དབུ་མའི་ཚོགས་གླེང་གི་ཚིག་བཀྲ་བཞུགས་སོ༎

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-25 20:54:28     རྩོམ་པ་པོ།   རྐྱང་ཚ་དགེ་འདུན་སྐལ་བཟང་།    ཀློག་ཐེངས།  

 91ed27bb373cfe9423b804dce38f0196.jpg

དེ་ཡང་ཇི་སྐད་དུ། 

ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ། །

སྒོམ་པ་རྣམ་དག་བྱིང་རྨུགས་མུན་པ་སངས། །

སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་བཞིན་བསྒྲུབས། །

བློ་བཟང་རྒྱལ་བའི་བསྟན་པ་རྒྱས། ཞེས་གསུངས་པ་ལྟར། རྟག་དང་ཆད་པའི་མཐའ་ལས་གྲོལ་བའི་རྟེན་འབྱུང་གི་ལྟ་བ་རྣམ་དག་ཐུགས་ལ་འཁྲུངས་ཤིང་། བྱིང་རྨུགས་གཉིས་ཀྱི་སྐྱོན་དང་བྲལ་བའི་རིམ་གཉིས་ཀྱི་སྒོམ་པ་ཟབ་མོ་རྒྱུད་ལ་མངའ་བ། ཕྱིན་དྲུག་བསྡུ་དངོས་བཞི་ཡིས་བསྡུས་པའི་སྡོམ་གསུམ་གྱི་སྤྱོད་པ་གཙང་མས་ཉེ་བར་མཛེས་པ། འཇམ་མགོན་རྒྱལ་བ་གཉིས་པའི་ལུགས་བཟང་དྲི་མ་མེད་པ་འདི་ཉིད། བཤད་སྒྲུབ་ཟུང་དུ་འབྲེལ་བའི་སྒོ་ནས་འཛིན་ཅིང་སྤེལ་བར་མཛད་པའི་བཤེས་གཉེན་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ།

རང་ཅག་གཉིས་ཀྱིས་རྒྱལ་བའི་གསུང་གི་གཅེས་མཛོད་དམ་པ། ཀླུ་སྒྲུབ་ཡབ་སྲས་གཉིས་ཀྱི་ལུགས་བཟང་། འཇམ་མགོན་རྒྱལ་བའི་ཐུགས་ཀྱི་ཉིང་བཅུད། བསྟན་པའི་སྙིང་བོ་ཟབ་མོ་དབུ་མའི་གཞུང་ལས་བརྩམས་ཏེ། ལུང་དང་རིགས་པའི་ལམ་ནས་འབེལ་གཏམ་ཅུང་ཟད་བགྱིས་པ་འདིས་མཚོན། རང་གཞན་སྐྱེ་འཕགས་ཡོངས་ཀྱིས་དུས་གསུམ་དུ་བསགས་པའི་བསོད་ནམས་ཡེ་ཤེས་ཟུང་དུ་འཇུག་པའི་ཚོགས་གཉིས་འོ་མའི་ཕུང་བོ་ཇི་སྙེད་ཅིག་མཆིས་པ་རྣམས་ཀྱང་། མཆོག་གསུམ་རིན་ཆེན་དབང་གི་རྒྱལ་བོའི་ཐུགས་རྗེ་དང་བྱིན་མཐུ་ལ་བརྟེན་ནས། རྒྱལ་དང་རྒྱལ་བའི་སྲས་པོ་རྣམས་ཀྱི་སྨོན་ལམ་གྱི་ཆུ་ཀླུང་ཆེན་པོར་གཅིག་ཏུ་འདྲེས་ཏེ། རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པ་རྒྱ་མཚོར་ཡོངས་སུ་སྤྱོད་པར་འགྱུར་བ་དང་།

དབུ་སྔགས་ཟུང་དུ་འབྲེལ་བའི་ལུགས་བཟང་འདི་ཉིད་འཛིན་ཅིང་སྤེལ་བར་བྱེད་པ་རྣམས་ལ་མཐུན་རྐྱེན་སྡོངས་གྲོགས་མཛད་པའི། དཀར་ཕྱོགས་ལྷ་ཀླུ་རྣམས་ཀྱི་གཟི་དཔལ་རྒྱས་ཤིང་། སྦྱིན་པའི་བདག་པོ་རྣམས་ཀྱི་མངའ་ཐང་དར་བ། ཁྱད་པར་དུ་ཡང་རང་རེ་དཔོན་སློབ་ཡོངས་ཀྱིས་མཚོན་པའི་ཚུལ་འདིར་མོས་པའི་སྐྱེ་འགྲོ་ཀུན་ཀྱང་། ཚེ་རབས་ཀུན་ཏུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཐོས་བསམ་སྒོམ་གསུམ་གྱིས་ཉིན་མཚན་འདའ་ཞིང་། མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་དལ་བའི་རྟེན་བཟང་གི་ཡིད་བཞིན་གྱི་ནོར་ལས་འདོད་པའི་དོན་གཉིས་འགྲུབ་པར་འགྱུར་བ་དང་།

