རྗེས་དྲན་ཆེད་བསྒྲིགས། བདག་གི་སྟོན་པ་སེར་པོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-11 22:52:56     རྩོམ་པ་པོ།   བྱ་སྟོད་འོད་ཟེར།    ཀློག་ཐེངས།  

微信图片_20170610202757.jpg

 དེ་རིང་ནི་རང་ཅག་རྣམས་ཀྱི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་དགོངས་རྫོགས་དུས་མཆོད་ཀྱི་ཉིན་མོ་རེད།   ཉི་མ་འདི་ནི་བདག་དང་ཁོང་གི་གདུལ་བྱར་གཏོགས་པ་དག་ལ་མཚོན་ན་ཆེས་གལ་ཆེ་བའི་དུས་ཆེན་ཁྱད་པར་བ་ཞིག་ཡིན་པ་ནི་སྨོས་ག་ལ་དགོས། ཁ་སང་དེ་རིང་དྲྭ་ལམ་སྣ་ཚོགས་སུ་རང་གིས་འགྲེལ་མི་དཔོག་པའི་དུས་དྲན་དེ་དག་དང་གཏན་ནས་འདྲ་བ་ཞིག་མ་རེད། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལན་གཅིག་གམ་རྒྱུན་པར་མཆོད་པའམ་སྐྱབས་སུ་སོང་ན་དེ་ལ་དགེ་རྩ་བསམ་གྱིས་མི་ཁྱབ་པ་ནི་མདོ་རྒྱུད་གང་ལས་ཀྱང་གསུངས་ཡོད། རང་གི་རྩ་བའི་བླ་མ་ལན་གཅིག་མཆོད་པ་ནི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མཆོད་པ་ལས་ཀྱང་དགེ་བའི་སྟོབས་ཆེ་བ་ཡིན།


སྔོན་ཆད་ཨ་ལགས་ཡོངས་འཛིན་རིན་པོ་ཆེ་ཞེས་མཚན་སྙན་གྱི་བ་དན་མཁའ་རུ་འཕགས་པའི་སྐབས་དེར་ང་རང་ལོ་ན་ཤིན་ཏུ་ཕྲ་བའི་དུས་སྐབས་ཤིག་ཡིན་ལ། ངས་ནི་བླ་མ་རིན་པོ་ཆེ་གང་ཉིད་ནི་གྲུབ་ཆེན་ཞིག་གམ། ཡང་ན་ལྷ་ཞིག་གམ། ཡང་ན་ནམ་མཁར་གནས་པའི་མི་མངོན་གྱི་ཆོས་སྲུང་ངམ། གང་ལྟར་མི་ལས་རིང་དུ་སོང་བའི་གང་ཟག་ཁྱད་པར་བ་ཞིག་ལ་ངོས་འཛིན་བྱས་མྱོང་། དེ་ནི་ངེད་དང་ཁད་ཉེ་བའི་མི་སེར་སྣ་ཚོགས་ཀྱིས་ཨ་ལགས་ཡོངས་འཛིན་རིན་པོ་ཆེ་ཚང་ངོ་མ་ཡ་མཚན་ཡིན་ནི་རེད་ཅེས་བག་ཆགས་བཞག་ཡོད་པས་ཡིན་ནམ། གང་ལྟར་རྗེས་སུ་སྤོ་བོས་རྗེས་ཁྲིད་དེ་ཁོང་གི་སྐུའི་གམ་དུ་བཅར་བ་དང་། ཁོང་གི་རྣམ་ཐར་སོགས་ལ་ཞིབ་ཏུ་མཇལ་སྐབས། བདག་གི་བླ་མ་རིན་པོ་ཆེ་གང་ཉིད་ནི་སྐུ་ཚེ་གང་བོར་ཚུལ་ཁྲིམས་པདྨའི་སྦུབས་ལྟར་དག་པར་བསྲུངས་སྟེ་གྲྭ་རྐྱང་དཀྱུས་མ་ཇི་བཞིན་སློབ་གཉེར་རྡོ་རུས་ཐུག་པ་གནང་མཁན་ཞིག་དང་། དམན་ས་ཁོ་ན་བཟུང་སྟེ་དཔེ་ཆར་གཟིགས་པ། ལྟོ་སྐྱ་གོས་ཧྲལ་གྱིས་སྐུ་ཚེ་ཐོས་པའི་བསྐྱལ་མཁན་གྱི་དགེ་སློང་ཆོས་སྨྲ་བ་ཞིག་རེད། གཤམ་དུ་ཁོང་གི་སྐུ་ཚེ་དང་འབྲེལ་སེམས་ཀྱི་ཡིག་ཚོགས་འགའ་བརྗེད་བྱང་དུ་བྲི་བར་བྱ། 


