དགེ་སློང་ཞིག་གིས་དམ་བཅའ་བརྒྱ་དང་བརྒྱད་ལེགས་པར་བསྒྲུབས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-15 11:16:02     རྩོམ་པ་པོ།   ཤེས་རབ་ཡེ་ཤེས།    ཀློག་ཐེངས།  

ཚ་ཁོ་ངག་དབང་གྲགས་པ།.jpg

                  བསིལ་ལྡན་བོད་ཀྱི་ཡུལ་འདིར་མཁས་གྲུབ་གནམ་གྱིས་ས་བཀབ་པ་ལྟ་བུ་ཇི་སྙེད་ཅིག་བྱོན་པའི་ནང་ན་ཆེས་སྙན་གྲགས་ཆེ་ཤོས་ནི་གངས་ཅན་འཇམ་དབྱངས་རྣམ་གསུམ་གྲགས་པ་དེ་རེད། དེའི་ནང་ཚན་ཤར་རྒྱལ་བ་ཙོང་ཁ་པ་དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་ཚ་ཁོ་ངག་དབང་གྲགས་པ་རྗེ་བློ་བཟང་གྲགས་པའི་དངོས་སློབ་ཏུ་གྱུར། རྗེ་ཉིད་ཀྱི་འཕྲིན་ལས་ཀྱི་བྱེད་པོ་གྱུར་ཏེ་ཁོང་ལ་ལམ་གཙོ་རྣམ་གསུམ་ཞེས་པའི་གྲགས་ཆེན་གྱི་བསྟན་བཅོས་དེ་ཁོང་ལ་ཆེད་དུ་གདམས། མ་ཟད་ལམ་གཙོ་རྣམ་གསུམ་གྱི་མཇུག་ཏུ།  གཏན་གྱི་མདུན་མ་མྱུར་དུ་སྒྲུབས་ཤིག་བུ།། ཞེས་ཏེ་བུ་ཞེས་པའི་སྙིང་ཉེ་བའི་ཚིག་དེའི་སྟེང་ནས་རྗེའི་ཐུགས་འདང་ཆེ་བའི་སློབ་མ་མཆོག་ཏུ་གྱུར་པ་ཞིག་ཡིན་པར་མཚོན་ཡོད། 

མཁན་པོ་ངག་དབང་གྲགས་པ་འདི་པས་རྗེ་རིན་པོ་ཆེའི་མདུན་ནས་དགོན་སྡེ་བརྒྱ་དང་བརྒྱད་ཕྱག་འདེབས་རྒྱུ་ཁས་བླངས། འགྲུབ་དཀའ་བའི་འགན་ཁུར་ཕྱག་ཏུ་བཞེས་ནས་མདོ་སྨད་དུ་ཕྱིར་ཕེབས། ཐོག་མར་སྨྲར་གྱི་མ་ལག་ཏུ་གྲགས་པའི་རྔ་ཡུལ་ཕྱུག་མོའི་སྟོད་ཀྱི་ཆར། དེང་གི་ཨ་འདུས་ཡག་མགོ་དགོན་འདི་ཚ་ཁོ་ངག་དབང་གྲགས་པས་ཕྱག་བཏབ་པའི་དགོན་པ་ཐོག་མར་ཡོངས་སུ་གྲགས། ད་སྐབས་དགོན་དེའི་རྟེན་གྱི་གཙོ་བོ་ཤར་རྒྱལ་བ་ཙོང་ཁ་པས་ཚ་ཁོ་ངག་དབང་གྲགས་པར་གནངས་པའི་རྟེན། སྐུ་རྟེན་ཐུབ་དབང་རྡོར་གདམས་པ། གསུང་རྟེན་བརྒྱད་སྟོང་པ། ཐུགས་ཀྱི་རྟེན་བཀའ་གདམས་མཆོད་རྟེན། རྗེ་ཉིད་ཀྱི་དབུ་ཞྭ་དང་ཞལ་འདོན་རྡོ་རྗེ་གཅོད་པ། རྗེ་རིན་པོ་ཆེའི་ཤངས་ཁྲག་གིས་བཞེངས་པའི་ཆོས་རྒྱལ་ནང་སྒྲུབ་ཀྱི་ཞལ་ཐང་སོགས་རིག་དངོས་རྩ་ཆེན་དེ་དག་གིས་སྟེང་ནས་དཔྱད་ན་དགོན་པ་དེ། ངག་དབང་གྲགས་པས་ཐོག་མར་བཏབ་པའི་དགོན་པ་འཁྲུལ་མེད་ཡིན་པ་དཔང་རྟགས་ཀྱི་སྟེང་ནས་ཁུངས་སྐྱེལ་ཐུབ།

