདྲ་ཨང་།

ཟླ་རེའི་ཚེས་གཉིས་དང་བཅུ་གཉིས་དང་ཉེར་གཉིས་རྣམས་ལ་ལྷ་ཚེས་ཞེས་འབོད་ཅིང་།ཉིན་དེ་དག་ལ་བསང་གཏོང་མཁན་གྱི་སྐྱ་སེར་ཤིན་ཏུ་མང་བ་ཡིན། ཁོ་ཚོས་དེ་ལ་བསང་ཤུག་འཇོག་པ་ཟེར། གྲྭ་བ་རྣམས་དཔོན་ཚང་སྲང་མགོའི་གནས་ཆུང་ཁང་དུ་ཕེབས་ནས་མཉམ་དུ་མར་མེ་དང་སྙན་ཤལ་དང་བསང་ཤུག་འཇོག་ཅིང་།གཞན་ཡང་དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་ཀྱིས། །ཆོས་སྐྱོང་ཆེན་པོའི་ཐུགས་དམ་ལེགས་བསྐངས་ན། །བཀའ་པོད་མང་བོ་ཀློག་པ་ཐོས་བསམ་བསྟན། །རྣམ་དག་རིང་ལུགས་དབྱར་མཚོ་ལྟར་འཕེལ་མཛོད། །འཇམ་དཔལ་དབྱངས་དངོས་ཧ་ས་བཛྲ་གྱི། །དགོངས་བཞེད་རྒྱན་དྲུག་མཆོག་གཉིས་གཞུང་ལུགས་ལ། །འཆད་ཉན་ལྷུར་ལེན་བློ་གསལ་མཁས་མང་གིས། །ཡངས་པའི་ནོར་འཛིན་ཀུན་ཁྱབ་བཀྲ་ཤིས་ཤོག །ཅེས་སོགས་ཀྱི་ཐུགས་སྨོན་རྣམ་དག་བྱེད་ཅིང་།སྐྱ་བོ་དག་གིས་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་བསྟན་འཛིན་དག་གི་བཞེད་དོན་ནས།སྒོས་མི་ཁྱིམ་རང་ཉིད་ཀྱི་ཚེ་འདིའི་སྐྱིད་སྡུག་སོགས་ལ་དམིགས་པའི་སྐྱབས་འཇུག་ཡིད་འཕྲོག་པ་མང་བོ་ཞུ་བ་རེད།

ཁྱོད་རང་བསང་ཤུག་འཇོག་ཏུ་འགྲོ་བའམ་བཞག་ནས་སྒོར་བུད་པ་ཡིན་ན།ལམ་གྱི་གཡས་གཡོན་དུ་བསང་ཤུག་དང་བསང་རྩི་འཚོང་མཁན་མང་བོ་མཐོང་འོངས་ཤིང་།དེ་དག་གིས་ནི་ཁྱོད་རང་མཐོང་མ་ཐག་ཚོང་འབོད་སྣ་ཚོགས་བྱེད་ཅིང་།ཁྱོད་ཀྱིས་གཡས་ནས་ཉོ་དུས་གཡོན་ནས་ད་དུང་དེ་ཕྱོགས་ནས་ཉོ་རེ་ཡི་སྐད་འབོད་བྱེད་ལ།ཁྱོད་ཀྱིས་ཚོང་ཐག་བཅད་དེ་སྒོར་མོ་སྟེར་སྐབས་ཀྱང་གཞན་པ་དེས་ད་དུང་རེ་བའི་མིག་ཟུང་ཀེམ་ཀེམ་བྱེད་པ་ཡིན།མི་རང་ཉིད་ཀྱི་རྔུལ་ཆུ་ལ་བརྟེན་ནས་རང་ཁ་གསོ་སྟངས་དེར་བསྟོད་པའི་མཐེ་བོང་ཁོ་ན་འབབ་མོད་ཀྱང་།མཚམས་ལན་རེར་བྱེད་ཚུལ་དེ་ཁོ་ནས་སྙིང་གི་ཟབ་སར་འཁྱག་འདར་རེ་རྒྱག་ཏུ་འཇུག་གོ།

