རྗེས་དྲན་ཆེད་བསྒྲིགས། ཀླུ་ཚང་དགོན་པའི་དགེ་བའི་བཤེས་གཉེན་ཤེས་རབ་བསྟན་དར་གྱིས་རྗེ་བླ་མའི་རྣམ་ཐར་གྱི་ཕར་ཕྱིན་དྲུག་གི་མཛད་པ་ལས་འཕྲོས་པའི་རྗེས་དྲན་གསུང་བཤད་གནང་།

    སྤེལ་དུས།  2017-06-16 19:34:45         ཀློག་ཐེངས།  

微信图片_20170612201229.jpg

 

微信图片_20170610204743.jpg

 "ལ་མོ་ཡོངས་འཛིན་འདྲ་བ་འཛམ་གླིང་ན་གཅིག་གཉིས་མ་གཏོགས་མེད།"འདི་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཆེན་མོ་རྗེ་དཔལ་ལྡན་རྒྱ་མཚོས་ཐར་ཤུལ་དགོན་པར་སྤྲུལ་སྐུ་ལ་བཀའ་ཆོས་ཐོག་མར་གནང་དུས་གསུངས་པ་སྟེ། ཁོང་གིས་ལ་མོ་ཡོངས་འཛིན་རིན་པོ་ཆེར་གདེང་འཇོག་བྱས་པའི་ཚིག་ཅིག་ཀྱང་ཡིན། 

ངོ་མ་འཛམ་གླིང་ན་ཁོང་ལྟ་བུའི་མཁས་བཙུན་བཟང་གསུམ་གྱི་ཕ་རོལ་ཏུ་ཕྱིན་ཞིང་། འཆད་རྩོམ་རྩོམ་གསུམ་ལ་དབང་དུ་འབྱོར་བ། དབང་ལུང་རྗེས་གསུམ་གྱི་བང་མཛོད་དུ་གྱུར་པ་ཞིག་བྱུང་མྱོང་མེད་ཚོད་ཡིན།ལྷག་པར་བསྟན་པ་ཡང་དར་གྱི་སྐབས་འདིར་བསྟན་འགྲོའི་ཐུགས་བསྐྱེད་ཁུར་དུ་བཞེས་པ་ལ་ཁོང་འདྲ་བ་ཞིག་བྱུང་མྱོང་མེད། 

དེ་རིང་གི་ཚོགས་འདུ་འདི་ནི་ངའི་མི་ཚེ་འདིར་ངེས་པར་གཞུག་དགོས་པའི་ཚོགས་འདུ་ཞིག་ཡིན། ངེས་པར་གཞུག་དགོས་དོན་ཡང་བླ་མའི་རྗེས་དྲན་གྱི་ཚོགས་འདུ་ཡིན་པས་སོ། ། ང་ཁོང་གི་མདུན་དུ་བཅར་བའི་དུས་ཤིན་ཏུ་ཉུང་ཡང་། ཁོང་གི་གསུང་གི་སྐད་ཅིག་མ་རེ་ནི་བདག་གི་ལུས་ངག་ཡིད་གསུམ་གསོ་བའི་སྨན་ཉག་ཅིག་ཏུ་གྱུར། 

དེ་བས་བདག་གིས་ཆེད་དུ་སྐད་ཆ་ཕྱོགས་གསུམ་ནས་བཤད་འདོད། 

དང་བོ། རྗེས་དྲན་གྱི་དོན་སྙིང་།

དེང་སང་བླ་མ་རྗེས་དྲན་བྱེད་པ་མང་། མང་བོ་ཞིག་ནི་བོད་རང་གི་གདུང་མཆོད་ཀྱི་རྣམ་པ་འབོར་བཞིན་ཡོད།ཁྱད་པར་རང་གི་བླ་མ་ལ་རྗེས་དྲན་བྱེད་དུས་མི་རིགས་རང་གི་ཁྱད་ཆོས། ནང་བ་སངས་རྒྱས་པ་རང་གི་ཁྱད་ཆོས། དགོན་སྡེའི་ཁྱད་ཆོས་སོགས་འབོར་བཞིན་ཡོད། བླ་མ་རྗེས་དྲན་དེང་གི་དཔོན་པོ་དང་མཁས་པ་རྗེས་དྲན་ལྟ་བུ་མ་ཡིན་པར་རང་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བའི་བླ་མ་རྗེས་དྲན་ཡིན་པས་ན་གཞན་ལས་ཁྱད་པར་དགོས་པ་མ་ཟད། རང་རེ་ནང་བ་སངས་རྒྱས་པ་ཡིན་པས་ནང་བ་སངས་རྒྱས་པའི་བླ་མར་ཇི་ལྟར་རྗེས་དྲན་བྱེད་པའི་སྲོལ་དང་ལྡན་པར་བྱེད་པ་ཤིན་དུ་གལ་ཆེ། དེ་བས་འདིར་བླ་མའི་རྗེས་དྲན་གྱི་སྐོར་ཅུང་ཟད་གླེང་རྒྱུ་ཡིན།

དང་བོ། བླ་མ་རྗེས་དྲན་གྱི་དགོས་པ།

སྤྱིར་ན་བླ་མ་དྲན་པ་ནི་དྲན་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ཏེ།དམ་ཚིག་བཀོད་པར།མཚན་དང་དཔེ་བྱད་འབར་བའི་ལྷ། །བསྐལ་བ་སྟོང་དུ་བསྒོམས་པ་བས། །བླ་མ་སྐད་ཅིག་དྲན་པ་མཆོག།ཅེས་དང་།སྡོང་བོ་བཀོད་པ་ལས།དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མི་འབྲལ་བ་ལ་དོན་ཐམས་ཅད་མངོན་དུ་འགྱུར་རོ། །ཞེས་མདོ་རྒྱུད་བསྟན་བཅོས་དག་ལས་རྒྱ་ཆེར་གསུངས་སོ། །

གཉིས་པ། བོད་ལ་བླ་མ་རྗེས་དྲན་ཇི་ལྟར་དར་ཚུལ།

བོད་ལ་ཇོ་བོའི་རིང་ཐོག་མར་བླ་མ་ལ་འདས་མཆོད་བྱེད་པའི་སྲོལ་དར་ཞིང་། བཀའ་གདམས་ཆོས་འབྱུང་ལས། ཇོ་བོ་སྙེ་ཐང་ན་བཞུགས་དུས་བླ་མ་གསེར་གླིང་བའི་ལོ་རྒྱུས་བྱས་པས།ཇོ་བོ་སྤྱན་ཆབ་མང་དུ་བྱུང་། ཨ་ཏི་ཤ་ཅི་ནོངས་ཞུས་པས། བླ་མ་དྲན་པར་གྱུར་ཏོ་གསུངས། བླ་མ་ནི་མང་ན་གང་ལགས་ཞུས་པས།གསེར་གླིང་བ་དྲན་པར་གྱུར་ཏོ་གསུངས་ནས་སྤྱི་བོར་ཕྱག་ཐལ་མོ་སྦྱོར། འདས་མཆོད་བཟང་བོ་རེ་ཅི་ནས་ཀྱང་མཛད་དོ། །ཞེས་གསུངས་ཤིང་དེ་ལས་བལྟས་ན་བོད་ལ་གདུང་མཆོད་ཀྱི་སྲོལ་ཇོ་བོ་རྗེ་ཨ་ཏི་ཤ་ནས་བྱུང་བར་མངོན་ནོ། །

  ཡང་བཀའ་གདམས་ཆོས་འབྱུང་ལས།  དེའི་སྲོལ་དགེ་བཤེས་སྟོན་པ་ནས་འདས་མཆོད་དར་ཏེ། ཞེས་གསུངས་ཤིང་། ཡང་འབྲོམ་ནས་བཟུང་རྒྱ་ཆེན་པོ་དར་ཞིང་། ཤ་ར་བ་ཆེན་པོས། འདས་མཆོད་སྲོལ་བཟང་བོ་དར་རོ། །ཞེས་བསྔགས་པ་ཆེད་དུ་བརྗོད་པ་བཞིན་འབྲོམ་ནས་བཟུང་བླ་མར་གདུང་མཆོད་བྱེད་པའི་སྲོལ་རྒྱ་ཆེར་དར་ཞིང་། དེ་ལ་སྐྱེས་བུ་དམ་པ་རྣམས་ཀྱིས་བསྔགས་པ་བརྗོད་པའང་ཤིན་ཏུ་གསལ།

དེ་ནས་བཟུང་རིམ་བཞིན་བླ་མ་ལ་འདས་མཆོད་དམ་དགོངས་རྫོགས་ཀྱི་མཆོད་པ་འདི་ཉིད་དར་བར་མངོན་ནོ། །

གསུམ་པ། རྗེས་དྲན་ཇི་ལྟར་བྱེད་ཚུལ།

       བླ་མར་རྗེས་སུ་དྲན་ཚུལ་ནི་ལམ་རིམ་ཆེན་མོ་ལས། བླ་མ་དྲན་ཚུལ་ལ་བླ་མ་སངས་རྒྱས་ལས་ལྷག་པའི་བཀའ་དྲིན།ཆོས་གསུངས་པའི་བཀའ་དྲིན།ཤེས་རྒྱུད་བྱིན་གྱིས་བརླབས་པའི་བཀའ་དྲིན།ཟང་ཟིང་གིས་འཁོར་དུ་བསྡུས་པའི་བཀའ་དྲིན་ནོ། །ཞེས་ཕྱོགས་བཞི་ནས་རྗེས་དྲན་བྱ་དགོས་པར་གསུངས།