དེར་མ་ཟད་རང་ཉིད་ས་དེར་དངོས་སུ་སོང་ནས་རྒྱས་ལོན་བྱས་པ་ལྟར་ན། དགོན་པ་དེའི་མིང་ལ་ཨ་འདུས་ཡག་མགོ་དགོན་ཞེས་པའི་ཡིག་འབྲུ་རེ་རེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་རྣམས་ཚ་ཁོ་ངག་དབང་གྲགས་པ་དང་འབྲེལ་བའི་ངག་རྒྱུན་ཤ་སྟག་རེད་འདུག དགོན་པ་དེ་གཡུ་འབྲུག་མ་བུ་ཁ་སྤྲོད་ཀྱི་འདུས་མདོ།  མདུན་རི་དམའ་ཞིང་། རྒྱབ་རི་མཐོ་བ། རི་སྣ་ཞིག་གི་གད་ཐོག་ཅིག་ཏུ་ཆགས་ཡོད། དགོན་པ་དེ་ནས་བལྟས་ན་རྔ་ཀླུང་སྒེག་མོ་དལ་གྱིས་བཞུར་བའི་ཕར་ངོས་སུ་སྟག་ལུང་ཟེར་བའི་ནགས་ཚལ་སྐྱེས་ཡོད་པའི་གཞི་བདག་ཅིག་འདུག དེ་སྔོན་ཆད་ཆོས་ལ་མི་དགའ་བའི་ནག་ཕྱོགས་པ་ཞིག་ཡིན་ཟེར། དེས་དགོན་དེར་གནོད་འཚེ་བྱེད་ཕྱིར་དུ་རྔ་ཆུ་དགོན་པའི་གད་ཞབས་ལ་བསྐོར་བས་གད་པའི་ངོས་ནས་ཨ་རང་བྱོན་བུད་ཅིང་། མཐའ་འཁོར་ན་ཨ་ཆུང་ཆུང་མང་པོ་འདུས་ཡོད་པས་ཨ་འདུས་དང་། སྔོན་ཆད་གནས་དེ་ན་བོན་དགོན་ཞིག་ཡོད་པས་ངག་དབང་གྲགས་པས་འཇིག་བྱེད་འཁྲུལ་འཁོར་བསྐོར་ཏེ། བོན་བླ་སྣང་ཞིག་དོ་འཕགས་ཆེན་པོ་དང་ཁྲོ་གཉེར་རྒྱལ་མཚན་གཉིས་ཀྱིས་ས་མ་ཟིན་ནས་བྱོན་སོང་བར་བཤད།

དེ་གཉིས་གནས་གཞན་དུ་བྱོན་པ་རྟེན་འབྲེལ་ཡག་སོང་བས་ཡག་མགོ་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན་པར་ཁོང་ཚོས་ངག་རྒྱུན་ལ་ཡོད། མགོ་ཟེར་དགོས་པའི་རྒྱུ་མཚན་ཡང་དགོན་པ་བརྒྱ་དང་བརྒྱད་ཀྱི་མགོ་མ་དེ་ཡིན་པས་མགོ་ཞེས་བརྗོད་པའི་གཏམ་རྒྱུད་སོགས། ཆ་གང་ཐད་ནས་ཚ་ཁོ་ངག་དབང་གྲགས་པའི་དགོན་པ་ཐོག་མ་དེ་ཨ་འདུས་ཡག་མགོ་དགོན་པ་ཡིན་པར་མཐོང་ཐུབ།