ད་ལོའི་ལོ་སར་ཚེས་གཅིག་གི་ཞོགས་པའི་ཆུ་ཚོད་བཞི་བ་ཡས་མས་སུའང་།བསང་ཤུག་འཚོང་མཁན་མང་བོས་ད་དུང་ལོ་ཉུལ་དུ་འགྲོ་མཁན་རྣམས་ལ་རེ་བའི་མིག་ཟུང་གཡོ་བཞིན།བསང་ཤུག་རེ་ཨེ་ཉོར་སྒུག་ཡོད་པ་དེས་ངས་འཚོ་བ་ཟེར་བ་ནི་མ་གཞི་ནས་ཅི་ཞིག་ཡིན་པ་མ་ཤེས་པར་ཡོད་པའི་སྟེང་ལ།སླར་ཡང་དགྲོལ་ཐབས་མེད་པའི་མདུད་པ་མང་བོ་ཐེབས་སུ་བཅུག་སོང་།འཚོ་བའི་དཀའ་སྡུག་ཟེར་བ་དེས་རྡོ་ཆེ་ཆེ་ལ་ཁ་བ་ཆེ་ཆེ།རྡོ་ཆུང་ཆུང་ལ་ཁ་བ་ཆུང་ཆུང་ཟེར་བ་བཞིན་མི་རེ་རེར་འོས་ཤིང་འཚམས་པའི་ཁུར་བོ་ལྕི་མོ་རེ་བཀལ་ནས་ཡོད་ཨང་།

བཞི་བ།

ལོ་རེའི་དབྱར་དགུན་གནང་གི་སྐབས་སུ།བླ་བྲང་ལ་ཕྱོགས་སོ་སོ་ནས་སློབ་གཉེར་ལ་འོངས་པའི་སློབ་མའང་མང་བོ་ཡོད་ཅིང་།སྤྱིར་ཁོ་ཚོས་སུམ་རྟགས་རེའམ་སྙན་ངག་གི་སྤྱི་དོན་ལྟ་བུ་རེ།ཡང་ན་བསྡུས་ཚན་འགའ་རེའམ་སྒྲའི་མཚམས་སྦྱོར་ལྔ་བ་ལྟ་བུ་རེ།སྐར་རྩིས་ཀྱི་ལྔ་བསྡུས་ལྟ་བུ་རེ་སྦྱངས་ནས་བློ་ཡིད་ཚིམས་འགྲོ་མོད།དགེ་རྒན་དག་གིས་ནི་ཐུགས་བརྩེ་བ་ཆེན་པོས་གང་ལ་གང་འདོད་དེ་ལ་དེ་ཉིད་སྟོན་པར་བྱེད་ཅིང་།རང་ཉིད་ལ་སྦྱོང་འདོད་ཡོད་ན་གང་ཅིའི་དགེ་རྒན་ཡང་ལག་མི་ཐོགས་པ་འདི་འདྲ་བ་ནི་རིག་པའི་འབྱུང་གནས་སུ་འབོད་པའི་གནས་གང་ཡིན་ལ་ཚང་ཐབས་མེད་པའི་ཁྱད་ཆོས་འབའ་ཞིག་ཡིན་ལ།བོད་ཀྱི་ཤེས་རིག་གི་ལྟེ་གནས་སམ་འབྱུང་ཁུངས་ཞེས་པའང་འདི་འདྲ་ལ་མི་ཟེར་གང་ལ་ཟེར་སྙམ།གནས་གང་ཞིག་ཏུ་མ་མཐའ་ཡང་བོད་ཀྱི་རིག་གནས་བཅུ་བོ་ནི་ཆ་ཚང་བར་སྦྱོང་བའི་ཆ་རྐྱེན་འཛོམས་པ་ཡིན་ན།དེ་ཉིད་ནི་བོད་ཀྱི་ཤེས་རིག་གི་འབྱུང་གནས་སུ་སྨྲ་ཆོག་པར་འདོད་ལ།དེ་མིན་རང་ཕྱོགས་བཟུང་སྟེ་འུར་ཆེན་ཇི་འདྲ་ལབ་ཀྱང་རང་མགོ་རང་གིས་གཡོགས་པ་ཙམ་དུ་ཟད་པར་འདོད་དོ།།