ཇི་ལྟར་བྱེད་ཚུལ་རྗེས་དྲན་ལ་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས།དེ་ལྟར་བླ་མ་རྗེ་བཙུན་གྱི་ཡོན་ཏན་ཡིད་ལ་དྲན་པར་བྱས། འདྲ་འབག་གི་སྤྱན་སྔར་མཆོད་པ་ཕུལ་ཏེ། དགའ་ལྡན་གནས་སུ་སྐྱེ་བར་གསོལ་བ་འདེབས་དགོས་ཏེ། །ཞེས་གསུངས།དགེ་བཤེས་ལོ་ཙ་བས།ཁྱོད་ཀྱི་ཡོན་ཏན་དྲན་པ་ན། །མཆི་མ་དཀུ་ཞིང་བ་སྤུ་ལྡང་། །བླ་མ་རྗེ་བཙུན་ཁྱོད་དང་ནི། །དགའ་ལྡན་གནས་སུ་འགྲོགས་པར་ཤོག།ཅེས་བླ་མའི་ཡོན་ཏན་རྗེས་སུ་དྲན་ནས་མཆོད་པ་ཕུལ་ཏེ་གསོལ་བ་འདེབས། 

དུས་གང་ལ་དྲན་ཚུལ་ནི་དུས་འཁོར་རྩ་བའི་རྒྱུད་ལས།  བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག ། ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། ། བསྐལ་བར་བསཊ་པའི་སྡིག་པ་རབ་བཅོམ་ནས། ། ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། ། སྟོང་གསུམ་སྐྱེ་བོའི་མིག་བྲལ་སྲོག་ཉམས་ལ། ། མིག་དང་སྲོག་སྦྱིན་པས་ཀྱང་དཔེར་མི་ཕོད། །ཅེས་གསུངས་པ་ལྟར་བླ་མ་འདས་པའི་ལོ་དེ་དང་ཟླ་བ་དེ། ཚེས་དེར་བྱས་ན་ཕན་ཡོན་གཞལ་དུ་མེད་པ་འབྱུང་ངེས་པ་ལས་མི་རིགས་གཞན་གྱི་སྲོལ་ལྟར་སྐུ་འཁྲུངས་པ་ནས་རྗེས་དྲན་མི་བྱེད། 

དེ་ལྟར་མཆོད་པ་བྱེད་པ་འདིའི་མིང་ལ་གདུང་མཆོད་ཟེར་ལ་གྲོང་བ་ཡིན་ན་དུས་དྲན་ཟེར། སྔོན་གྱི་ཡིག་ཚང་ལས་འདས་མཆོད་ཟེར། འདས་མཆོད་དང་གདུང་མཆོད། ཡང་ན་དགོངས་རྫོགས་ཀྱི་མཆོད་པའང་ཟེར་ཞིང་དེ་རེ་རེ་ལ་གོ་བ་རེ་ཡོད། 

གདུང་མཆོད་བྱེད་དུས་༡མཆོད་པ་རྒྱ་ཆེན་པོ་བྱ་དགོས། ༢བླ་མའི་རྣམ་ཐར་རྗེས་སུ་དྲན་པ། ༣ངེས་པར་སྡིག་སྤོང་དགེ་སྒྲུབ་བྱ་དགོས་པ་ལས་འཇིག་རྟེན་ཆོས་བརྒྱད་དང་འགྲོགས་པའི་གདུང་མཆོད་མི་རུང་སྟེ། དེ་ནི་བླ་མ་ཐུགས་མི་མཉེས་པའི་རྒྱུ་རུ་འགྱུར་རོ། །

མདོར་ན་རྣལ་འབྱོར་གྱི་དབང་ཕྱུག་རྗེ་ལྕང་སྐྱ་རིན་པོ་ཆེའི་ཞལ་ནས།ཚུལ་ཁྲིམས་རྣམ་པར་དག་པའི་ཞིང་ས་ལ། །ཐོས་བསམ་སྒོམ་པའི་མཆོད་ཚོགས་རྒྱ་མཚོ་འདི། །དཔལ་ལྡན་བླ་མ་དགྱེས་པའི་མཆོད་པ་འབུལ། །ཞེས་གསུངས་པ་ལྟར།ཚུལ་ཁྲིམས་རྣམ་པར་དག་པས་ཐོས་བསམ་སྒོམ་གསུམ་ལ་འབད་པ་དེ་ཡིན།   

གཉིས་པ།  ཁོང་གི་རྣམ་ཐར་ལས་ཕར་ཕྱིན་དྲུག་གི་སྐོར་མདོར་བསྡུས།

དེ་རིང་ངས་བླ་མ་རྗེས་སུ་དྲན་ཚུལ་ནི་ཁོང་གི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་སྐྲ་རྩེར་བླངས་པའི་ཐིགས་པ་ལྟ་བུ་ཞིག་དད་པའི་གསོས་སུ་བརྗོད་རྒྱུ་ཡིན་ལ། ངའི་རང་གི་དད་པ་ཡིན་ན་འདྲ། སྣང་ཚུལ་ཡིན་ནའང་འདྲ། ཐོས་པའི་རྣམ་ཐར་ཡིན་ནའང་འདྲ། ཁོང་བྱང་ཆུབ་སེམས་དཔའ་བསམ་བཞིན་དུ་འགྲོ་བའི་དོན་དུ་བྱོན་པ་ཞིག་ཡིན་སྙམ་ཞིང་དེ་རིང་ཡང་དེའི་ཐད་ནས་ཐོར་བུ་ཙམ་ཞིག་བརྗོད་འདོད་པ་ཡིན། 

ཁོང་གིས་ངལ་རྩོལ་བསྒྱུར་བཀོད་བྱེད་སྐབས། སྤྱོད་ཁང་བདག་བྱེད་པ་སོགས་ཀྱང་ལས་ཀ་གང་ཡིན་པ་གང་ཧུར་བརྩོན་གྱིས་བསྒྲུབས།  མི་མང་བོ་ཞིག་ཟ་མ་མ་འཕྲོད་པ་དང་བཙོན་གྱི་སྡུག་བསྔལ་སོགས་ཀྱིས་ནད་པ་སྣ་ཚོགས་ཡོད་པས། ཁྲིམས་ཁང་གིས་ཁོང་འདེམས་ནས་དེ་དག་ལ་གཉེར་སྐྱོང་བྱེད་དུ་བཅུག  བཙོན་མ་མང་བོ་ནད་ཤིན་ཏུ་ལྕི་བས་གཙང་བཙོག་ངོས་མི་ཟིན་པ་ལ།  ཆབ་བསང་པ་དང་དྲི་ཆེན་འདོར་བ་དང་རྫབ་དོང་དུ་ལྷུང་བ་སོགས་ཀྱང་མང་བས་ཁོང་གིས་སྐྱུག་བྲོ་བ་མེད་པར་ལུས་འཁྲུད་པ་དང་གཙང་སྦྲ་སོགས་དམ་ལྷོད་མེད་པར་བསྒྲུབས་པ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལྷུར་བླངས།  

སྐབས་དེར་ལས་ཀ་ལས་དུས། ས་བདེ་བར་སྙོམས་པ་དང་། ལུད་ལ་སོགས་པ་བདེ་བར་སྙོམས་པ་སོགས་ཞིབ་ཅིང་ཚགས་པར་བྱེད་པ་ལ་དགོན་གསར་ཆོས་རྗེས་ཡོངས་འཛིན་ཁྱོད་ཀྱིས་དེ་ལྟར་ལས་ཀ་ཚགས་ཞིབ་མོས་བྱེད་པ་ལ་སྔ་མོ་ནས་བཙོན་གྲོལ་བཏང་ཡོང་འདོད་པ་ཡིན་ནམ། ཁྱོད་ཀྱིས་དེ་ལྟར་བྱས་ཀྱང་ཁ་ཡ་བྱེད་མཁན་ཡོད་མི་སྲིད་ཅེས་བཤད་པ་ལ། ཁོང་གིས་ཁྱོད་ཚོས་དེ་སྐད་མ་ཟེར། འདི་ལ་བརྟེན་ནས་ཀྱང་ཞིང་སྦྱོང་ཐུབ་པ་རེད། ང་ཚོས་འདི་ལྟར་ཞིང་སྦྱོང་དགོས་པ་རེད། ཅེས་གསུངས། ཡོངས་འཛིན་རིན་པོ་ཆེས་ཐུགས་རྒྱུད་ཚོད་མ་ལོན་པར་ངས་ཁོང་ལ་དེ་སྐད་སྐུར་བ་བཏབ་ནས་ཉེས་པ་ཆེན་པོ་བསགས་སོང་ཞེས་མིག་ཆུ་འདོན་བཞིན་དུ་ཨ་ལགས་ཁྲི་བ་ལ་བཤད་ཟེར། 

ཁོང་གི་གསུང་དེ་དང་སྤྱོད་པ་དེ་དག་ལས་ཁོང་བྱང་ཆུབ་སེམས་དཔའ་ཡིན་པའི་ངེས་ཤེས་སྐྱེ་འོང་ལ། ལྷག་པར་བདག་གི་ཁོང་གིས་རྣམ་ཐར་ལས་ཕྱིན་དྲུག་གི་སྐོར་གྱི་གནས་ཚུལ་འགའ་ཞིག་ཆོས་གྲོགས་རྣམ་པའི་སྤྱན་ལམ་དུ་འབུལ་རྒྱུ་ཡིན། 

