བྱམས་པ་འབུམ་གླིང་དུ་ཕྱིན་པའི་མཐོང་ཐོས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ །     སྤེལ་དུས།  2018-09-05 13:05:44     རྩོམ་པ་པོ།   ཤིས་ཚང་ཚུལ་ཁྲིམས།    ཀློག་ཐེངས།  

微信图片_20180905122739.jpg

༄༅།      ། དེ་ཡང་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་སྐབས་བཅུ་གཅིག་པའི་མཐར་ཕྱིན་འཛིན་གྲྭའི་ཆོས་གྲོགས་ལྷན་འཛོམས་ཐེངས་དྲུག་པ་དེ་2018ལོའི་ཧོར་ཟླ་5ཚེས་23ཉིན་ཡོན་ཅི་རྫོང་ནས་འཛོམས་པ་དང་།   བྱམས་པ་འབུམ་གླིང་ནི་ཐེངས་འདིའི་ང་ཚོའི་གནས་སྐོར་ས་ཚིགས་གཉིས་པ་རུ་གཏན་འཁེལ་བྱས་པ་བཞིན་ཚེས་25ཉིན་གྱི་ཞོགས་པར་ས་ཚིགས་དེར་གནས་མཇལ་དུ་ཕྱིན།  ཉིན་འདིར་ཆར་བ་ཟམ་ཟིམ་འབབ་ཀྱིན་པ་དང་།   རྒྱང་རིང་བོར་སྨུག་པས་བསྒྲིབས་ནས་མཐོང་མི་ཐུབ།ང་ཚོར་མཚོ་གྲུར་བསྡད་དེ་ཆུ་ཚོད་གཅིག་གི་ཡུན་ལ་བསྐྱོད་པ་དང་གྲུ་གླ་མི་རེར་སྒོར་བརྒྱ་ཡས་མས་རེད།   བྱམས་པ་འབུམ་གླིང་གྲུ་ཁ་ནས་བབས་ཤིང་འབུམ་གླིང་སྒོ་ཆེན་ནས་འཛིན་བྱང་མི་རེར་སྒོར་ཉེར་ལྔ་ཡིན།   གནས་འདིར་འབྱོར་བ་དང་མཐོང་ལམ་དུ་མངོན་པ་ནི་ལོ་ཀྱཱ་འགག་གློག་འདོན་ས་ཚིགས་སུ་རྨ་ཆུ་བསྐྱིལ་བས་སྔོ་ལྡེམ་མེར་འཁྱིལ་བའི་ཉེ་འགྲམ་དུ་བྲག་དམར་པོ་རལ་གྲི་གཤིབ་པ་འདྲ་བ་དང་།   ཟངས་དམར་གྱི་ཀ་བ་བསླངས་པ་འདྲ་བ།   དར་དཀར་གྱི་ཡོལ་བ་འཐེན་འདྲ།   མཆོད་རྟེན་གྱི་བང་རིམ་བརྩེགས་འདྲ།   དུང་དཀར་གཡས་འཁྱིལ་འདྲ་བ།རུས་སྦལ་ཆུ་འཐུང་འདྲ་བ།དཔའ་བོ་གཡུལ་སར་ཆར་འདྲ།བཙུན་མོས་གོས་གསར་གྱོན་འདྲ།   གཞན་ཡང་གནས་འདིའི་ཉེ་འཁོར་ཀུན་ཏུ་ལྗོན་ཤིང་དང་རི་བྲག་ནགས་ཚལ་གྱིས་བརྒྱན་པ་སོགས་རང་བྱུང་གི་ཡུལ་ལྗོངས་ཉམས་དགའ་བ་དུ་མ་དང་།   འཇིག་རྟེན་གྱི་བྱ་བཞག་རིང་དུ་དོར་བའི་བྱ་བཏང་བ་དང་རྣལ་འབྱོར་བ་དག་གི་སྒྲུབ་ཕུག་མང་བོ་སོགས་གདོད་མ་ནས་ཡོད་པའི་ཁར།   དེང་སྐབས་གནས་སྐོར་གྱི་དགོས་མཁོ་དང་འབྲེལ་བའི་འཛུགས་སྐྲུན་ཅུང་རྒྱ་ཆེན་པོ་བྱས་དང་བྱེད་མུས་སུ་མཆིས།

 གནས་འདིར་ཕྱོགས་ཡས་མས་ནས་ཕེབས་པའི་མཇལ་སྐོར་བ་དང་གནས་སྐོར་བ་མང་བོ་འགྲོ་འོང་བྱེད་བཞིན་པས་ཡུལ་འདིའི་མི་རྣམས་ཀྱི་འཚོ་བའི་ཡོང་འབབ་བཙལ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད།   གནས་འདིར་དགོན་གོང་མ་དང་བར་མ།ཞོལ་མ་གསུམ་ཡོད་ཅིང་ང་ཚོད་བྲག་ཕུག་ཞོལ་མ་མ་གཏོགས་འགྲོ་མ་ཐུབ་པས་རྒྱུས་ལོན་ཞིབ་མོ་བྱེད་མ་ཐུབ་ཀྱང་འབྲེལ་ཡོད་ཡིག་ཆ་དག་ཏུ་འཁོད་པ་གཞིར་བཟུང་ནས་ངོ་སྤྲོད་རོབ་ཙམ་ཞུ་བར་འདོད་དོ།   །