དགོན་པ་དེ་ཕྱག་བཏབ་ནས་ལོ་ངོ་ཧྲིལ་པོ་༦༠༠ལྷག་སོང་ཟིན་པས་མདོ་སྨད་ཀྱི་ལོ་རྒྱུས་རིང་ཤོས་ཀྱི་དགོན་སྡེའི་གྲལ་དུ་གྱུར་ཡོད། ཁོ་བོ་དགོན་པ་དེར་འཇལ་འདོད་ཡོད་པ་ནི། རྗེ་རིན་པོ་ཆེས་རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོ་གཅིག་ཏུ་བསྡུས་པའི་ལམ་གཙོ་རྣམ་གསུམ་ཞེས་པའི་ཟབ་ཆོས་དེ་མཇལ་ཐེངས་རེ་རེར། ཟབ་ཆོས་དེ་གདམས་ཡུལ་ཚ་ཁོ་ངག་དབང་གྲགས་པ་ཞེས་པའི་སྐྱེས་བུ་དེར་དོ་སྣང་བྱེད་དགོས་བྱུང་།

ཁོང་གི་རྣམ་ཐར་ཉུང་བསྡུས་རེ་གོ་ཐོས་ཡོད་པ་ནི་དགོན་པ་བརྒྱ་རྩ་བརྒྱད་བཏབ་པ་དང་མགོ་ཨ་འདུས་ཡག་མགོ་དགོན་ནས་བཟུང་སྟེ། མཇུག་མཐའི་དགོན་པ་རྒྱལ་མོ་ཚ་བ་རོང་གི་ད་ཚང་དགོན་ཞེས་པ་དེ་ཡིན་པ་ཀུན་ལ་རླུང་ལྟར་དུ་གྲགས་པའི་བྱུང་བ་ཙམ་ལས་ཅི་ཡང་མི་ཤེས་པས་ཆེད་དུ་སོང་བ་ཡིན།

ཁོང་གིས་བཏབ་པའི་དགོན་པ་དེའི་ནང་ནས་ད་སྐབས་རྔ་ཁོག་ན་བཞི་ཡོད་དེ། ཨ་འདུས་ཡག་འགོ་དགོན། གདོང་རི་དགོན། གནམ་ཅོག་དགོན། མཆོད་རྟེན་ཅོག་དགོན་རྣམས་ཡིན་ཟེར། འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ་གོང་དུ་སྨོས་པའི་རྟེན་དེ་དག་དངོས་སུ་མཇལ་མ་ཐུབ། ལྷ་གཉེར་གྱིས་ལྕགས་སྒམ་ཞིག་བསྟན་ནས་རྟེན་འདིའི་ནང་ན་བཞུགས་ཡོད་པ་རེད་ཟེར། རེད་དེ་རྟེན་དེ་དག་གི་པར་རིས་ཆ་ཚང་ཞིག་རྙེད་སོང་། དེའི་དབང་གིས་གཏན་ནས་མ་མཇལ་བ་དང་ལར་ནས་མི་འདྲ་བས་ཕྱོགས་གཅིག་ནས་ས་དེར་སོང་གོ་ཆོད་སོང་སྙམ་སྟེ་མི་གཅིག་གིས་དགོན་པ་དེ་འདྲའི་མང་པོ་ཇི་ལྟར་བཏབ་པ་ཡིན་ནམ་སེམས་ཞོར་ཕྱིར་འཁོར་ནས་ཡོང་།