དང་བོ།  སྦྱིན་པའི་ཕར་ཕྱིན།

ཁོང་ནི་སྦྱིན་པ་ལ་མཆོག་ཏུ་དཔའ་བ་ཞིག་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ། མི་འཇིགས་པའི་སྦྱིན་པ་གསུམ་ཡོད། 

དང་བོ། ཟང་ཟིང་གི་སྦྱིན་པ་ནི་རྒྱུ་ནོར་སྦྱིན་པ་ཡིན་ཏེ།ཁོང་གི་སྐུ་ཚེ་གང་བོར་སྦྱིན་པ་བཏང་བ་ནི་ཞིབ་ཏུ་བརྗོད་དུ་མི་ལང་། དཔེར་ན་ཁོང་མང་རྫོང་གི་བཙོན་ཁང་ནང་དུ་བཞུགས་དུས་ནངས་མོར་སྲང་དོ་ཅན་གྱི་ཅོང་རྡོག་གཉིས་དང་ཚོད་མ་ཟངས་སྐྱོགས་ནག་རིལ་དེ་གང་ཡིན། དྲོས་ཇ་འཐུང་རྒྱུ་མེད། དགུང་མོ་སྲང་བཞི་ཅན་གྱི་འཐེན་ཐུག་དཀར་ཡོལ་གང་ཡོད། གཞན་ཐམས་ཅད་ཕོ་བ་ལྟོགས་ནས་མི་བཟོད་ནའང་། ཁོང་གིས་ཞལ་ཁྲུས་ནས་ཅོང་རྡོག་གཅིག་ཁོང་གིས་བཞེས། ཅོང་རྡོག་གཅིག་དང་ཚོད་མ་བཙོན་གྲོགས་ལ་སྟེར་བ་སོགས་རང་ལས་གཞན་དོན་བསམ་ཞིང་གཞན་གྱི་ཆེད་དུ་རང་གི་ཟས་ཀྱང་སྦྱིན་པའི་སེམས་དཔའི་སྤྱོད་པ་འཛིན། 

གཉིས་པ། མི་འཇིགས་པའི་སྤྱིན་པ་ནི་གཞན་གྱི་འཇིགས་པ་བསལ་བའི་ཆེད་དུ་སྲོག་སྐྱོབ་པ་སོགས་ཡིན་ཏེ། དཔེར་ན་མང་རའི་ཡུལ་དུ་མདའ་འཕེན་སོགས་སུ་གསུར་ཕུལ་བ་མང་བོ་ཁོང་གིས་བཅད་པ་དང་། གཞན་ཁོང་བཙོན་ཁང་དུ་བཞུགས་དུས། ཁྲི་ཀའི་ས་ཆའི་རབ་འབྱོར་ཞེས་པ་ཞིག་སྨྱོས་ནས་སུས་ཀྱང་བདག་བྱེད་མ་ཐུབ་པས་ཁོང་གིས་བདག་བྱས། དེ་ཉིད་གཙོ་བོ་གཉེན་ཉེ་དུ་དང་བྲལ་ཞིང་། བཙོན་གྱི་སྡུག་བསྔལ་མ་བཟོད་པས་སྨྱོས་པ་ཡིན་པས་ཁོང་གིས་རྒྱུན་དུ་སེམས་གསོ་དང་བསླབ་བྱ་གང་མང་གནང་།

ཉིན་ཞིག་དགུང་མོ་གློ་བུར་དུ་ལངས་ནས་བྲོས། བཙལ་ནས་སོང་དུས་ཁོ་སྤྱོད་ཁང་དུ་ལྡིང་བས་ཁོང་གིས་བླངས་ནས། བོན་རྒྱའི་དགེ་ལེགས་རྒྱ་མཚོ་ལ། ཁྱེད་ཚོ་ལོ་ཆུང་བས་སྐྱུག་བྲོ་ན་ཁག་མེད། ཁྱོད་ཀྱིས་ཆུ་བླུགས་དང་ངས་འཁྲུད་ཅེས་ཁོང་གིས་ཕྱག་གིས་གཙང་མར་བཀྲུས། 

རྒྱུན་དུ་ཐབས་མཁས་ཀྱིས་སེམས་གསོ་དང་། དེའི་ཁམས་དང་མཐུན་པའི་བསླབ་བྱ་གང་མང་གནང་ཞིང་། རྒྱུན་དུ་ནད་གཡོག་གང་བཟང་བསྒྲུབས་པས། དེ་བས་སྨྱོན་པ་དེ་ཉིད་ཁོང་གི་བུ་བཞིན་དུ་རྒྱུན་དུ་རྗེས་སུ་འབྲངས་ནས་འགྲོ་བཞིན་ཡོད། ཟླ་ངོ་བཞི་ཙམ་སོང་རྗེས་སྨྱོ་ནད་རིམ་བཞིན་དྭངས། 

གསུམ་པ།ཆོས་ཀྱི་སྦྱིན་པ་ནི།རྗེ་ཙོང་ཁ་བ་ཆེན་པོས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་གསུངས་པ་ལྟར་གདུལ་བྱའི་རྨོངས་པའི་མུན་པ་སེལ་བ་དེ་ཡིན་ཞིང་།ཁོང་གིས་མང་རའི་ཡུལ་འདིར་ཕེབས་པ་ནས་སྐུ་ཚེ་གང་བོར་སྨིན་བྱེད་དབང་གི་རིམ་པ་དང་གྲོལ་བྱེད་ཁྲིད་ཀྱི་རིམ་པ།རྒྱབ་བརྟེན་ལུང་གི་རིམ་པ་སོགས་རྒྱུན་དུ་བཀའ་ཆོས་གནང་བཞིན་ཡོད་ཅིང་། དེ་ལས་གཞན་བླ་བྲང་བཀྲ་ཤིས་འཁྱིལ་དང་།རེབ་གོང་།མགོ་ལོག  མཚོ་སྔོན་པོ་གཡས་རུ་གཡོན་རུའི་ལྷ་སྡེ་མི་སྡེ་དག་ཏུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཞེས་པ་ནི་ཁོང་ཕེབས་པ་ཙམ་གྱིས་མ་ཡིན་པར་ཕེབས་ནས་ས་དེའི་མི་རྣམས་ལ་དམ་པའི་ཆོས་ཀྱི་བདུད་རྩི་གང་འདོད་དུ་གནང་བས་བྱིན་གྱིས་བརླབས་པ་ལ་ཟེར། དེ་བས་ས་ཆ་འདི་དག་གི་ཕྱོགས་སུ་ཁོང་གི་སློབ་མར་མ་གྱུར་པ་ཞིག་མེད་པའི་ཚོད་ཡིན།

དེ་བས་ཁོང་གིས་བདག་བཙོན་ཁང་ནས་ཕྱིར་ཡོང་དུས་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་གདན་འདྲེན་བྱས།དང་ལེན་མ་བྱས། ད་བསམ་ན་འགྲིག་འདུག  དེ་མིན་ན་འདི་འདྲ་བཀའ་ཆོས་ཤིག་སྤེལ་ཐུབ་རྒྱུ་མ་རེད་གསུངས། 

གཉིས་པ། ཚུལ་ཁྲིམས་ཀྱི་ཕར་ཕྱིན།

སྐྱེས་བུ་དམ་པ་ཡིན་མིན་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལས་བལྟ་དགོས་ཏེ། སྤྱིར་སྡོམ་པ་གསུམ་ནི་སོ་ཐར་གྱི་སྡོམ་པ་དང་བྱང་སེམས་ཀྱི་སྡོམ་པ། སྔགས་ཀྱི་སྡོམ་པ་གསུམ་ཡིན། ཕྱི་མ་གཉིས་ནི་སེམས་ཀྱི་སྡོམ་པ་ཡིན་པས་ལྷག་པར་བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པ་དང་དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ཡོད། ཁོང་ནི་ཚུལ་ཁྲིམས་གཡག་རྔ་བཞིན་དུ་སྲུང་བར་མཛད་ཅེས་པ་ལྟ་བུ་སྡོམ་པ་ནི་རང་གི་སྲོག་བཞིན་དུ་སྐྱོང་བར་མཛད། 

དཔེར་ན་ཁོང་གིས། གུང་ཁྲན་ཏང་གིས་བཙོན་ཁང་དུ་མ་བཅུག་ན་བདག་ལ་བུད་མེད་ཅིག་ལེན་དུ་བཅུག་ཡོད་སྲིད་ཅེས་སྐབས་དེར་སྐྱེས་བུ་དམ་པ་དག་ཀྱང་བཙན་གྱིས་སྐྱ་སར་འབེབ་དུ་བཅུག་པ་དང་། རིག་གསར་གྱི་སྐབས་སུའང་ཁོང་ལ་བཙན་གྱིས་སྐྱ་སར་འབེབ་པར་བསྐུལ་ནའང་ཁོང་གིས་དེ་ལས་གཞན་གྱི་འཐབ་རྩོད་ཀྱིས་གཅར་རྡུང་བྱེད་པ་འདེམས་པ་ལྟ་བུ་རེད། ལྷག་པར་ཁོང་བཙོན་ཁང་དུ་བཞུགས་སྐབས་ཀྱི་གཏམ་རྒྱུད་འདིས་ཁོང་གིས་ཚུལ་ཁྲིམས་ཇི་ལྟར་སྲུང་བ་གསལ་བོར་ཤེས་ཐུབ། 