ང་རང་ལོ་ན་དྲུག་ཙམ་སྐབས་ཤིག་ཁོང་གིས་རྒྱལ་དབང་བཞུགས་ཁྲི་གོང་མའི་ཐང་དུ་དུས་འཁོར་དབང་ཆེན་གསུང་བཞིན་ཡོད་སྐད། སྐབས་དེར་ངེད་ཀྱི་སྤོ་བོ་དང་རྨོ་རྨོ་གཉིས་ཀྱི་བཀའ་དྲིན་འོག་ཆེས་ཐོག་མར་ཁོང་དང་མཇལ་ཞིང་ཆོས་ཀྱི་འབྲེལ་བ་ཡང་དེ་ནས་ཐོབ། དེ་ནི་ངའི་མི་ཚེ་ནང་ཆེས་ཐོག་མར་བླ་མ་ཞིག་དང་མཇལ་བ་དེ་ཡིན་འདུག་ལ། ཆེས་ཐོག་མའི་ཆོས་ཀྱི་གསུང་ཐོས་པ་དེའང་ཁོང་གི་གསུང་སྐད་ཡིན་འདུག་པས་ཕྱིར་དྲན་རེ་བྱེད་དུས་དེ་ནི་རྟེན་འབྲེལ་ཞིག་གི་སྒོ་མོ་འང་ཡིན་སྲིད། ཕྱིས་སུ་ང་རང་ལས་སྨོན་གང་ཞིག་གི་ཐེམ་སྐར་འཛེགས་ཏེ་ཁོང་གི་གདན་ས་རང་དུ་བླ་མ་ཁོང་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་དམ་ཚིག་ལེགས་པར་ཐོབ་སྟེ་དབང་ལུང་མན་ངག་དང་། དབུ་བསྡུས་གྲྭ་ནས་དཔེ་ཁྲིད་སྣ་ཚོགས། འདོན་རྟ་དབྱངས་གསུམ། ཡི་གེ་འབྲི་ལུགས། ཐ་ན་ཟང་ཟིང་གི་དངོས་པོ་ལ་སོགས་པས་ལོ་ངོ་དུ་མར་བཀའ་དྲིན་གྱིས་བསྐྱངས་པར་མཛད།


