གནས་བརྟན་ཚུལ་ཁྲིམས་མེ་ལོང་དང་དགེ་ཚུལ་ཤེས་རབ་རལ་གྲི་གཉིས་ཀྱི་འབེལ་གཏམ་རྐང་ལ་ཟུག་པའི་མེ་བཙའ་ཞེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།          སྤེལ་དུས།  2017-04-08 15:59:42     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

 

 

༄༅། ། ན་མོ་རཏྣ་ཏྲ་ཡཱ་ཡ།  ལུས་ངག་ཡིད་གསུམ་གཙང་མའི་ཀུན་སྤྱོད་ཀྱིས།།ཐོག་མཐའ་བར་གསུམ་གཙང་མའི་ཁྲིམས་ལ་གནས། །སྐུ་གསུང་ཐུགས་གསུམ་གཙང་མའི་རང་བཞིན་དུ།།ལྷུན་གྲུབ་ཤཱཀྱ་སེང་གེས་བདག་ལ་དགོངས། །དུས་ཀྱི་མཐའ་འདིར་ཁྱོད་ཀྱི་རྗེས་འབྲངས་ཞེས།།ཁ་ཕོ་དབྱར་གྱི་རྔ་སྒྲ་ལས་ཀྱང་མཐོ། །འོན་ཀྱང་ཁྱོད་ཀྱི་གཙང་མའི་ཀུན་སྤྱོད་དང་།།མཐུན་པར་མི་བྱེད་འདི་དག་སུ་ཡིས་ལན། །བདུད་ཀྱི་དམོད་པ་ལས་སྐྱེ་ཐ་མ་ཁ།།ཐ་ཆད་རྫས་ངན་ཡིན་པ་སུས་མ་ཤེས། །ཤེས་བཞིན་དེ་ལ་དགའ་ཞིང་ཞེན་པ་ནི།།སྦྲང་མས་གཅིན་སྐྱག་བདུད་རྩིར་མོས་དང་མཚུངས། །ཡ་རབས་དམ་པས་ཡང་ཡང་སྨོད་མཛད་པའི།།ཐ་མ་ཁ་འདི་ཉེས་དམིགས་ཆེ་ན་ཡང་། །བཤང་བ་དྲོན་མོ་མཐོང་བའི་ནོར་སྐྱོང་བཞིན།།རྔམས་རོལ་བྱེད་པ་འདི་དག་ཡ་རེ་ང་། །ལྷག་པར་ལུས་ལ་ངུར་སྨྲིག་ན་བཟའ་སྤྲས།།སྐེ་ལ་སྟོན་པའི་འབྲལ་སྤངས་ག་འུས་བརྒྱན། །རུམ་ན་སྣ་ཐའི་ཟ་མ་ཏོག་གི་སྒྲོམ།།བསྲེལ་བ་འདི་དག་ཇི་ལྟར་ཚུལ་དང་མཐུན། །ལག་པའི་མཁྲིག་མར་ལྷ་ཚོགས་འོད་ཞུ་བའི། །བགྲང་ཕྲེང་བརྒྱ་རྩ་བརྒྱད་ལྡན་དཀྲིས་པ་ལ།།སྣ་ཐ་དྲི་ངན་རྫས་ཀྱིས་སྦགས་པ་དེར། །ད་དུང་བྱིན་རླབས་ལྡན་པར་རྩི་འམ་ཅི།།བྱང་ཆུབ་ལམ་རིམ་སྐྱབས་འགྲོའི་ཆོས་སྐོར་དུ། །དམར་སེར་གོས་ཀྱི་ལྷན་པ་ལག་མཐིལ་ཙམ།།དགེ་འདུན་ལྟར་དུ་གུས་པར་བྱ་གསུང་ན། །དུད་འཐེན་གོས་ལའང་དེ་ལྟར་བྱེད་རིགས་སམ། །ལག་པའི་སོར་མོ་སྣ་ཐས་སྦགས་བཞིན་དུ།།མཆོད་ཆ་ལག་པས་འཛིན་ལ་ཡ་མི་ང་། །མཆོད་གཏོར་བཤམས་གཤེགས་སྐབས་ཀུན་དྲི་ངན་གྱིས།།ལྷ་རྟེན་མནོལ་བར་བྱས་པ་ཅང་བཟོད་དམ། །རྣལ་འབྱོར་ཡོ་བྱད་རྡོ་རྗེ་དྲིལ་བུ་དང་།།ཅང་ཏེའུ་བུམ་པ་ལ་སོགས་རྫས་ངན་གྱིས། །སྦགས་པའི་ངང་ནས་ཆོས་སྤྱོད་ཅི་བྱས་ཀྱང་། །བྱིན་རླབས་ཆར་ལྟར་འཇོ་བ་ཅང་སྲིད་དམ།།ཤཱཀྱའི་སྲས་སུ་རང་གིས་ཁས་བླངས་ཤིང་། །བསྟན་ལ་གཅེས་པའི་བསམ་པ་དང་ལྡན་ན།།ཉེས་དམིགས་ཆེ་བའི་རྫས་ངན་གྱིས་བསླུས་པའི། །ཚུལ་འདི་ཤེས་བཞིན་བཏང་སྙོམས་འཇོག་ཕོད་དམ།།ལུང་རྟོགས་བཤད་སྒྲུབ་མཛོད་ལ་དབང་བསྒྱུར་བའི། །སྔོན་བྱོན་དམ་པ་མང་པོས་ཚུལ་འདི་ལ།།ཞི་དྲག་བསླབ་བྱ་ཆར་ལྟར་ཕབས་ན་ཡང་། །ལས་ངན་སྐྱེ་བོས་འཕོངས་ཕྱིས་རྡོ་བཞིན་བསྐྱུར། །ཉམ་ཆུང་བདག་ལྟས་སྤེལ་ལེགས་ཡི་གེ་རུ།།འབད་ནས་བྲིས་ཀྱང་དགོས་པ་ཡོད་མི་བསམ། །འོན་ཀྱང་བླང་དོར་ཕྱེད་པའི་བློ་གྲོས་ཅན།།རེ་གཉིས་ཅིའི་ཕྱིར་མི་འབྱུང་སྙམ་དུ་སེམས། །བདག་གི་ལྷག་བསམ་སྐྱོན་བྲལ་པད་མ་དཀར།།མཆོད་སྤྲིན་གཟུགས་སུ་ཤར་བའི་སྡེབ་ལེགས་ཀྱི། །ལོ་འདབ་ཕང་ཕུང་བཞད་པ་མཆོད་རྫས་སུ།།བཤམས་པ་འདི་ལ་འགལ་བའི་ཆ་ཅི་ཡོད། །ཅེས་ཐ་མ་ཁ་འདི་ལ་བཟང་ཆ་ཏིལ་འབྲུ་ཙམ་ཞིག་མེད་པ་དང་།ངན་ཆ་རི་རབ་ལྷུན་པོ་ལྟར་ཆེ་བའི་ངོས་ཟིན་མཚོན་པའི་སླད་དུ་ཐོག་མར་གླེང་བསླངས་པའི་སྒོ་ནས་བརྗོད་བྱའི་རང་བཞིན་གང་ཡིན་པ་དེ་གསལ་བར་བྱས་པའི་རབ་ཏུ་བྱེད་པ་སྟེ་དང་པོའོ།།

 

འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བྱ་རྒོད་ཕུང་བོའི་རི་དང་མཚུངས་པའི་ནོར་འཛིན་སྒེག་མོ་རིན་ཆེན་ལྷུན་པོ་ལྟར་བརྗིད་ཆགས་པའི་འདབས་རོལ་ག་གེ་མོ་ཞིག་ཏུ།ལྷ་རྟེན་ཆོས་གསུམ་བྲག་རི་དགུང་དུ་བརྩེགས་པ་འདྲ་བའི་གཙུག་ལག་ཁང་ཆེན་པོ་མཐོང་བ་ཙམ་གྱིས་འཁོར་བ་ལ་ཡིད་འབྱུང་བའི་བློས་སྲིད་པའི་གནས་ལ་ཕྱི་མིག་ཙམ་ཡང་བལྟ་བར་མི་འདོད་པའི་བློ་དབང་མེད་དུ་སྐྱེ་བའི་སྐོར་ལམ་ཞིག་ལ་གནས་བརྟན་རྒན་པོ་དག་དང་།  