སྐབས་ཤིག་ཁོང་ཟ་མ་བདག་གཉེར་བྱེད་མཁན་དོ་དམ་པར(保管)བསྐོས་ནས་རྩམ་པ་སོགས་བདག་བྱེད་དུ་བཅུག  ཁོང་གིས། ངས་རང་གིས་ཅི་ཡང་བླངས་མ་མྱོང་།  བདག་གིས་ངོ་ཚ་བསམ་པ་ལས་ལེན་མ་ཐུབ་པ་ཡིན།  རྗེས་སུ་ཏོས་ཀྲང་ཞིག་གིས་ཁ་རོགས་ལ་ཁོ་ལ་རྩམ་པ་ཞིག་བྱིན་ཞེས་དེ་ལ་བྱིན།དེ་མ་གཏོགས་ཟ་མ་ལ་ལག་ཐུག་མ་མྱོང་གསུངས། 

ཁོང་གིས་དངོས་སུ་གསུངས་པ་ལྟར་ངོ་ཚ་དང་ཁྲེལ་ཡོད་པའི་སྒོ་ནས་ཟས་ཁམ་གང་ཙམ་མ་བྱིན་པར་ཟ་བ་འཛེམ་པ་དེ་ལྟ་བུ་དམ་ཚིག་དང་སྡོམ་པ་དཔྲལ་བའི་མིག་བཞིན་དུ་བསྲུངས་པ་གསལ་བོར་མཚོན་པ་རེད། 

གསུམ་པ། བཟོད་པའི་ཕར་ཕྱིན།

ཇི་སྐད་དུ། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་ལ་གནོད་བསྐྱལ་ནའང་རྗེས་སུ་འཛིན་པའི་བཟོད་པ་དང་བྱམས་སྙིང་རྗེའི་ཆེན་པོ་མངའ། གལ་ཏེ་ང་ཚོས་དེང་འདིར་བྱང་ཆུབ་སེམས་དཔའ་ཞིག་འཚོལ་དགོས་ན་ཁོང་ལས་གཞན་པ་ཞིག་རྙེད་མི་སྲིད། ལྷག་པར་པན་ཆེན་བློ་བཟང་ཆོས་རྒྱན་གྱིས། ཁམས་གསུམ་སྐྱེ་དགུ་མ་ལུས་ཁྲོས་གྱུར་ཏེ། །གཤེ་ཞིང་མཚང་འབྲུ་བསྡིགས་ཤིང་སྲོག་གཅོད་ཀྱང་། །མི་འཁྲུགས་གནོད་ལན་ཕན་པ་སྒྲུབ་བྱེད་པའི། །བཟོད་པའི་ཕར་ཕྱིན་རྫོགས་པར་X། །ཞེས་གསུངས་པ་ལྟར་ཁོང་ལ་ཇི་ལྟར་གནོད་པ་བྱས་ཀྱང་ལན་དེ་སྙིང་རྗེ་བསྒོམས་ཏེ། དཔེར་ན་

རྗེས་སུ་ཁོང་ལ་འཐབ་རྩོད་འཛིན་མཁན་དག་གིས་ཁོང་གི་སྐུ་མདུན་དུ་ཕྱིན་ནས་རང་སྐྱོན་ངོས་ལེན་བྱེད་དུས། ཁོང་གིས་མ་ཤེས་ཡ། ཁྱོད་ཡིན་ནམ། མི་གཞན་ཞིག་ཡིན་འདོད་ཀྱང་ཁྱོད་ཡིན་ནམ། ཁྱོད་བཙན་པོ་ཞིག་ཡིན་ནས་ང་ལ་བསྡིགས་ཤིང་གཅར་བཏང་བའི་རྒྱུ་མཚན་ཡང་ཡིན་ནི་མ་རེད། ང་དམའ་མོ་ཞིག་ཡིན་ནས་ཁྱོས་ཐུབ་སོང་བའི་རྒྱུ་མཚན་ཡང་ཡིན་ནི་མ་རེད། དེ་དུས་ཀྱི་འགྲོ་ཕྱོགས་དེ་འདྲ་ཞིག་ཡིན་སོང་ནི་རེད། ཁོས་འཐབ་རྩོད་བཟུང་བཏང་བས་ཁོ་སོང་ན་ངོ་ཡོད་ཅིག་ཡིན་ནི་རེད་ཟེར་ནའང་ང་ལ་ཅང་ཡོད་ནི་མ་རེད་གསུངས་ཤིང་། ལྷག་པར་ཁོང་གིས། དེ་ཚོ་ལྷག་པར་ཅང་མེད། ལོ་ལོན་ལ་དགོས་པའི་མ་ཎི་སྐྱབས་འགྲོ། དམིགས་བརྩེ་མ་དང་མ་རུ་ཙེ། རྟ་མགྲིན་་གཟུངས་སྔགས་ཀྱི་ལུང་དགོས་ཞེས་འཐབ་རྩོད་འཛིན་མཁན་དག་ལ་ཆེད་དུ་ཐུགས་བརྩེ་བས་རྗེས་སུ་བཟུང་སྟེ་ལུང་ལ་སོགས་གསུངས་ནས་རྗེས་སུ་འཛིན་པ་རེད། 

དཔེར་ན། ཉིན་ཞིག་ཁོང་ལ་འཐབ་རྩོད་འཛིན་མཁན་ཞིག་མདུན་དུ་ཡོང་ཕྱག་གསུམ་བཙལ་ཏེ། ང་ལ་སྐྱོན་ཆ་ཡོད། བླ་མ་ཁྱེད་ཀྱི་མདུན་ནས་བཤགས་པ་བྱེད་ཀི་ཡིན་ཟེར་ནས་ངུས།  དེ་ནས་ཁོང་གིས་སྐྱོན་མེད་སྐྱོན་མེད། ངའི་སེམས་ལ་ཅི་ཡང་བཟུང་མེད། ཁྱོད་འདྲ་བ་ཁོང་ལ་འཐབ་རྩོད་བཟུང་བ་མང་བོ་ཞིག་ཡོད་པ་ཚང་མ་ངའི་མདུན་དུ་ཡོང་། ཁྱོད་རིག་རྒྱུ་མེད་པས་ངས་གིས་འདྲི་གིན་བསྡད་པ་ཡིན། དེ་རིང་ཡོང་བ་ལེགས། ཁྱོད་ངའི་མདུན་དུ་ཡོང་ན་ཆོག་ནི་རེད། སྲིད་ཇུས་དེ་འདྲ་ཞིག་གི་འོག་ནས་ང་ལ་ཅིག་བསྡིགས་བཏང་ན་ཅིས་སྐྱོན། ཆོག་ནི་རེད།  ད་སྐྱོན་མེད། འུ་གཉིས་བར་ན་ཁོག་དཔུང་དེ་འདྲ་ཡོད་ནི་མ་རེད་གསུངས་ཤིང་དབུགས་དབྱུང་ནས་རྗེས་སུ་བཟུང་། རྗེས་སུ་ནང་རྒྱུས་ཅན་གྱིས་ཁོང་ལ་འཐབ་རྩོད་བྱས་པའི་སྐོར་གླེང་ན་ཁོང་གིས་ད་དེ་གླེང་བས་ཅི་བྱེད།ཡར་འཇོག་མར་འཇོག་བྱས་ཟིན་པ་རེད་གསུངས།

བཞི་བ།  བརྩོན་འགྲུས་ཀྱི་ཕར་ཕྱིན།

ཇི་སྐད་དུ་ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་། །ཞེས་གསུངས་པ་ལྟར་སྐྱེས་བུ་ཆེ་འབྲིང་ཆུང་གསུམ། ཐེག་པ་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང་བརྩོན་འགྲུས་ཤིན་ཏུ་གལ་ཆེ། ཁོང་ནི་ཤེས་རབ་མེ་ལྟར་འབར་ནའང་བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་དུ་བསྟེན་པ་ཞིག་ཡིན། དཔེར་ན་ཆུང་དུས་ཁོང་དགུང་ལོ་དྲུག་གི་སྟེང་ནས་ཡིག་གཟུགས་སྦྱངས།ཁོང་གིས་ངས་ཡིག་གཟུགས་ལ་ཆེད་དུ་བརྩོན་པ་མ་བསྟེན་པར་ཁོམ་སྐབས་སུ་སྦྱངས། ཁོང་གིས་ངས་ཡིག་གཟུགས་སྣ་གཅིག་ལོ་རེར་སྦྱངས་པ་ཡིན་གསུངས།  ཁྱོད་ཚོས་ཀྱང་དེ་ལྟར་སྦྱང་དགོས།ཞེས་གསུངས་པ་ལྟར་ན་བརྩོན་པ་ཇི་འདྲ་བསྟེན་པ་ནི་གསལ་བོར་ཤེས་ཐུབ། 

ཁོང་གི་བརྩོན་འགྲུས་ཀྱི་ཕར་ཕྱིན་བརྗོད་པའི་ཡུལ་ལས་འདས་ནའང་འདིར་ཉིན་གཅིག་གི་མཛད་པ་ངོ་སྤྲོད་ཅུང་བྱེད། 