བདག་གྲྭ་ཕྲུག་ཡིན་དུས་དགོན་པར་ཁོང་གིས་དབང་དང་། ལུང་། མན་ངག དཔེ་ཁྲིད་སྣ་ཚོགས་ཆག་མེད་གནང་བཞིན་འདུག་ལ། དེ་དུས་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་། ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་། བདེ་ཐང་ཞབས་དྲུང་ཚང་། ཨ་ཁུ་གྲགས་པ་ཚང་། ཨ་ཁུ་དཔལ་ལྡན་ཚང་། རང་དགོན་གྱི་དགེ་རྒན་ཨ་ཁུ་བློ་བཟང་རྒྱ་མཚོ་ཚང་། གསེར་ཁྲི་ཚང་། ལ་མོ་ཞབས་དྲུང་ཚང་། ཞལ་དམར་ཚང་སོགས་ཞུ་བའི་དགེ་བཤེས་དང་སྤྲུལ་སྐུ་སོགས་སྐྱེས་བུ་དམ་པ་བགྲང་གིས་མི་ལང་བ་གང་མང་ཞིག་བཀའ་ཆོས་ལ་ཕེབས་བཞིན་ཡོད་མོད། དེ་དུས་བཤེས་གཉེན་དེ་དག་ཀྱང་གྲྭ་རྐྱང་དཀྱུས་མ་ནང་བཞིན་འབྱོན་བཞུད་གང་ལ་བལྟས་ཀྱང་ས་ཆེན་གྱི་སྐྱེས་བུ་རེ་རེ་ཡིན་པ་ཤེས་མ་ནུས། རྗེས་སུ་སྐྱེས་བུ་དེ་དག་ནི་ཡུལ་ལུང་བ་འདི་འདྲ་ཞིག་ལ་ཞུ་རྒྱུ་ཕར་ཞོག ཐ་ན་ལན་གཅིག་མཇལ་རྒྱུའི་གོ་སྐབས་ཀྱང་ཡོད་ཕྲ་བའི་བསྟན་པའི་ཀྭ་ཆེན་རེ་རེ་རེད་དོ།།


ཁོང་ལྟ་བུའི་རླབས་ཆེན་གྱི་མི་སྣ་ཞིག་ཏུ་འགྱུར་དགོས་ན་དེ་ནི་རྒྱུ་མེད་རྐྱེན་མེད་དང་། མགོ་མ་གཡུགས་པར་ལྷ་བབ་པ་ལྟ་བུའི་རྫུན་བཟོ་ཞིག་གིས་ག་ལ་ཡོང་སྟེ། ཁོང་དགུང་ན་ཕྲ་བའི་དུས་ནས་བཟུང་དགེ་རྒན་ཨ་ཁུ་ཐབས་མཁས་ཚང་ཐུགས་ཤིན་ཏུ་བཙན་ཞིང་ཁོང་ལ་དམིགས་ཀྱིས་ལྟ་སྐྱོང་གང་ལེགས་བྱེད། མདོ་དང་སྔགས་ཀྱིས་བསྡུས་པའི་གཞུང་ལུགས་སྣ་ཚོགས་ལ་ཐུགས་འཛིན་དང་། དཔེ་ཁྲིད་ལ་རྒྱུན་ཆགས་སུ་ཕེབས་པ། སྐབས་གང་ཡོད་དུ་དབང་བཀའ་ཆོས་ལ་གསན་ཏེ་ནམ་གུང་ཕར་སྐྱེལ། ཐོ་རེངས་ཚུར་བསུས་ཀྱིས་ལྟོ་ཡི་བཟའ་བཏུང་བཅག གཉིད་ཀྱི་བདེ་བ་འཕྲོགས་ཏེ་དཀའ་ཁག་སྣ་ཚོགས་ལ་བཟོད་པར་བྱས། དེ་རྗེས་སླར་ཡང་དཀའ་ཁག་སྣ་མང་མྱངས་མཐར་ཁོང་གི་གདན་ས་རྣམ་དག་ཁྲིམས་ལྡན་གླིང་ཚུགས་ནས་ཅང་མ་འགོར་བའི་སྐབས་དེར་རིག་གསར་དུ་འབོད་པའི་འཇིག་རྟེན་ནག་པོ་དེ་དང་ཁེལ་ཞིང་། ཁོང་སྐུ་དངོས་སུ་བཙོན་ལ་བཞུགས་ཏེ་འཇིག་རྟེན་རང་ག་བའི་ལས་སྣ་ཚོགས་ལ་གཡོ་དང་རྫུན་གྱིས་མ་བསླད་པར་དྲང་བདེན་དང་ཚོགས་གསོག་གི་ཞིང་སྦྱོང་བའི་གནད་དུ་ཕྱག་ལས་གནང་བ་སོགས་ནི་རྣམ་ཐར་ཁག་དུ་གསལ་བ་དེ་བཞིན་ནོ།། བཙོན་ཁང་དུ་བཞུགས་སྐབས་ངེད་ཀྱི་སྤོ་བོ་དང་ཁང་མིག་གཅིག་ཏུ་འཁེལ་བས་གསང་བའི་མཛད་རྣམ་སོགས་ཀྱང་སྤོ་བོས་བདག་ལ་བཤད་མོད། བདག་ནི་དེ་ལྟ་བུའི་བླ་མའི་ཆེ་བ་བརྗོད་པའི་ཡོན་ཏན་མ་འཚལ་བས་གཞན་དུ་ཤེས་པར་བྱའོ།།  