ལོ་རེའི་དབྱར་ཁར་སླེབས་ཚེ།བླ་བྲང་ལ་ཕྱི་ནས་འོངས་པའི་ལྗོངས་རྒྱུ་བའང་ཤིན་ཏུ་མང་ལ།དེ་དག་གི་ཚོགས་པ་དག་ནི་ཁ་ནང་མིག་ནང་དུ་བཏབ་འོང་བའི་གྲོག་མ་གཤོག་ཐོགས་དག་དང་འདྲ་བར།མི་ལ་སུན་སྣང་དང་འུར་ཟིང་འབའ་ཞིག་བསྐྱལ་འོངས་པ་ཡིན།གླིང་བར་དག་ནས་པར་ཆས་ཀྱི་ཤེལ་མིག་ཚད་དེ་འགྲོ་ལོང་མི་སྟེར་ལ།བསྐོར་མཐའ་དག་ནས་ཕྱག་འཚལ་བ་དག་ལ་རུབ་སྟེ་བར་ཆད་བཟོ་བ་ཡིན།གལ་སྲིད་ཁྱོད་ཀྱིས་བདག་དབང་བསྲུངས་ཏེ་གནས་ལུགས་བཤད་པ་ཡིན་ན།ཕལ་མོ་ཆེས་དེ་མ་ཉིད་དུ་པར་མིག་གཞན་དུ་སྒྱུར་བར་བྱེད་མོད།ལྗོངས་རྒྱུ་བ་ནི་ཉིན་རེ་རེ་བཞིན་མི་གཅིག་པས་རྟག་པར་དེ་དག་ལ་མུག་མུག་གིས་ཅི་ཞིག་འཆད་རྒྱུའང་མགོ་བོ་ན་བའི་ལས་ཤིག་གོ།

འཛིན་བྱང་ཉོས་ནས་དགོན་པར་འཛུལ་ཁར་སྒོ་སྲུང་བ་སོགས་ཀྱིས་ལྗོངས་རྒྱུ་བ་དག་གི་ཆས་གོས་ལ་ལྟ་རྟོག་ནན་མོ་བྱེད་ཅིང་།བུད་མེད་དག་གིས་དོར་ཐུང་དང་འགག་ལོ་ཙམ་ལས་གྱོན་མེད་པར་ལུས་ཀྱི་ཆ་ཤས་མངོན་ཐལ་ཆེ་བའི་རིགས་ནི།གོས་ཀྱིས་མ་བཏུམས་པར་དགོན་ནང་དུ་འགྲོ་རུ་མི་འཇུག་ལ།དེ་ལུགས་ཀྱི་གོ་བརྡའི་སྦྱར་བྱང་ཡང་བསླངས་ཡོད་པ་ཡིན།དེ་ནི་ཆུང་ས་ནས་བཤད་ན་དོན་དག་ཆུང་ཆུང་ཞིག་ཡིན་ཡང་།ཆེ་ཕྱོགས་ནས་བཤད་ན་མི་ཆེ་རྒྱུའང་མེད་དེ།ང་ཚོས་རང་གིས་རང་ལ་མཐོང་ཆེན་དང་གུས་བརྩི་མ་སྤྲད་ན་གཞན་གྱིས་སྤྲོད་དོན་རྩ་བ་ནས་མེད་ལ།ང་ཚོས་རང་གིས་རང་ལ་གུས་བརྩི་བྱས་ཏེ།དགོན་ནང་དུ་ངེས་པར་དེ་ལྟའི་སྤྱོད་ལམ་ལ་གནས་དགོས་པར་བྱས་པ་ཡིན་ན།རང་གི་རྒྱན་དུ་མ་ཟད་གཞན་ལའང་དེ་ལུགས་ཀྱི་ཚོགས་བཟང་བོ་གསོག་ཏུ་བཅུག་པ་ཡིན་པས་རང་གཞན་གཉིས་ཕན་གྱི་ལས་ཤིག་ཅི་ལ་མིན།