བླ་མ་ཞིག་གི་ཉིན་གཅིག་ཏུ་ཅི་ཞིག་མཛད་མིན་ནི་སུས་ཀྱང་བཤད་དཀའ་ཞིང་ལྷག་པར་ལ་མོ་ཡོངས་འཛིན་ལྟ་བུའི་སྐྱེས་བུ་ཆེན་པོ་འདི་ལྟ་བུ་ཞིག་གི་མཛད་པ་དེ་བས་ཀྱང་བཤད་དཀའ། ང་ཚོའི་མིག་དང་རྣ་བ་ནི་ཁབ་ཅིག་གི་བུ་ག་དང་འདྲ་བས་ཁོང་གི་ཐུན་མོང་གི་མཛད་པ་ཙམ་ལས་ང་ཚོའི་མིག་གིས་མི་མཐོང་བའི་མཛད་པ་དེ་དག་ལ་གཏན་ནས་ཤེས་ཐབས་མེད། ཕྱིའི་རྣམ་པ་དེ་དག་ནི་ཕྱི་རྣམ་པ་ཙམ་ཡིན་ལ།དེའི་ནང་དུ་འདུས་པའི་ཏིང་ངེ་འཛིན་དང་བྱམས་སྙིང་རྗེ་སོགས་མིག་གིས་མཐོང་མི་ཐུབ་པའི་མཛད་པ་དེ་བློ་ཡུལ་ལས་འདས། 

ཁོང་རིན་པོ་ཆེ་ཞོགས་པའི་དུས་ཚོད་5སྟེང་བཞེངས།  ཞལ་ཁྲུས་གནང་སྟེ་འགྱུར་སྔགས།  ལྗགས་བྱིན་རླབས་གསུངས།དེ་ནས་བརྒྱ་རྩ་གསུངས་ཏེ་གཅོད་སྟན་ཐོག་གཅིག་མ་གསུངས།  དེ་ནས་གཅོད་ཀྱི་ལུས་སྦྱིན་གསུངས།  དེ་དག་འགྲུབ་རྗེས་དུས་ཚོད་དྲུག་དང་ཕྱེད་ཀའམ་ཕལ་ཆེར་དུས་ཚོད་བདུན་རེད།  

དེ་ནས་ནངས་ཇ་བཞེས།  ནངས་ཆུ་ཐུའུ་མ་ཞིག་དང་ཇ་མ་གཏོགས་མི་བཞེས།  དེ་ནས་ཞལ་འདོན་ལ་སྨོན་ལམ་སྣ་ལྔ་དང་ཨ་ལགས་རིན་པོ་ཆེའི་བདེ་གསང་འཇིགས་གསུམ་གྱི་ཆོ་ག་བསྡུས་པ་དང་སྨོན་ལམ་གསུངས།  དེ་ནས་ཏིང་ངེ་འཛིན་གྱི་བླ་མ་མཆོད་པ་དང་འབྲེལ་བའམ་ཐུན་དྲུག་བླ་མའི་རྣལ་འབྱོར་དང་འབྲེལ་ནས་དབང་བཞི་ལེན་ཚུལ་སྒོ་མང་བླ་མ་ཚུལ་ཁྲིམས་རྒྱ་མཚོའི་གསུང་ནས་གསུངས། 

  དེའི་རྗེས་དཔེ་བལྟས་གནང་སྟེ་དུས་ཚོད་བཅུ་གཅིག་སྟེང་དགུང་ཚིགས་བཞེས།  དེ་རྗེས་ཁོང་གིས་ཕྱག་བྲིས་གནང་བ་དང་མཇལ་ཁ་གནང་བ་སོགས་བྱ་བ་སོགས་བྱ་བ་ཧ་ཅང་མང་།  གུང་ཚིགས་མ་བཞེས་གོང་།  འཇིགས་བྱེད་དཔའ་གཅིག་གི་ཆོ་ག་གསུངས་ཤིང་དྲུག་ཅུ་བ་གསུངས་ཏེ་གཏོར་བསྔོས་རྒྱས་པ་གསུངས་ནས་གུང་ཚིགས་བཞེས།  གུང་ཚིགས་ཀྱི་རྗེས་ནས་དཔེ་ཆར་གཟིགས།  

ཁོང་གིས་གཙོ་བོ་དཔེ་བལྟས་ཡིན།  དཔེ་ཆར་བལྟས་ན་ཉིན་མོ་ཇི་ལྟར་སོང་བའང་མི་ཤེས་ཟེར།  གཞན་དུ་ཕེབས་དུས་དཔེ་ཆ་ཞིག་ལ་གཟིགས་རྒྱུ་མེད་ན་ཁོམ་སོང་ནས་ཉི་མའང་ཆོད་ཀྱིན་མི་འདུག  རྒྱུན་ཏུ་ལམ་རིམ་བློ་སྦྱོང་དང་རྣམ་ཐར་གྱི་སྐོར་རེད།  ལམ་རིམ་ཆུང་ངུ་ཕལ་ཆེར་ཐུགས་ལ་འགྲོ་གསུངས།  མང་ཆེ་བ་བཀའ་ཆོས་གནང་། 

རུང་ཇའི་སྐབས་དུས་ཚོད་བརྒྱད་ཀྱི་སྟེང་ཁོང་གིས་ཇ་རེ་བཞེས་ནས་མདུན་འདུག་པ་རྣམས་ལ་ཞལ་བརྡ་གནང་།   མཚམས་ཁང་དུ་བཞུགས་དུས་གྲྭ་བ་ཆུང་ངུ་རྣམས་ལ་དབྱངས་བཅགས་བྱེད།  དགུང་མོ་རྒྱུན་ཏུ་སྔ་མོར་དུས་ཚོད་དགུའི་སྟེང་གཟིམ།  བྱ་བ་ཡོད་ན་དུས་ཚོད་བཅུ་ཡིན།   

སྤྱིར་ཁོང་གིས་སྐུ་ཚེ་གང་བོར་བླ་མ་གོང་མ་ལས་བརྒྱུད་པ་བར་མ་ཆད་པའི་རི་ཁྲོད་པའི་འདོན་ཆོག་ཕྱག་ལེན་འདི་འདྲ་བ་གཞན་ན་ཧ་ཅང་མཐོང་དཀོན་པས་ཁྱོད་ཚོས་འདི་རྒྱུན་འཛིན་དར་སྤེལ་གཏོང་ཐུབ་ན་འདི་ལས་ལྷག་པའི་སྒྲིབ་སྦྱོང་ཉམས་ལེན་མི་དགོས། རྗེ་གསེར་ཁང་བ་ནས་བརྒྱུད་པའི་ཕྱག་ལེན་ལྟར་ངའི་སྐྱེ་ཕྲེང་གོང་དག་ཀྱང་འདི་ལྟར་མཛད་ལ་ང་ཡང་ཚེ་གང་བོར་ཚུལ་འདི་ལ་འབད་པ་ཆིག་དྲིལ་བྱེད་པ་ཡིན་གསུངས། 

ཁོང་གིས་རྗེ་གསེར་ཁང་བའི་ཕྱག་སྲོལ་བཞིན་ཉིན་རེར་མར་མེ100དང་། ཆུ་མཆོད1000རེ་ཆགས་མེད་གནང་། 

ལྔ་བ། བསམ་གཏན་གྱི་ཕར་ཕྱིན།

བསམ་གཏན་གྱི་ཕར་ཕྱིན་ནི་སེམས་རྩེ་གཅིག་པ་དང་བསམ་གཏན་གྱི་ཕར་ཕྱིན་སེམས་རྩེ་གཅིག་པ་གོམས་པ་ཡོངས་སུ་རྫོགས་པ་དེ་ཡིན། ཁོང་ལ་ཏིང་ངེ་འཛིན་གྱི་ཡོན་ཏན་ག་འདྲ་ཡོད་མེད་ནི་བདག་གིས་ཤེས་དཀའ་ཡང་། ཁོང་བཙོན་ཁང་དུ་བཞུགས་པའི་སྐབས་ཀྱི་ཉམས་སུ་བླངས་པའི་རྣམ་ཐར་དེས་ཁོང་གི་བསམ་གཏན་གྱི་ཕར་ཕྱིན་ག་འདྲ་ཡིན་པ་གསལ་བོར་ཤེས་ངེས། 

༡༩༧༠ལོར་ཡང་བསྐྱར་འཛིན་བཟུང་བྱས་ཤིང་སྐབས་དེར་ཁོང་དགུང་ལོ་རེ་གསུམ་རེད། ཁོང་མང་རྫོང་གི་བཙོན་ཁང་ནས་གཅིག་པུར་ཟླ་དགུ་ཙམ་ལ་བཞུགས་ཤིང་བཙོན་གྲོགས་དང་མཉམ་དུ་ཟླ་འགར་བཞུགས། ཁོང་གི་བཙོན་གྲོགས་ཀྱིས། ང་ཁོང་དང་མཉམ་དུ་ལོ་གཉིས་ལྷག་བསྡད་མོད་ངས་ཁོང་གཟིམ་པ་ཞིག་གཏན་ནས་མཐོང་མ་མྱོང་། དགུང་མོ་ནམ་རྒྱུན་བཞིན་ཉལ་ཐུལ་ཁམ་རིལ་དེ་གྱོན་ནས་དྲང་མོར་བྱས་ཏེ་སྡོད། ང་གཉིད་ནས་ཡུན་རིང་ལས་སད་དེ་ཁོང་ལ་བལྟས་ནའང་སྔར་བཞིན་འགྱུར་བ་མེད་པར་ཀྲོང་ངེར་བཞུགས་ཏེ་སྡོད། ཉིན་མོའི་གུང་དུ་བདག་ལ་དུས་ཚོད་གཉིས་ཀྱི་རིང་ལ་ཞལ་བརྡ་གནང་། སྔ་མོར་ཇ་མ་ཡོང་དུས་ཁ་ལག་འཁྲུད་བྱེད་ཅིག་སྟེར་བར་བྱེད་དེ་དེས་ཞལ་བཀྲུས་ནས་ཅོང་རྡོག་གཅིག་ཁོང་གིས་བཞེས། 

ཁོང་གིས་ང་ཚོ་བཙོན་ཁང་ལ་ཚུད་པ་འདི་སྐྱེ་བ་སྔོན་མར་འདི་ལྟ་བུའི་ལས་བྱས་པ་ཡིན་པས་ད་ནི་དོམ་འཇལ་བ་ཡིན། ཆེ་ན་ཆུང་ན་རང་གི་སྔ་མའི་ལས་ཀྱི་དོམ་འདི་ངེས་པར་འཇལ་དགོས་པ་རེད།  ལྷག་པར་ངས་འདི་ལྟ་བུའི་བསྙེན་པ་ཞིག་གཏོང་ཐུབ་སྙམ་པ་སེམས་ལའང་མ་དྲན། དྲུང་དུ་ཡོང་མཁན་མི་ཞིག་ཕར་ཞོག། ཐ་ན་བྱ་ཞིག་ཀྱང་མི་ཡོང་།  འདི་ལྟ་བུའི་བསྙེན་པ་གཙང་མ་ཞིག་གཏན་ནས་གཏོང་མི་ཐུབ། གུང་ཁྲན་ཏང་ངོ་མ་བཀའ་དྲིན་ཆེ། དེ་མིན་ན་ངས་འདི་ལྟ་བུའི་བསྙེན་པ་ཞིག་གང་ནས་གཏོང་ཐུབ་དཀའ་གསུངས།

བཙོན་གྲོགས་ཀྱིས། དེ་ལྟར་ངེད་གཉིས་ལོ་གཉིས་ལ་བཙོན་ཁང་གཅིག་ཏུ་བསྡད། དེ་ལྟར་ཁོང་གིས་ཀྱང་ལོ་གཉིས་རིང་ལ་བསྙེན་པ་བཏང་། ཐུན་ལ་བཞུགས་ན་ལུས་དྲང་མོར་བཞུགས་པ་སོགས་ལས་གཞན་དུ་བལྟ་བ་སོགས་ཅི་ཡང་མི་བྱེད། མགོ་བོ་ཅུང་ཟད་དུད་ནས་མིག་ལྟེ་བའི་བར་དུ་ཕབ་ནས་བཞུགས་པ་སོགས་ངོ་མཚར་བ་ཞིག་ཡིན། ཕར་བལྟས་ཚོད་ལ་སྐུ་འདྲ་ཞིག་དང་འདྲ་བ་མཐོང་ཟེར།

ལྷག་པར་དགུང་ལོ་དགུ་ནས་རིམ་བཞིན་འཇིགས་བྱེད་དཔའ་བོ་གཅིག་པ་དང་།  འཇིགས་བྱེད་ལྷ་བཅུ་གསུམ་པ། གསང་བདག་འཁོར་ཆེན།མི་འཁྲུགས་པ།འཇམ་དབྱངས་རིགས་ལྔ།གདུགས་དཀར་མཆོག་གྲུབ་མ། ཚེ་དཔག་མེད། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ།  རིགས་གསུམ་སྤྱི་སྒྲུབ། ཆོས་རྒྱལ། རྗེ་བླ་མའི་ཐུགས་དམ་གྱི་གཙོ་བོ་ཁྲོ་བོ་མི་གཡོ་བ་སྔོན་པོ་བཅས་ལ་བསྙེན་པ་ཚད་དང་ལྡན་པར་ཁ་སྐོང་སྦྱིན་སྲེག་དང་བཅས་པ་མཛད་པ་ལ་བསམ་ན་གཞན་གྱི་བློ་ཡུལ་ལའང་ཤོང་དཀའ་བ་ཞིག་ཡིན།

ཁོང་ལ་ཤིན་ཏུ་དད་པའི་རྒད་པོ་ཞིག་གིས་ཁོང་ལ། ཨ་ལགས་ཚང་གཞན་པས་རྫུ་འཕྲུལ་སྟོན་བཞིན་ཡོད་པས་དེ་རིང་ཁྱོད་ཀྱིས་རྫུ་འཕྲུལ་ཞིག་སྟོན་དང་ཞེས་ཁོང་ལ་ཞུས་དུས་ཁོང་གིས་ད་ལྟ་ང་ལོ་དགུ་ཅུ་རེད། ངའི་ལུས་པོ་བྱིས་པ་ལྟར་ཡང་མོ་ཞིག་ཡིན་པ་འདི་རྫུ་འཕྲུལ་མ་ཡིན་ནམ་ཞེས་གསུངས་པ་བཞིན་ཁོང་དགུང་ལོ་གོ་དྲུག་ཙམ་གྱི་དུས་སུའང་ལུས་བདེ་མོ་གཞོན་ནུའི་ལུས་ལྟ་བུ་ཞིག་ཡིན་པ་འདི་ནི་རྗེ་བླ་མས།བསམ་གཏན་སེམས་ལ་དབང་བསྒྱུར་རྒྱལ་པོ་སྟེ། །བཞག་ན་གཡོ་མེད་རི་ཡི་དབང་པོ་བཞིན། །བཏང་ན་དགེ་བའི་   དམིགས་པ་ཀུན་ལ་འཇུག །ལུས་སེམས་ལས་སུ་རུང་བའི་བདེ་ཆེན་འདྲེན། །ཞེས་གསུངས་པ་ལྟར་མ་ཡིན་ནམ། 

དྲུག་པ། ཤེས་རབ་ཀྱི་ཕར་ཕྱིན།

བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་པའི་ཆེད་དུ་ཐོས་བསམ་སྒོམ་གསུམ་རྒྱ་ཆེན་པོ་བསྟེན་ཞིང་། དཔལ་རི་བོ་དགེ་ལུགས་པས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་པ་རེད། 

དང་བོ། ཐོས་པའི་སྐོར་ལ། ཁོང་གིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་གནང་བའི་སྐོར་ཁོང་གི་རྣམ་ཐར་ལས་གསལ་བ་ལྟར་ཏེ།ཁོང་གིས་གང་ལ་སློབ་གཉེར་བྱས་ན་གཞུང་ཆེན་མོ་དག་ཐུགས་ལ་བཟུང་ཞིང་དེའི་དོན་ལ་དཔྱད་དེ་སྒྲོ་འདོགས་ཆོད་པ་ཡིན།

ཁོང་གིས་བདག་གིས་སྐབས་གསུམ་པ་རྩོད་དུས་རྣམ་བཤད་དང་གསེར་ཕྲེང་མཐའ་དཔྱོད་བཅས་བློ་ལ་ཤར་མར་འགྲོ་གསུངས་ཤིང་། རྩོད་པའི་ཁྱུ་མཆོག་ཏུ་གྱུར་པ་ཀུན་ལ་གསལ་བ་ལྟར་རོ། །

དེ་དང་མཉམ་དུ་དབང་ལུང་རྗེས་གསུམ་དང་། ཁྲིད་བཤད་ལུང་ལའང་རྗེ་བླ་ཁོ་རིན་པོ་ཆེ་ལས་མ་གསན་མེད་པའི་ཚོད་རེད། 

དགུང་ལོ་བཅུ་གཉིས་བཞེས་སྐབས་ནས་ཁྲི་ཀའི་ཨ་ལགས་ཕུན་ཚོགས་དང་ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ། ལ་མོ་བསྟན་འཛིན་ནོར་བུ། ལྷག་པར་རྗེ་བླ་ཁོ་རིན་པོ་ཆེ་དང་། ལ་མོ་བློ་གྲོས་བསྟན་པ་སོགས་ལས་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད། རྒྱབ་བརྟེན་ལུང་བཅས་གང་འདོད་དུ་གསན་པས་ཁོང་ལ་བླ་བྲང་ནས་བརྒྱུད་པའི་དབང་ལུང་རྗེས་གསུམ་དང་། རྭ་རྒྱ་ཕྱོགས་ནས་བརྒྱུད་པའི་དབང་ལུང་རྗེས་གསུམ་མཐའ་དག་མ་གསན་པ་མེད་པ་ལྟ་བུ་ཞིག་ཆགས་ཡོད། 

བཀའ་འགྱུར་གྱི་བཀླགས་ལུང་དང་། རྗེ་ཡབ་ཀྱི་གསུང་འབུམ་གྱི་བཀླགས་ལུང་སོགས་བོད་ཀྱི་གསུང་འབུམ་མང་བོའི་བཀླགས་ལུང་། ཇོ་ནང་ཏཱ་ར་ན་ཐས་ཕྱོགས་བསྒྲིགས་མཛད་པའི་སྒྲུབ་ཐབས་རིན་འབྱུང་ལས་བའི་རྗེས་གནང་ཐུན་མོང་བ་ཡོངས་རྫོགས་དང་། སློབ་དཔོན་འཇིགས་མེད་འབྱུང་གནས་ཀྱིས་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷི་ལས་གནང་བ་ཐོབ་ཅིང་རྗེ་བཙུན་རྣལ་འབྱོར་མའི་ལུང་བསྟན་པ་ལ་བརྟེན་ནས་འཕགས་ཡུལ་གྱི་པན་གྲུབ་དུ་མས་མཛད་པའི་སྒྲུབ་ཐབས་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་ཡར་ལུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་སྒྲུབ་ཐབས་རྒྱ་མཚོ་ཞེས་གྲགས་པའི་རྗེས་གནང་བརྒྱ་དང་བཞི་བཅུ་རྒྱ་གཞུང་གི་ལུང་དང་སྦྲགས་པ། སྒྲུབ་ཐབས་ཀུན་བཏུས་སམ་བ་རི་བརྒྱ་རྩར་གྲགས་པའི་རྗེས་གནང་སོགས་མ་གསན་པ་མེད་པ་ལྟ་བུ་ཞིག་ཡིན། 

དེ་བས་ཁོང་དགུང་ལོ་བགྲེས་པའི་དུས་སུའང་དཔེ་ཆ་གཟིགས་ཏེ།ཁོང་གིས་ཀྱང་དཔེ་ལ་བལྟ་རྒྱུ་མེད་ན་ང་སུན་ནས་སྡོད་མི་ཐུབ། ཅེས་གསུངས།དེ་ནི་ཁོང་དཔེ་ཆ་ལ་གོམས་ཤིང་འདྲིས་པའི་ཚུལ་ཏེ།ཁོང་གིས་དཔེ་ཆ་བལྟ་བ་གལ་ཆེ་སྟེ་ལོ་ལོན་ཚོས་ང་རང་ཚོ་ལོ་ལོན་ཟིན།  ཁྱེད་ཚོས་དཔེ་ཆ་ལྟོས་དང་ངས་དཔེ་ཆ་ཤེས་ནི་མ་རེད་ཟེར། མི་ཤེས་པ་སངས་རྒྱས་རག་བར་དུ་ཡོད།ནངས་ཀ་སངས་རྒྱས་ནའང་དེ་རིང་སློབ་གཉེར་བྱེད་དགོས་གསུངས། 

བཀའ་གདམས་པས་སངས་མ་རྒྱས་བར་དུ་སློབ་གཉེར་ལ་ཚར་བ་མེད། སངས་རྒྱས་དུས་ད་གཟོད་སློབ་གཉེར་གྱི་མཇུག་རྫོགས་པ་ཡིན་གསུངས། དཔེ་ཆ་གཟིགས་ན་རང་གི་བློ་ཡི་རྟོགས་པ་དང་དད་པ་ཇེ་ཆེར་འགྲོ་སྟེ། ཇོ་བོ་རྗེས། བོད་ན་དཔེ་ཆ་བལྟ་རྒྱུ་མེད་པས་ངའི་དད་པ་ཉམས་སོང་།གསུངས།

ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་ཉམས་ལེན་གྱི་གཙོ་བོ་དཔེ་གཟིགས་ལ་གནང་བ་ལྟར་ཁོང་གིས་ཀྱང་ཐུགས་དམ་གྱི་སྙིང་བོ་དཔེ་གཟིགས་ལ་མཛད་པ་རེད།

 ཁོང་གིས་གཞོན་དུས་སུ་བརྩོན་པ་བསྟེན་པ་ནི་བཤད་མི་དགོས་ཏེ། ཁོང་གིས་དེ་ཡང་ཆོས་ཐོག་སྐབས་སུ་རྩོད་པ་དང་ཆོས་མཚམས་སུ་དཔེ་ཁྲིད་ལ་འགྲོ་བ་དང་དཔེ་གཟིགས་དང་འཛིན་སྐྱོར་སྦྱོང་གཙོ་བོར་བྱེད་པ་ཡིན།ཁོང་གིས་དེང་གི་སློབ་གཉེར་བ་དག་སྡུག་རུས་མེད་པ་ལས་ཤེས་རབ་མེད་པ་མིན།སྡུག་རུས་ཡོད་ན་ཤེས་རབ་མེད་ཀྱང་སྒྲུབ་ན་ཆོག  དེང་སང་གློག་ལྟ་བུའི་དཔེ་ཆ་ལྟ་བའི་ཆ་རྐྱེན་འདི་འདྲ་བཟང་ནའང་། སྔོན་ཆད་སྤོས་མེ་ལ་བརྟེན་ནས་དཔེ་ཆ་གཟིགས་པ་ཡིན། དེང་སང་གི་མི་རྣམས་སྡུག་རུས་མེད་པས་དཔེ་ཆ་མི་ཤེས་པ་རེད། དཔེ་ཆ་བལྟས་པ་ཙམ་གྱིས་མི་ཆོག་པར་རྩོད་པ་བྱ་དགོས། རྩོད་པ་བྱེད་ན་ཤུགས་དགོས་པ་ལས་གང་འདར་བརྩད་པས་གོ་མི་ཆོད་གསུངས། 

དེ་བས་ཁོང་དགུང་ལོ་བགྲེས་པའི་དུས་སུའང་དཔེ་ཆ་གཟིགས་ཏེ།ཁོང་གིས་ཀྱང། དཔེ་ལ་བལྟ་རྒྱུ་མེད་ན་ང་སུན་ནས་སྡོད་མི་ཐུབ། ཅེས་གསུངས།

གོང་དུ་བརྗོད་པ་དེ་དག་ནི་ཁོང་གི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་བྱུང་བའི་སྐྲ་རྩེ་ཐིགས་པ་ཙམ་ཡིན། 

གསུམ་པ། ཁོང་གི་རྗེས་དྲན་ཁང་སོགས་འཛུགས་པའི་སྐོར།

༡རྗེས་དྲན་ཁང་ཞིག་འཛུགས་པ། རང་རེའི་བོད་དུ་རྗེས་དྲན་ཁང་ཆེད་དུ་འཛུགས་པའི་སྲོལ་མེད་པར་སྐུ་གསུང་ཐུགས་རྟེན་མང་བོ་ཞིག་བོར་བརླག་ཏུ་སོང་བ། དེ་བས་ད་ལྟ་ཁོང་ལ་རྗེས་དྲན་ཁང་ཞིག་བཙུགས་ཏེ།(༡)ཁོང་གི་ཉེར་སྤྱད། (༢)ཁོང་ཕྱག་བྲིས་དང་(༣)གསུང་རྩོམ། (༤)སྒྲ་ཐག (༥)འདྲ་པར་དང་བརྙན་སོགས་ཉེར་ཚགས་བྱེད་པ་ཤིན་ཏུ་གལ་ཆེ། 

དཔེར་ན་ཁོང་ལ་སོག་ལེ་ཆག་པོས་བཟོས་པའི་གྲི་ཞིག་ཡོད་པ་ལྟ་བུ། དེ་ལ་ལོ་རྒྱུས་ཡ་མཚན་པ་ཞིག་ཡོད་དེ། ཁོང་བཙོན་ཁང་བཞུགས་དུས། ཁོ་རྣམས་ལ་ཟ་ཡིག་གི་གོ་རེ་གཉིས་རེ་ཉོས་ཆོག་ཅིང་བདག་ལའང་གོ་རེ་གཉིས་རེ་ཡོད་ཟེར། དེ་བས་གོ་རེ་གཅིག་གིས་དྲུག་ཅུ་བ་བཟོ་བ་ལོ་ཀེའི་ནང་དུའང་མ་ཆགས་གསུངས།གོ་རེ་འདྲ་བར་སྟབས་མ་འགྲིག་ནས་བཙལ་བཙལ་དུས་ཉིན་ཞིག་སོག་ལེ་ཆག་པོ་ཞིག་ལག་ཏུ་ཡོང་།དེ་བརྡར་བརྡར་ནས་ཤོག་བུ་འདྲ་སྤྱད་བྱས། སྐབས་དེར་རྟ་ཞིག་དང་ཀང་ཙི་ཞིག་ལས་ཀང་ཙི་ཞིག་ལ་འདང་ཆེ།ལས་བྱེད་པ་ཞིག་གིས་ཁེམ་བུ་གཅིག་བྱིན། དེ་གཉིས་སྐུ་མྱ་ངན་ལས་འདས་རག་བར་དུ་ལག་ཏུ་བཟུང་ནས་ཁེམ་བུས་ཟ་མ་ཟ་སྤྱད་དང་ལྕགས་སོག་དེ་དྲུག་ཅུ་བ་འདྲ་སྤྱད་བྱས། ཁོང་གིས་རྗེས་སུ་འདི་གསེར་གྱི་ཁེམ་བུ་ཞིག་ཏུ་འང་མི་བརྗེ་གསུངས།

༢ཁོང་གི་གསུང་འབུམ་དཔར་བ། བླ་མའི་གསུང་འབུམ་བསྒྲིག་པ་ནི་སློབ་མའི་འགན་འཁུར་རེད། སྔོན་ནས་གསུང་འབུམ་གྱི་ཤིང་པར་རྐོ་བཞིན་ཡོད་མོད་རྒྱུ་མཚན་གང་མང་ཞིག་གིས་ད་ལྟའི་བར་དུ་གྲུབ་མི་འདུག དེ་ནི་སློབ་མ་རྣམས་ལ་མཚོན་ན་མ་འཁྱོངས་པའི་དོན་ཞིག་རེད། དེ་རིང་རྒྱུས་ལོན་པ་ལྟར་གསུང་འབུམ་ཕལ་ཆེར་འགྲུབ་ལ་ཉེ་ཟེར། དེ་ནི་ཆེད་དུ་བཀའ་དྲིན་ཆེ་ཞུ་དགོས་པ་ཞིག་ཡིན། 