དཔལ་ལྡན་གསང་བའི་བདག་དང་ལེགས་ལྡན་ནག་པོ་ལ་སོགས་མཐུ་ལྡན་སྲུང་མའི་ཚོགས་ཀྱིས། རྒྱལ་བའི་བསྟན་པ་ཆོས་བཞིན་བསྐྱང་བར་ཞལ་གྱིས་བཞེས་པའི་གཡར་དམ་མངོན་དུ་གྱུར་པ་ལ་བརྟེན་ནས། བཤད་སྒྲུབ་ཆོས་ཀྱི་དགའ་ཚལ་ཇི་སྙེད་ཅིག་མཆིས་པའི་ཁྲོད་ན་རྒྱལ་མཚན་གྱི་ཏོག་བཞིན་མངོན་པར་འཕགས་པའི་ཆོས་སྡེ་ཆེན་པོ། དཔལ་ལྡན་མི་འགྱུར་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་འདིས་མཚོན། ཕྱོགས་ཀྱི་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་གི་ངོས་ནས། བསྟན་པའི་སྙིང་བོ་མཐའ་བྲལ་ཟབ་མོ་དབུ་མའི་ལུགས་བཟང་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་འགྱུར་བ་ཡིན་པར་ཐལ།

དེ་ལྟར་ཡིན་ནོ་ཞེས་པའི་ཚུལ་དང་བོ་དེ་ཉིད་སྟོན་པར་བྱེད་པ་ལ།

དུས་གསུམ་དགེ་ཚོགས་རང་གཞན་གང་བསགས་པ། །

རྒྱལ་བ་རྣམས་ཀྱི་སྨོན་པའི་ཆུ་ཀླུང་གིས། །

རབ་འབྱམས་རྒྱལ་བའི་མཛད་སྤྱོད་རྒྱ་མཚོ་ཆེར། །

མ་ལུས་སྤྱོད་པར་མཆོག་གསུམ་མཐུས་འགྲུབ་ཤོག ། ཅེས་པའི་གཞུང་འདི་བྱུང་།

ཚུལ་གཉིས་པ་དེ་ཉིད་སྟོན་པར་བྱེད་པ་ལ།

ཚུལ་འདི་སྒྲུབ་ལ་མཐུན་རྐྱེན་གྲོགས་མཛད་པའི། །

སྐྱེ་འགྲོ་ཀུན་ཀྱང་རྒྱལ་བའི་བསྟན་པ་ལ། །

ཚེ་རབས་ཐོས་བསམ་སྒོམ་པས་ལེགས་སྤྱོད་པའི། །

དལ་བའི་རྟེན་ལ་དོན་གཉིས་འགྲུབ་པར་ཤོག ། ཅེས་པའི་གཞུང་འདི་བྱུང་།

ཚུལ་གསུམ་པ་དེ་ཉིད་སྟོན་པར་བྱེད་པ་ལ།

སྔོན་ཚེ་ཟབ་མོའི་བསྟན་པ་བསྲུང་ངོ་ཞེས། །

ཞལ་བཞེས་གསང་བའི་བདག་དང་ལྷའི་དབང་བོ། །

ལེགས་ལྡན་ནག་པོ་སོགས་ཀྱིས་གཡར་དམ་བཞིན། །

དབུ་མའི་ལུགས་བཟང་ཕྱོགས་བཅུར་རྒྱས་པར་མཛོད། ། ཅེས་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར།

 

         ཞེས་པ་འདི་ནི་དབུ་མའི་ཚོགས་གླེང་ལ་ཉེ་བར་མཁོ་བའི་ཡན་ལག་ཏུ་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་གྲལ་མཐའ་བ་རྐྱང་ཚ་དགེ་འདུན་སྐལ་བཟང་དུ་འབོད་པས་༢༠༡༧ལོའི་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་བཞི་སྟེ་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་སྦྱར་བ་དགེ

འཁྲུལ་བྲལ་དགེ་ལྡན་བསྟན་པའི་ཉིན་བྱེད་ཀྱི༎བཀྲ༵་ཤིས་གཟི་འོད་ཕྱོགས་བཅུར་འཕྲོས་པ་ཡིས༎རབ་བཞད་བཤད་སྒྲུབ་ཆོས་སྡིང༵ས་པད་དཀར་ཚལ༎སྐལ་བཟང་བུང་བ་རྩེན་པའི་གླིང་ནས་སྤེལ༎

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

བརྒྱུད་འགོད།