ཁོང་རིག་དགུང་གྲངས་དྲུག་ཙམ་ནས་སྐུ་སྐྱེ་ཞིག་ལ་ངོས་འཛིན་བྱས་མོད། དེ་ནི་ཁོང་གི་སྐུ་ཚེ་འདིའི་ཆེ་བ་ཁོ་ན་མ་ལགས་ཏེ། ཁོང་གི་ཆེ་བ་ནི་ཐོས་བསྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་ཤིང་གྲུབ་པའི་རྟོགས་པ་ཀློང་དུ་རྡོལ་བའི་ངེས་དོན་གྱི་སྐྱེས་ཆེན་དམ་པའི་རང་རྟགས་མངོན་ཞིང་སྐྱེ་བོ་མཐོ་དམན་ཀུན་ལ་མཐུན་སྣང་དུ་གནས་པ་དེ་ཡིན། ཁོང་གིས་ཆེ་ས་ནས་གྲུབ་མཐའ་རིས་མེད་དང་བོད་ཆོལ་ཁ་གསུམ་གྱི་བླ་མ་དགེ་བཤེས་དང་། སྤྲུལ་སྐུ་གང་ཆེ་གང་དྲག་དག་ལ་ཆོས་སྲིད་གང་ཅིའི་ཐད་བཀའ་དྲིན་བསྩལ་ཞིང་། ཆུང་ས་ནས་གྲྭ་རྐྱང་དུ་གནས་པའི་སློབ་གཉེར་བ། སྤྱི་ཚོགས་སྟེང་གི་སློབ་གྲྭ་ཁག སློབ་ཡོན་གྱིས་དབུལ་བའི་སློབ་མ། དངུལ་གྱིས་ཕོངས་པའི་ཉམ་ཐག་ནད་པ། ཟས་ཀྱིས་དཀྲེན་པའི་སློང་མོ་བ་སོགས་ལ་ཟང་ཟིང་གི་དངོས་པོ་མཁོ་དགུར་བསྩལ་བའི་སྐྱེ་འགྲོ་ཀུན་ལ་མ་ལྟར་བྱམས་པ་ནི་ཁོང་གི་རྣམ་ཐར་ལ་སྒྲོ་འདོགས་ཀྱི་ཆ་བསྲེས་པ་གཏན་དུ་མིན། 