༣གསུང་བཤད་ཟིན་བྲིས་འདེབས་པ།ད་ལྟ་ཁོང་གིས་གསུང་གི་བཀའ་ཆོས་རིགས་ཀྱི་བརྙན་དང་སྒྲ་གང་མང་ཞིག་ཡོད། དེ་དག་ལས་ཟིན་བྲིས་ཕབ་པ་མང་བོ་མེད། དེ་ལས་བདག་གིས་ཟིན་བྲིས་སུ་བཏབ་པ་དང་ཐར་ཤུལ་དགོན་པའི་ཤེས་རབ་རྒྱ་མཚོ་གཉིས་ཡོད་ཅིང་།  གཉིས་ཀའང་ངེད་ཅག་ནང་བསྟན་ཤེས་རབ་གསུང་རབ་དངོས་འབུལ་ཁང་གིས་དཔར་ཏེ་རིན་མེད་གཟིགས་འབུལ་ཞུ་བཞིན་ཡོད་ལ་ད་རེས་ཀྱང་རྣམ་པར་དག་ལ་འབུལ་བའི་སྐལ་བ་ལྡན། དེ་བཞིན་དུ་ཁོང་གི་གསུང་གཞན་དང་གཞན་ཡང་དཔར་ཏེ་ཟིན་མེད་གཟིགས་འབུལ་ཞུ་བའི་འབུལ་བའི་འཆར་གཞི་ཡོད།

༤ཡིག་གཟུགས་སོགས་ཉར་ཚགས་བྱེད་པ། ཁོང་ནི་བོད་ཀྱི་ཡིག་གཟུགས་ལ་ཤིན་ཏུ་མཁས་པའི་དམ་པ་ཞིག་ཡིན་ལ་གོང་དུ་བརྗོད་པ་ལྟར་དགུང་ལོ་དྲུག་སྟེང་ཁུ་བོ་་ར་རྫི་རིན་པོ་ཆེའི་མདུན་དུ་ཀློག་སློབ་དུས་ཡི་གེ་དབུ་ཅན་དབུ་མེད་ཀྱི་ཡིག་གཟུགས་ཀྱང་ཚེགས་མེད་པར་འབྲི་ཐུབ་པ་བྱུང་། རིམ་བཞིན་ལཉྩ་ཝརྟུ་ཧོར་ཡིག་གསར་རྙིང་དུང་ཆེན་སོགས་ཀྱི་དུང་ཡིག་མཁྱུད་སྤྱད་སྲུང་རྒྱ་མཁའ་འགྲོའི་བརྡ་ཡིག་སོགས་ལའང་སྦྱངས།

༡༩༥༩ལོར་ཟི་ལིང་གི་ཆུ་གློག་སྒྲིག་ཆས་བཟོ་གྲྭར་བོད་ཀྱི་བླ་མ་དང་དགེ་བཤེས་དག་བསྡུས་པའི་བླ་མ་ཏོས་ཞེས་པ་དེར་ཁོང་ལྟ་བུའི་ཡི་གེ་བ་ཞིག་མེད་ཅེས་ཁོང་ཆེད་དུ་དྲུང་ཡིག་ཚན་ཁག་ཏུ་བསྡུས་ནས་ཡི་གེ་འབྲིར་བཅུག ཁོང་གིས་ཡིག་གཟུགས་ལ་སྦྱོང་དུས་ཐོག་མ་ནས་བྲིས་ངན་པར་ལོབས་སུ་འཇུག་མི་རུང་དེ་ལྟར་བྱས་ན་རྗེས་སུ་བྲིས་ལེགས་པོ་མི་འོང་། ཡི་གེ་འབྲི་བ་དང་བྲིས་རྒྱུན་གྱི་ཕྱག་ལེན་མཉམ་དུ་ཁྲིད་ན་ཡིག་གཟུགས་ལེགས་པོ་ཡོང་། སྦྱོང་བའི་དུས་སུ་སླ་ཆོས་མ་བྱས་ན་རྗེས་སུ་ཤོག་བུ་གཅིག་བཟུང་ནས་བྲིས་ནའང་འབྲི་ཐུབ་པའི་ཡོན་ཏན་འབྱོར་འོང་གསུངས། 

ཁོང་དགུང་ལོ་གོ་ལྔ་བཞེས་བའི་དུས་སྐབས་སུ་ཡང་གསར་བུ་འགའ་ལ་ཡིག་གཟུགས་སློབ་པ་དང་དགུང་ལོ་གོ་བདུན་བཞེས་པའི་སྐབས་སུ་ཧ་ཅང་ཆུང་བའི་ཡིག་གཟུགས་བསྟར་ཆགས་པའི་ཕྱག་བྲིས་རྒྱུན་མར་མཛད།ཁོང་གི་ཕྱག་བྲིས་སྐོར་སྔོན་ནས་རྒྱ་ནག་པ་རྣམས་ཀྱིས་ཉར་ཚགས་བྱེད་བཞིན་ཡོད་ཅིང་། ཁོང་གི་སློབ་མ་རེ་འགས་ཀྱང་ཉར་ཚགས་བྱས་ཡོད་པས་དེ་དག་གི་རྒྱུན་སྐྱོང་ཞིང་། དར་སྤེལ་གཏོང་བ་གལ་ཆེ།

༥ཁོང་གི་མཛད་པ་དང་བསམ་བློ་སོགས་ལ་ཞིབ་འཇུག་བྱ་དགོས་པ།དེབ་སང་ཞིབ་འཇུག་བྱེད་པ་ལ་རང་འགའི་མི་ཕལ་བ་མང་བོ་ལ་ཞིབ་འཇུག་བྱེད་བཞིན་ཡོད་པས་ཁོང་དང་ཁོང་ལྟ་བུ་ལ་ཞིབ་འཇུག་བྱེད་ཆོག་ཆོག་ཡིན། ཞིབ་འཇུག་དེ་ཡང་རིམ་བཞིན་ཆ་ཇེ་ཚང་དུ་གཏོང་བ་ལ་གལ་ཆེ།སྔོན་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཞིག་གིས་ཡིག་ཚང་གི་ངོས་ནས་ཁོང་གི་གསུང་འབུམ་ལ་ཞིབ་འཇུག་ཅིག་བྱས་ཡོད་མོད། སྐབས་དེར་གསུང་འབུམ་ལག་ཏུ་མ་ཆུད་པས་ཆ་ཚང་ཞིག་ཞིབ་འཇུག་བྱས་མེད། མུ་མཐུད་དུ་ཞིབ་འཇུག་བྱེད་པ་དང་ཞིབ་འཇུག་བྱེད་པ་ལ་མཐུན་རྐྱེན་བསྐྲུན་པ་གལ་ཆེ།

༦རྗེས་དྲན་གྱི་དེབ་བསྐྲུན་པ། རྗེས་དྲན་གྱི་ཚོགས་འདུ་འཚོགས་པ་དང་རྩོམ་ཡིག་ཕྱོགས་བསྒྲིགས་བྱེད་པའང་དེང་རབས་ཀྱི་འགྲོ་ལུགས་ཤིག་རེད། དེ་བས་ད་རེས་རྗེས་དྲན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་བྱས་ན་མ་འོངས་པར་རྣམ་ཐར་གྱི་དཔྱད་གཞིར་འགྲོ་ལ་འདིར་ཞུགས་མ་ཐུབ་པ་དག་ལའང་ཕན་པ་རྒྱ་ཆེན་པོ་འབྱུང་ངེས་རེད།གལ་ཏེ་དེ་མིན་ཡང་ངེད་དགེ་ལུགས་པའི་དྲ་བར་ཆེད་བསྒྲིགས་ལེའུ་ཚན་སྤེལ་བཞིན་ཡོད་པས་བདག་ལ་གནང་ན་དྲ་ཐོག་ཏུ་སྤེལ་ངེས་ཡིན།

མཇུག་གི་གཏམ།

བླ་མ་ལ་རྗེས་དྲན་བྱེད་པ་ནི་བླ་མའི་རྣམ་ཐར་སློབ་མའི་རྗེས་འཇུག་ཅེས་པ་ལྟར་དེ་རིང་བདག་གིས་ཁོང་གི་རྣམ་ཐར་རྒྱ་མཚོ་ལས་སྐྲ་རྩེར་བླངས་པའི་ཆུ་ཐིགས་ཙམ་ཞིག་བརྗོད་པའི་དགོས་པའང་དེ་ཡིན།དེ་ཡང་མཁས་གྲུབ་རིན་པོ་ཆེས། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་པའི། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པས། །ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག །གསུངས་པ་ལྟར་འགྱུར་བར་འདུན་པ་དང་བཅས་ཞུ་བ་འདི་ལ་ནོར་བ་དང་འཁྲུལ་བ་གང་ཡོད་ཆོས་ཀྱི་གྲོགས་པོ་རྣམས་ཀྱི་སྤྱན་སྔར་སྙིང་ཐག་པ་ནས་འཆགས་སོ། །

                                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

དྲ་བའི་སྦྲེལ་ཐགhttp://www.tb1025.cn    


བརྒྱུད་འགོད།