བྱམས་པ་འབུམ་གླིང་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཡོན་ཅི་རྫོང་མཁར་ནས་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་35ཡི་མཚམས་སུ་གནས་ཤིང་།   རྒྱ་སྐད་དུ་炳灵寺ཞེས་ཟེར་ཞིང་།   དེ་བོད་སྐད་ཀྱི་འབུམ་གླིང་ཞེས་པ་སྒྲ་སྒྱུར་བྱས་པར་མངོན།   དེ་ནི་ཀན་སུའུ་ཞིང་ཆེན་གྱི་བྲག་ཕུག་ཆེས་ཆེ་བའི་གྲས་སུ་གཏོགས།   བྲག་ཕུག་འདི་ཆེས་ཐོག་མར་སྤྱི་ལོ་420ཡས་མས་སུ་བཞེངས་མགོ་བརྩམས་པ་ནས་རིམ་གྱིས་རྒྱ་བསྐྱེད་དེ་ད་བར་ལོ་ངོ་ཆིག་སྟོང་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཞེས་འཛིན་བྱང་སྟེང་གི་མཚམས་སྦྱོར་ཡི་གེ་རུ་གསལ།   བྲག་ཕུག་ཉིས་བརྒྱ་བཅུ་དྲུག་དང་།   ལྷ་སྐུ་དང་ལྡེབ་བྲིས་སྣ་ཚོགས་བརྒྱད་བརྒྱ་ལྷག་དང་།   མཆོད་རྟེན་རིགས་མི་འདྲ་བ་ལྔ་བཅུ་ལྷག་བཅས་ལ་རྒྱ་ཁྱོན་སྨི་གྲུ་བཞི་མ་ཆིག་སྟོང་ལྷག་མཆིས།   དེ་དག་ནི་ཟངས་དང་ལྕགས།   རྡོ་སོགས་རིགས་རྫས་བཞི་བརྒྱ་ལྷག་ལས་གྲུབ།   སྤྱི་ལོ་1961ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེས་ཐོག་མའི་སྣ་རྫས་སྲུང་སྐྱོབ་སྡེ་ཁག་ཏུ་ཁྱབ་སྒྲོག་བྱས།