དེ་ལྟ་བུའི་སྐྱེས་བུ་དམ་པ་ཁོང་གིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོས་བསམ་སློབ་གཉེར་མཐར་ཕྱིན་རྗེས། བླ་མའི་ཞལ་གསུང་ཇི་བཞིན་གནས་དབེན་པའི་རི་ཁྲོད་ལྟ་བུ་ཞིག་ཏུ་སྐུ་ཚེ་གང་བོར་ཉམས་ལེན་དང་ཆོས་ཀྱི་འཁོར་ལོ་སྣ་ཚོགས་བསྐོར་ཏེ་བཞུགས་པ་ནི་བྱ་བ་ལས་ཀྱི་འཁོར་ལོ་ལས་འདའ་བ་མེད། ཁོང་གི་སྐུ་ཚེའི་ནང་ཡོན་བདག་སུ་ཞིག་གིས་རླངས་འཁོར་གྱི་ཡོན་སྦྱར་ཡང་ཁོང་གིས་གཏན་དུ་རླངས་འཁོར་བཞེས་མྱོང་མེད། དེང་དུས་སྤྲུལ་སྐུ་ཅིག་ཅིག་གི་རླངས་འཁོར། བླ་མ་ཉུག་ཉུག་གི་ཁང་བརྩེགས་ཅེས་ཆོས་ལས་འཇིག་རྟེན་གལ་ཆེར་འཛིན་པ་དང་། ཕྱི་མ་ལས་ཚེ་འདིའི་འདོད་ཡོན་གཙིགས་སུ་བཟུང་སྟེ་ང་ཚོ་རྗེས་འཇུག་གྲྭ་བ་སྣ་ཚོགས་ཀྱིས་དེ་ལ་ཡིད་སྨོན་བྱེད་དུས། ངས་ནི་རང་གི་བླ་མའི་རྣམ་ཐར་ལ་དད་པ་ལན་གཅིག་ཅིས་ཀྱང་བྱ་འོས་ཡོད།  

བདག་གི་འདྲེན་པ་གང་གིས་དགུང་གྲངས་དགུ་བཅུའི་ནང་དཔེ་གཟིགས་གནང་བ་དང་། བཀའ་ཆོས་གསུང་བ། ཕྱོགས་འདུས་ཀྱི་དགེ་བཤེས་དང་། གྲྭ་གྲོང་སྣ་ཚོགས་ལ་ཆོས་ཀྱི་སྦྱིན་པའི་དངོས་པོ་བསྩལ་ཏེ་དུས་འདའ་བར་བྱེད་པ་ལས། འཇའ་དང་སྤྲིན་ནམ་མཁར་གནས་པ་ལ་སོགས་པའི་གྲུབ་རྟགས་ཅི་ཡང་བསྟན་མྱོང་མེད། གལ་ཏེ་མི་ཞིག་ལ་གྲུབ་རྟགས་ཅེས་བློའི་སྤྱོད་ཡུལ་ལས་རིང་དུ་སོང་བ་ཞིག་དགོས་ན། དགུང་གྲངས་གོ་བདུན་ནང་གཞུང་ལུགས་སྣ་ཚོགས་ཀྱི་མདུད་རྒྱ་གཏོར་བའི་བློ་གྲོས་དང་། གཞན་དོན་བསྒྲུབ་པའི་སྐུའི་འབྱོན་བཞུད་གང་ལ་ཡང་རང་རྐྱ་ཐུབ་པའི་སྐུ་གཟུགས་ཀྱི་བདེ་ཐང་འདི་འདྲ་ཞིག་ཡོད་ན་དེ་ལས་ལྷག་པའི་གྲུབ་རྟགས་ཤིག་སྟོན་ནུས་ཀྱང་ཆོས་འཇིག་རྟེན་ལ་གང་ལ་དགོས་པ་མེད་པའི་བྱ་ནམ་མཁར་གནས་པ་དང་། ཉ་མཚོ་ནང་དུ་འཛུལ་བ་བཞིན་དགོས་པ་མེད་པའི་གྲུབ་པ་ལ་མཚར་དོན་ཆེར་མེད་སྙམ།