དྲང་མོ་བཤད་ན། ང་ཚོའི་གཞོན་སྐྱེས་ཚོས་ནམ་རྒྱུན་ཕྱི་རྒྱལ་གྱི་མི་སྣ་ག་གེ་མོ་ཞིག་གིས་མི་ཚེ་གཅིག་གི་ནང་འགྲུབ་མི་ཐུབ་པའི་རླབས་ཆེན་གྱི་བྱ་བ་བརྒྱ་བསྒྲུབས་འདུག་ཅེས། ཧ་ལས་ཧོན་འཐོར་མཁན་མང་པོ་འདུག་ནའང་། རང་རེའི་མི་རིགས་ལའང་དེ་དང་དེ་ལྟ་བུ་ལོ་རྒྱུས་ཐོག་ཏུ་བྱུང་ཡོད་མེད་ཞིབ་ཏུ་བསམ་ན། ཁོ་བོས་བོད་རིགས་ཀྱི་ལོ་རྒྱུས་ཐོག་ཏུ་མི་ཚེ་གཅིག་གི་ནང་རླབས་ཆེན་གྱི་བྱ་བ་དམིགས་བསལ་བ་སྒྲུབ་པའི་སྙིང་སྟོབས་དང་ཤེས་རབ་ཡོད་པའི་དཔེ་མཚོན་གཅིག་ནི། དཔེར་ན། ཚ་ཁོ་དབོན་པོ་ངག་དབང་གྲགས་པ་དཔེ་གསོན་པོ་ཞིག་ཏུ་བགྲེང་ཆོག་གི་བསམ་ཡོད། ཁོང་དང་ཁོང་ལྟ་བུའི་བོད་ཀྱི་དམ་པ་གོང་མ་རྣམས་ཀྱི་མཛད་རྗེས་ལ་སློབ་ཐུབ་ན་རང་གི་མི་ཚེ་ལ་འོད་སྣང་སྟེར་ཐུབ་པར་གདོན་མི་ཟ་བས། དེས་ན་ཆོས་སྲིད་གང་ཐད་ནས་སྐྱེས་བུ་ཆེན་པོ་ཁོང་ཅག་གི་མཛད་རྗེས་ལ་བསླབ་རིགས་སོ།།  

ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ་འདི་འཁྲུངས་ཡུལ་ཤར་རྒྱལ་མོ་ཚ་བ་རོང་གི་ཁུ་ཇོ་སྡེ་པ་ཞེས་པར་ཕྱི་ལོ༡༣༦༠འཁྲུངས་པར་བཤད། དེ་ནས་དབུས་སུ་ཕེབས་ཏེ་རྗེ་རིན་པོ་ཆེའི་དངོས་སློབ་ཏུ་གྱུར། མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པའི་ཕ་རོལ་དུ་སོན། ཁོང་ལ་ལྗགས་རྩོམ་ཡང་མང་དུ་མཆིས་ཤིང་། རྗེ་བློ་བཟང་གྲགས་པའི་མདུན་ནས་གྲངས་བཅད་ཀྱི་དགོན་པ་གསར་འཛུགས་བྱེད་རྒྱུ་ཁས་བླངས་ཏེ་ཕྱིར་ཕ་ཡུལ་ལ་ཕེབས།

དེ་ནས་མདོ་སྨད་ཀྱི་ཕྱོགས་འདི་ནས་དགེ་འདུན་སྡེ་བཙུགས་ནས་འཕྲིན་ཡིག་སྤྲིངས་པའི་ལན་དུ། རྗེ་ཉིད་ཀྱིས་འདི་ལྟར་གསུངས་ཡོད་དེ། གཅིག་ཏུ་བདེ་གཤེགས་བསྟན་ལ་གུས། །རྣམ་དཔྱོད་ནུས་པ་མི་དམན་ཞིང་། །སྐྱེས་བུ་ཆེན་པོའི་རྗེས་སུ་སློབ། །བློ་ལྡན་ངག་དབང་གྲགས་པ་ཁྱོད། །ཁོ་བོས་སྨྲས་པའི་རྗེས་སུ་ཞུགས་ཞིག་དང་། །ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན། །མཚུངས་པར་སྤྱད་དེ་ནམ་ཞིག་སངས་རྒྱས་ཚེ།། བདུད་རྩིའི་བགོ་བཤའ་ཐོག་མར་སྤྱིན་པར་བྱ། །ཞེས་གསུངས་ཏེ་འདི་ལས་ངག་དབང་གྲགས་པའི་ལྷག་བསམ་དང་། རྣམ་དཔྱོད་ལ་རྗེ་རིན་པོ་ཆེས་བསྔགས་བརྗོད་ཕུལ་ཡོད།