མདོ་སྨད་ཆོས་འབྱུང་ལས།༼1987ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་227པར༽བྱམས་པ་འབུམ་གླིང་གི་བྱམས་ཆེན་འདི་ངག་རྒྱུན་འགར་ཀོང་ཙེས་བཞེངས་པ་ཡིན་ཟེར་ཞིང་།  དེའི་རྒྱུ་མཚན་གྱིས་ཀོང་ཙེའི་མིང་ལ་ཡང་བཟོ་ཀོང་ཙེ་དང་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་བཤད།   འགའ་ཞིག་དེ་བོན་པོ་ཞིག་ཡིན་པ་གཞིར་བཞག་ནས།  དང་པོ་སྟོན་པ་གཤེན་རབ་ཀྱི་སྐུ་ཡིན་པ་ལ་ཕྱིས་སུ་གཙུག་ཏོར་སོགས་བསྣན་ཏེ་བྱམས་སྐུའི་རྣམ་པར་བསྒྱུར་ཟེར་སྣང་།   དེ་དང་མཐུན་པར་ཐུའུ་བཀྭན་རིན་པོ་ཆེས། གནའ་དུས་གཤེན་རབ་ལོའུ་གྱིན་རྣམ་པ་སྟེ།  །ད་ལྟ་མཆོག་གི་སྤྲུལ་སྐུའི་ཆ་བྱད་དུ།   །བསྒྱུར་ལ་རྒྱལ་བའི་བྱིན་བརླབས་ཞུགས་པ་ཡི།     །འབུམ་གླིང་བྱམས་ཆེན་སྐུ་བརྙན་མཇལ་ལགས་སམ།   །ལྷ་སྐུ་མཆོད་རྟེན་སྤྱི་བླུགས་རྡོར་དྲིལ་སོགས།    །རྣམ་པ་སྣ་ཚོགས་བྲག་ལ་རང་བྱོན་དུ།    །བྱུང་བས་ཕྱོགས་མཚམས་ཁོར་ཡུག་ཀུན་གང་བའི།   །གནས་ཀྱི་ངོ་མཚར་ལྟད་མོ་གཟིགས་ལགས་སམ།   །ཞེས་དང་།  སྐལ་ལྡན་ཆོས་འབྱུང་དུ།ཀོང་ཙེ་འཕྲུལ་རྒྱལ་གྱིས་བྱམས་སྐུ་ཆེན་མོས་ཐོག་དྲངས་བྱམས་སྐུ་འབུམ་ཐེར་བཞེངས།འདི་ལ་རྒྱལ་བ་བསོད་ནམས་རྒྱ་མཚོ།སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོ།   སྟོང་འཁོར་ཡོན་ཏན་རྒྱ་མཚོ།   རྒྱལ་བ་རྒྱ་མཚོ།སྡེ་བ་ཞབས་དྲུང་རྣམས་ཆེད་གཉེར་གྱིས་མཇལ་བར་ཕེབས།   ཞེས་དང་།   ཡང་དེ་ལས།གུང་ཐང་འཇམ་པའི་དབྱངས་ཀྱིས་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པའི་ལམ་ཁར་བློན་པོ་མགར་ལ་སྒུག་སྡོད་མཛད་དེ་བྲག་ལ་བྱམས་ཆེན་བརྐོས་ཟེར་བ་དང་།   འགའ་ཞིག་ཏུ་རྫུ་འཕྲུལ་གྱིས་ཤ་བ་བཟུང་སྟེ་ཞིང་རྨོད་པ་དང་།    བྲག་ལ་བྱམས་ཆེན་ཁྲུ་བརྒྱད་ཅུ་བ་བཞེངས་པར་བཤད་ཀྱང་གཞན་དེ་འདྲ་སྟོན་རྒྱུ་མི་སྣང་།  དེ་དུས་གོང་མའི་ཕོ་བྲང་ཞིང་ངན་ཧཱུ་ཡིན་པས་དེར་ཇོ་བོའི་བཞུགས་ཁྲི་ད་ལྟའི་བར་དུ་ཡོད་ལ།   དེ་ནས་ཀོང་ཇོ་སྟོང་འཁོར་དུ་ཕེབས།   རྡོ་ཉི་ཟླ་ནས་མགར་གྱིས་ཕེབས་རྗེས་ཟིན་པ་གྲགས་ཆེ་བས་འདི་ཕྱོགས་ཕེབས་ལམ་འཁྲུལ་མེད་དུ་ཤེས་པས་ཀོང་ཇོ་ལ་སྒྲ་ནོར་བ་འདྲ་གསུངས།   ཞེས་དང་། ཆོས་འབྱུང་འདིར་མཁར་ནག་ཆོས་འབྱུང་དྲངས་པ་ལས།རྨ་ཆུ་ཁའི་སྒྱུ་འཕྲུལ་གྱི་ལྷ་ཁང་།   བཟོ་བོ་མཁས་པ་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་པའི་འབུམ་གླིང་དུ་རྗེ་རིན་པོ་ཆེའི་བསྟན་པ་དར་ཞིང་ཁྲི་ཐོག་དཔོན་པོས་སྨོན་ལམ་ཆེན་མོ་བཙུགས།    ཞེས་པ་སོགས་འཁོད།

གཞན་ཡང་ལོ་རྒྱུས་ཀྱི་རྒྱུ་ཆ་འགའ་རེ་ན་འདི་དང་བཤད་ཚུལ་མི་མཐུན་པ་འགའ་རེ་སྣང་མོད་མ་བྲིས་སོ།   །ང་ཚོས་མཇལ་བའི་བྱམས་སྐུ་ཆེ་བ་དེ་བཟང་བོའི་བཞུགས་སྟངས་ལ་དབུ་གཙུག་ཏོར།   ཕྱག་གཡས་ས་གནོན་དང་གཡོན་མཉམ་བཞག་གིས་ཆོས་འཁོར་ཞིག་བསྣམས་ཡོད་པར་མདོ་སྨད་ཆོས་འབྱུང་དུ་གསུངས་ཀྱང་ཕྱག་གཡོན་པར་རིག་གསར་སྐབས་གཏོར་སྐྱོན་ཐེབས་པ་ད་རུང་རང་སོར་བཞག་ཡོད་དོ།    །བྱམས་སྐུའི་མདུན་ཕྱོགས་སུ་ལྷ་ཁང་ཞིག་ཏུ་བྱམས་པ་གློ་ཉལ་གྱི་འཇིམ་སྐུ་ཧ་ཅང་ཆེན་པོ་ཞིག་བཞུགས་ཤིང་དེ་ནི་རྒྱལ་ནང་གི་བྱམས་པ་གློ་ཉལ་གྱི་འཇིམ་སྐུ་ཆེས་ཆེ་བར་ངོས་འཛིན་བྱས་ཡོད་པར་གསལ་བྱེད་ཡི་གེ་རུ་བཀོད་ཡོད་དོ།    །

          2018,5,25ཉིན་བྲིས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།