མཐར་བདག་གི་ངོ་ཤེས་ལྷམ་བཟོ་ཞིག་དང་འབྲེལ་བའི་དོན་ཕྲན་ཞིག་གིས་མཇུག་བསྡུ་བར་སྟེ།དེ་ནི་མཁྱེན་གསལ་ལྟར།བླ་བྲང་དུ་གྲྭ་ལྷམ་བཟོ་མཁན་ནི་བོད་དང་རྒྱ་དང་ཁ་ཆེ་སོགས་མང་བོ་ཡོད་ཅིང་།དེ་དག་གི་ཁྲོད་ན་རུས་ཀྲང་ཅན་གྱི་ལྷམ་བཟོ་རྒྱ་མི་ཞིག་ཡོད།ཁོས་བཟོས་པའི་ལྷམ་དག་ནི་རྒྱུ་སྤུས་ཆེས་བཟང་བར་བཤད་ལ།རིན་གོང་ཡང་ལྷམ་བཟོ་གཞན་ལས་ལྡབ་གཅིག་གིས་མཐོ་བ་ཡིན།དེ་ལྟ་ནའང་ཁོའི་ས་རུ་ལྷམ་བཟོ་མཁན་རྒྱུན་མི་འཆད་ལ།ཟླ་བ་གཉིས་གསུམ་རེའི་སྔོན་ལ་མངགས་ཉོ་མ་བྱས་ན་མི་ཐེམ་ཞིང་།མངགས་ཉོ་བྱས་པ་དག་ཀྱང་ཁོ་རང་གཅིག་པུས་རེ་རེ་བཞིན་ཚགས་སུ་འཇུག་པ་ཡིན། ང་རང་ཁོའི་སར་ལྷམ་བཟོ་བར་ཐེངས་མང་སོང་མྱོང་ཞིང་།ཐེངས་ཤིག་འགྲོ་དུས་ཁོས་སྒྲ་སྡུད་ལ་ཉན་བཞིན་འདུགངས་ཁོས་ཉན་བཞིན་པའི་ལེ་ཚན་དང་འཆད་ཁྲིད་གནང་མཁན་གྱི་མིང་བཤད་ནས་འདི་དག་ལ་ཉན་པར་དགའ་འམ་ཞེས་དྲིས་པ་ན།ཁོས་རྣར་མི་འགྲོ་བའི་ཐེ་ཚོམ་གྱིས་ཁྱོད་ཀྱིས་ཀྱང་འདི་དག་ཤེས་སམ།འདི་དག་ལ་ཉན་བཞིན་ཡོད་དམ་ཟེར་ནས་འདྲོག་ལྟ་བུ་ཞིག་ལངས་སོང་ལ། མཐེ་བོང་བསྟན་ནས་གཟེངས་བསྟོད་དང་མུ་མཐུད་མཉན་རྒྱུའི་རྟིང་སྐུལ་ཀྱང་བྱས་སོང་།ཐེངས་དེར་ངེད་གཉིས་ཀྱིས་ཕྱོགས་ཡར་མར་གྱི་ཁ་བརྡ་མང་བོ་བྱས་ཤིང་།སྐབས་ཤིག་ཁོས་ང་རང་ཧ་ལས་ཤིང་ཡང་ཡང་བསམ་དགོས་པའི་དོན་ཞིག་བཤད་སོང་སྟེ།དེ་ནི་ཁོས་དགོང་མ་རེ་རེའི་དུས་ཚོད་གཉིས་ཀྱི་རིང་ལ་དཔེ་ཀློག་བྱེད་ཀྱིན་ཡོད་ལ།དེ་ནི་གནད་འགག་གི་དོན་གང་ཞིག་ལ་ཕྲད་པའམ།ཡང་ན་མ་ཁོམ་པར་དགོང་མོའི་ཆུ་ཚོད་གཉིས་པ་བརྒལ་ཀྱང་ངེས་པར་རྒྱུན་སྐྱོང་བའི་དོན་ཞིག་ཡིན་ཞེས་པ་དེ་རེད།ངས་ཁྱོད་ཀྱིས་དཔེ་ཆ་ཅི་ཞིག་ལ་བལྟས་པ་ཡིན་ཞེས་དྲིས་པར།དེ་ལ་གཏན་ཁེལ་མེད་དེ།གཙོ་བོ་ལོ་རྒྱུས་དང་ཆོས་ལུགས་སྐོར་གྱི་དཔེ་ཆ་ཡིན་ཟེར།དེ་ནས་བཟུང་།ཁོ་རང་མཐོང་ཐེངས་རེའམ་ཡིད་ལ་དྲན་ཐེངས་རེར།ཁོའི་སྐད་ཆ་དེ་དག་དབང་མེད་དུ་དྲན་འོངས་ལ།སྐད་ཆ་དེ་དག་དྲན་ཐེངས་རེར།ངས་རང་གིས་རང་ལ་ཁྱོད་ཀྱི་དཔེ་ཀློག་ནི་ལྷམ་བཟོ་ཞིག་ལའང་མི་དོ་ཨང་ཞེས་ཟུར་ཟ་དང་ངོ་མཚང་བྲུས་པ་ཡིན་ནོ།།

༢༠༡༧ལོའི་ཟླ་དྲུག་པར་ཉི་མ་བླ་བྲང་དུ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།