ད་ལྟ་ཚ་ཁོ་ངག་དབང་གྲགས་པའི་སྐུ་གདུང་ཚ་ཁོ་དགོན་དགའ་ལྡན་དར་རྒྱས་གླིང་དུ་མཇལ་རྒྱུ་ཡོད་པར་ཁོང་གི་རྣམ་ཐར་འགའ་རེར་གསལ་བ་དང་། དེ་ལས་ཀྱང་ཁོང་གི་རྣམ་ཐར་ཤེས་འདོད་པ་རྣམས་ཀྱིས་རྒྱལ་རོང་གི་ལོ་རྒྱུས་དང་མདོ་སྨད་ཆོས་འབྱུང་སོགས་ལ་བལྟས་ཏེ། ཁོང་གི་རྣམ་ཐར་ངེས་པར་བྱ་རྒྱུ་ནི་ལམ་གཙོ་རྣམས་གསུམ་གྱི་གཞུང་ལུགས་དང་འབྲེལ་བ་ངེས་ཅན་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད།

ཨ་འདུས་ཡག་དགོན.jpg

ཚ་ཁོ་ངག་དབང་གྲགས་པས་དགོན་སྡེ་བརྒྱ་དང་བརྒྱད་ཀྱི་འགོ་མར་བཏབ་པའི་ཨ་འདུས་ཡག་འགོ་དགོན་དགའ་ལྡན་ཐུབ་བསྟན་རབ་རྒྱས་གླིང་།

གྱོ་སྨད་དགོན.jpg

ཚ་ཁོ་ངག་དབང་གྲགས་པས་ཕྱག་བཏབ་པའི་ཀྱོ་སྨད་དགོན་དགའ་ལྡན་འཕེལ་རྒྱས་གླིང་།

ད་ཚང་དགོན།.jpg

ཚ་ཁོ་ངག་དབང་གྲགས་པས་ཕྱག་བཏབ་པའི་ཚ་ཁོ་ད་ཚང་དགོན་དགའ་ལྡན་ལྷུན་འགྲུབ་གླིང་།

བྲག་སྟེང་དགོན།.jpg

ཚ་ཁོ་ངག་དབང་གྲགས་པས་ཕྱག་བཏབ་པའི་བྲག་སྟེང་དགོན་དགའ་ལྡན་ཕུན་ཚོགས་གླིང་།

སྤྲོ་སྣང་དགོན.jpg

ཚ་ཁོ་ངག་དབང་གྲགས་པས་ཕྱག་བཏབ་པའི་སྤྲོ་སྣང་གླང་ཆེན་ཆོས་གླིང་དགོན།

པ་བང་དགོན.jpg

ཚ་ཁོ་ངག་དབང་གྲགས་པས་ཕྱག་བཏབ་པའི་པ་བང་དགོན་གསང་སྔགས་ཐེག་ཆེན་གླིང་།

ཏ་ཡུང་དགོན.jpg

ཚ་ཁོ་ངག་དབང་གྲགས་པས་ཕྱག་བཏབ་པའི་ཏ་ཡུང་དགོན་དགའ་ལྡན་བྱམས་པ་གླིང་།

ཅེས་ཟིན་ཐོ་ཐུང་ཐུང་འདི་གནའ་ནས་ད་བར་གྲུབ་བརྙེས་རིགས་འཛིན་ཁྱད་དུ་འཕགས་པ་བྱོན་པའི་གནས།  གཞུང་ལུགས་རྒྱ་མཚོའི་འཇིངས་ལ་ཕ་མཐར་སོན་པའི་དྲན་དབང་དུ་མའི་འཁྲུངས་ཡུལ། གསེར་ཐར་རམ་གསེར་ལྗོངས་ཆོས་ཀྱི་ཕ་ས་རུ་སྐྱེས་ཤིང་། བོད་ཀྱི་ཤེས་རིག་སྨྲ་བའི་གྲལ་མཐའ་པ་ཤེས་རབ་ཡེ་ཤེས་སུ་འབོད་པས་ས་སྤྲེལ་ལོའི་ཟླ་༩པར་ཚེས་༡༩ལ་སྦྱར་བའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།