ཉིན་ཞིག་བདེ་ཆེན་དགོན་པའི་ཨ་ལགས་དབུ་མཛད་དམ་ཨ་ལགས་གཟུངས་ཐར་ཞུ་བ་དེས། ཁོང་རྣམ་གཉིས་ཀྱིས་གསོལ་ཇ་བཞེས་སྐབས་ཤིག་ལ་ཁྱེད་ཚང་གིས་སྤྲུལ་སྐུ་ཇི་ལྟར་ཐུགས་ཐག་བཅད་པ་ཡིན་ཞེས་ཁོང་ལ་དྲིས། སྐབས་དེར་ཁོང་གིས་ཅི་ཡང་མ་གསུང་བར་ཡུད་ཙམ་འདས། སྐབས་ཤིག་མཇལ་བ་ཞིག་གིས་གོས་བཟང་བོ་ཞིག་བསྣམས་ཏེ་ཁོང་ལ་མཇལ་ཁ་ཞུ་སྐབས་ཨ་ལགས་གཟུངས་ཐར་གྱིས་གོས་དེ་ཁོང་ཚོའི་དགོན་པའི་འདུ་ཁང་གསར་བཞེངས་ཀྱི་ཀྭ་ཐུམ་ལ་འཚམ་ཨང་བསམ། མཇལ་བ་སོང་རྗེས་ཁོང་གིས་གོས་ཨ་ལགས་གཟུངས་ཐར་ལ་གཏད་དེ་ངས་སྤྲུལ་སྐུ་འདི་ལྟར་ཐུགས་ཐག་བཅད་པ་ཡིན་ཞེས་གསུངས་པས་ཨ་ལགས་ངོ་ཚར་གཏད་ཟེར།


རྒྱ་ནག་ནང་ཁུལ་དུའང་ཁོང་གི་བསྟན་པ་རྒྱས་ཤིང་ལན་དུ་མར་ཕེབས་རྒྱུའི་གསོལ་བ་བཏབ་ཀྱང་ཁོང་གིས་གཏན་དུ་ཞལ་བཞེས་མ་གནང་། འདི་ཡང་རང་ཅག་རྗེས་འཇུག་རྣམས་ལ་བསླབ་བྱ་ནན་ཏན་ཞིག་གནང་ཡོད་པ་ལས། ཁོང་ནི་གང་ལ་ཕེབས་ཀྱང་དཔལ་འབྱོར་གྱི་རྒྱ་མར་གཞལ་དུས་རླུང་ལྟར་ཡང་བ་དེའི་རིགས་གཏན་དུ་ཡིན་མི་སྲིད། ཁོང་ནི་གྲྭ་རྐྱང་དང་། ཉམ་ཆུང་གི་རིགས་ལ་ལྷག་པར་བརྩེ་བས་གཟིགས་པ་དང་། བྱམས་ཀྱིས་སྐྱོང་མཁན་ཞིག་ཡིན། ཁོང་ལ་ཕུལ་བའི་དབང་ཡོན་དང་། འབུལ་དངོས་རྣམས་རྒྱུན་དུ་ཡུལ་དེ་གར་ཕྱིར་སྦྱོར་དངོས་སུ་མི་སྩོལ་བ་གཅིག་ཀྱང་མེད། གྲྭ་ཚང་ལ་རྒྱུན་མཐུན་རྐྱེན་གྱི་དངོས་པོ་སྩོལ་བ་ནི་ཁོང་གི་བླ་བྲང་ལས་ཀྱང་གལ་ཆེ་བར་འཛིན།


ཧོར་ཟླ་ལྔ་བའི་ཚེས་བཅུ་དྲུག་ནི་ཁོང་གི་གདུལ་བྱ་ཐུན་མོང་བའི་སྣང་ངོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པའི་དགོངས་རྫོགས་དུས་མཆོད་ཀྱི་ཉིན་མོ་ཡིན་པས་བླ་མའི་རྣམ་ཐར་རང་བློས་ཟིན་ཚོད་ཙམ་ཞིག དུས་ཚོད་ཤིན་ཏུ་ཐུང་བའི་ནང་ཡི་གེར་གཏགས་པ་འདི་རྣམས་རང་གིས་མཐོང་བ་དང་ཐོས་པ་དག་ཁུངས་བཙུན་པ་ཤ་སྟག་ཡིན་པས་རང་གི་བརྗེད་བྱང་དུ་བྲིས་པ་ལགས།   


 

                       ༢༠༡༧--༥--༡༦ཉིན།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn    

 

བརྒྱུད་འགོད།