ཚེ་དང་ལྡན་པ་གསར་བུ་དག་ཅིག་ཕྱག་དང་སྐོར་བ་བརྒྱ་ཕྲག་མང་པོས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་པའི་མཐར་རེ་ཞིག་ངལ་གསོ་བའི་ཚེ་ན།གནས་བརྟན་རྒན་པོ་རྒ་བའི་ཁུར་གྱིས་རྒས་ཤིང་འཁོགས་པ།ཁ་ཆུ་སྣ་ཆུ་ཙ་ར་ར་བྱེད་པ་ཞིག་དང་།  སྡོམ་ཁྲིམས་གཙང་མ་ལ་གནས་པའི་དགེ་ཚུལ་གཞོན་པ་ཚུལ་ཁྲིམས་ཀྱི་དྲི་བསུང་འཕྲོ་བ་ཞིག་སྟེ་རྣམ་པ་གཉིས་ཁ་སྤྲོད་ཀྱི་ཚུལ་དུ་རྡོ་ཐེམ་གཅིག་ལ་འཁོད་པ་བྱུང་ངོ་།།ཞེས་ཐོས་སོ། །དེའི་ཚེ་གནས་བརྟན་རྒན་པོ་དེས་རུམ་ནས་ཐ་མ་ཁའི་རྐྱལ་ཁུག་ལག་པས་ཐེགས་ཚད་ཅིག་ཕྱུངས་ནས་མཐེ་བོང་གི་སེན་ཐོག་ཏུ་སྨན་ཁག་གང་གི་ཚད་ལས་འདས་པའི་སྣ་ཐ་རི་དེའུ་ཙམ་ཞིག་སྤུངས་པ་སྣ་བུག་གཡས་གཡོན་དུ་རེས་མོས་ཚུལ་གྱིས་ནམ་མཁའ་ཁྱབ་པའི་ཉི་མའི་འོད་ཀྱང་སྒྲིབ་པ་སྙམ་བྱེད་པའི་ཐལ་བ་ཕྱུ་རེ་བ་དང་བཅས་ཡང་ཡང་འཐེན་ཞིང་བག་མེད་པའི་སྤྱོད་ལམ་ཡ་མ་ཟུང་དང་བཅས་འདི་སྐད་དུ།

 

༧ ཨ་ལ་ལ་བསོད་ནམས་ལས་གྲུབ་པའི།།སྨན་དྲི་ཞིམ་བདུད་རྩི་ཨ་མྲྀ་ཏ། །རྒྱགས་ཚད་ལ་འཐེན་པའི་ལས་སྐལ་འདི།།ང་གནས་བརྟན་རྒན་པོའི་སྐུ་བསོད་ཡིན། །ང་ན་ཆུང་རབ་ཏུ་བྱུང་ཙམ་ནས། །གཡུ་བྱུ་རུས་འཕྲ་བཏབ་རྭ་ཅོ་དང་།  །རྡོ་གཡང་ཌི་མ་ནོ་ཁོ་ཁོར་རྣམས།།ལུས་འབྲལ་མེད་རྒྱན་ཆའི་མཆོག་ཏུ་བཟུང་། །ད་ན་ཚོད་མཐོན་པོར་སླེབས་པ་ན།།སྟབས་བདེ་སླད་གླ་བའི་རྐྱལ་བ་འདི། །ངའི་གསོལ་དུད་ལྡུགས་པའི་སྣོད་མཆོག་ཏུ།།ལག་གང་བདེས་བཟོས་པ་འདི་རེ་ཡགས། །རྟེན་བྱིན་རླབས་འབར་བའི་ཉེ་དྲུང་དུ།།ཕྱག་སྐོར་བ་མང་པོས་ངལ་དུབ་ན། །སྐྱོ་ངལ་དུབ་སེལ་བའི་སྨན་མཆོག་ཏུ།།རྫས་འདི་འདྲ་འཇིག་རྟེན་གང་ན་ཡོད། །སྒོམ་ཏིང་འཛིན་མཉམ་བཞག་སྐྱོང་བའི་ཚེ།།གཉིད་བྱིང་རྨུགས་འཐུག་པོས་ནོན་གྱུར་ན། །སེམས་རིག་པ་གསལ་ལེར་གཏོང་སྤྱད་ལ།།རྫས་འདི་འདྲ་ང་མིན་སུ་ཡིས་རྙེད། །བློ་དད་པ་ཆེ་བའི་ཡོན་བདག་དྲུང་།།འཁོར་བ་ལ་ཞེན་ལོག་རྫུ་འཆའ་ན། ། དབང་མེད་དུ་མིག་ཆུ་ཤ་ར་ར།།རྫས་འདི་ཡི་དྲིན་གྱིས་ཆར་ལྟར་འབབ། །སེམས་གུ་དོག་གཙང་སྦྲའི་ཕྱོགས་ལྷུང་ཅན།།ཧ་མི་གོ་གསར་འཐོམ་གོ་མེད་ལ། །རྣལ་འབྱོར་པའི་སྨྱོ་སྤྱོད་ཆ་མ་ཆོ། །ཅི་སྟོན་ཀྱང་སྨན་མཆོག་འདི་ལས་འབྱུང་།།ཞེས་ལྡབ་ལྡིབ་འཁྱལ་ཚིག་དབྱངས་ཀྱི་རྟ་ལ་གྱེར་བའི་ཁུལ་བྱེད་པ་དངམཉམ་དུ།མིག་གཉིས་ནས་ཕ་མ་མཉམ་པོར་ཤི་མ་ཐག་པའི་བུ་ཆུང་གི་མིག་ཆུ་ལྟར་མཆི་མའི་ཆར་རྒྱུན་ཞམ་ཞམ་འབབ་པ། སྣ་སྒོར་བལྟས་ན་ཞེ་མེར་ཞིང་སྐྱུགས་བྲོ་བའི་སེར་མདངས་ཆགས་པའི་སྣབས་ལུད་སོར་ཚད་ལས་ལྷག་པ་ལུག་ནས་ཁ་ནང་དུ་འགྲོ་བ་འདྲ་ཡང་ཁོ་རང་ལ་ཤེས་ཚོར་མེད་པ།དར་ཅིག་ནས་སྟོན་པས་གནང་བའི་ན་བཟའ་མཐང་གོས་ཀྱི་གཟན་ཞེས་བྱ་བ་ཤམ་ཐབ་ཀྱི་ནང་རོལ་ཏུ་འཛེམ་བག་མེད་པར་ཁ་ལུད་སྣ་ལུད་ཐམས་ཅད་ཕྱིས་པའི་ངང་ཚུལ་དེ།ཚེ་དང་ལྡན་པ་སྡོམ་གཙང་ལ་གནས་པའི་དགེ་ཚུལ་དེས་མངོན་སུམ་དུ་མཐོང་བར་བརྟེན།  བློ་ངོར་ཅི་བྱས་ཀྱང་མ་བདེ་ཞིང་བསམ་པའི་ཡུལ་ལས་འདས་པས་ན་མ་སྲོན་པར་འདི་སྐད་དུ། ༧ ངས་ཐོག་མར་ཁྱེད་རང་མཐོང་ཙ་ན།།ཚེ་སྟོད་ལ་ཆོས་ཕྱིར་དཀའ་སྤྱད་ཀྱིས། །ས་རླན་གཤེར་མལ་དུ་བསྒོམས་དྲགས་པས།།ལུས་གཅོང་ནད་དྲག་པོས་ཐེབས་སམ་སྙམ། །ཆོས་སྨྱུང་གནས་བཅུད་ལེན་ཏིང་འཛིན་ལ།།ལོ་ཁོར་མོ་ཡུག་ཏུ་བརྩོན་དྲགས་པས། །ལུས་འབྱུང་ཁམས་རང་དབང་མ་ཐོབ་པར།།ཁ་ཆུ་དང་སྣ་ཆུ་འཛར་བར་བསམས། །ཕྱི་རྗེས་སུ་འབྲངས་པ་ཙམ་ཉིད་ན།།སྣ་འགས་ལ་ཁད་པའི་སྐྱག་དྲི་འཐུལ། །བཟོད་དཀའ་བའི་གཅོང་ནད་གདུག་ཏོ་ཡིས།།རྩ་འགོག་སྡོམ་རང་དབང་མ་བྱུང་བསམས། །ངུར་སྨྲིག་གི་གོས་ཀྱི་རུམ་ཕུག་ན།།ཆུད་མི་ཆུད་བརྫངས་པའི་འབུར་བོ་དེ། །ཆོས་ཁ་ཏོན་པོ་ཏིའི་གླེགས་བམ་ཞིག།ལུས་འབྲལ་མེད་བཅངས་པ་ལོས་ཡིན་བསམས། །མིག་གཡས་གཡོན་རྩ་ལམ་ཁྲག་ལྟར་དམར། །དབང་མེད་དུ་མཆི་མའི་ཆར་རྒྱུན་འབབ།།སྒོམ་མཉམ་བཞག་དུས་ན་མཁའ་ཁྱབ་ཀྱི། །མའི་སྡུག་བསྔལ་རང་སྟེང་བླངས་པར་བསམས།།དོན་དེ་ཕྱིར་ཁྱེད་རང་མཐོང་མ་ཐག །ང་དགེ་གསར་སྐལ་བ་བཟང་ངོ་ཞེས།།ཡུད་ཙམ་ལ་དགའ་བདེའི་རྒྱ་མཚོ་འཕྱུར། །སྨྲ་མི་ཤེས་དབྱིངས་ལ་རེ་ཞིག་འབྱམས།།དུས་ད་ལྟ་ཁྱོད་ཀྱི་སྤྱོད་ངན་འདི། །ངའི་མིག་གཉིས་འཁྲུལ་བ་ག་ལ་ཡིན།།དུད་འཐེན་གྱི་གནས་བརྟན་བཅོས་མའི་གཟུགས། །ཚུལ་འཆོས་ཀྱི་དགེ་སློང་ལས་གཞན་སུ།།སྐྲ་ཁ་སྤུ་བཞར་ནས་མགོ་བོ་ཟླུམ། །དམར་སེར་གྱི་གྲྭ་ཆས་ལྷབ་ལྷུབ་གྱོན།།དགེ་འདུན་གྱི་བཞུགས་གྲལ་མགོ་ན་འདུག །མཆོག་གསུམ་གྱི་ཞབས་འདྲེན་མ་རེད་དམ།།བྱིན་རླབས་ཀྱི་དྲི་བསུང་རྒྱང་འཕྲོ་བའི། །ཆོས་ལྷ་རྟེན་བཞུགས་པའི་གཙུག་ལག་ཁང་།།དུག་ཐ་མག་འཐེན་སའི་གཞི་བྱས་ན། ། ཨ་ཙ་མ་རུང་ངམ་སྐྱི་རེ་གཡའ། ། ཚེ་ཡར་སྟོད་བསྙེན་རྫོགས་མཁན་པོ་ཡིས།།ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ། མིག་འབྲས་དང་འདྲ་བར་སྲུང་དགོས་ཞེས།།ཁྱོད་གཅིག་པུར་མ་གསུངས་མིན་ལས་ཆེ། །དུས་ད་ལྟ་སྐྱ་བོ་ཕལ་མོ་ཆེས།།མནའ་དམ་བཅའ་བརྟན་པོ་དཔང་བཙུགས་ཏེ། །ཤོག་དུད་དང་སྣ་ཐ་མི་འཐེན་པའི། །གཏམ་སྙན་དེ་རྣ་བས་མ་གོ་འམ།།རོང་ཚ་ཐབ་རྟ་ལུད་རྫོང་བ་བཞིན། །སྣའི་བུ་གར་ཐ་མག་བརྫངས་ཆེས་པས།།དབུགས་འབྱིན་རྔུབ་ཅི་བདེར་མ་བྱུང་ནས། །སྐད་ལྡབ་ལྡིབ་སྦལ་བར་གྲོང་འཇུག་བྱས། །རྗེ་དྲིན་ཅན་ཕ་མས་ལེགས་བསྐྱངས་པའི།།གཟེངས་མཐོ་ཞིང་དྲང་པོའི་དྲི་འཛིན་དབང་། །བསམ་བཞིན་དུ་སྐར་མ་སྐེ་འཁྱོག་ལྟར། །ཐིག་མི་དྲང་ཡ་ཡོ་འཁྱོག་པོར་བཏང་།།ཟས་བཟའ་བཏུང་ཞིབ་བལྡད་མིད་པའི་སྙིགས། །ལྟོ་ཞུ་ནས་འོག་སྒོར་འབབ་ངེས་ལ།།ཐ་མག་གི་སྙིགས་རོ་ཀླད་པའི་ནང་། །ཅི་ཙམ་ཞིག་བརྫངས་པ་དེ་ཙམ་འཚངས།།གཙུག་གསེར་གྱི་སྒོ་འབྱེད་བུ་གའི་སྒོ། །རྫས་ཐ་ཆད་སྣ་ཐས་ལམ་བསྒགས་ན།།ནུབ་དག་ཞིང་འཕོ་འདེབས་མཐོལ་ལོ་བཤགས། །རྣམ་ཤེས་ཀྱི་ཁྱེའུ་ཆུང་སྙིང་རེ་རྗེ།།ཁྲིམས་གསུམ་ལྡན་གནས་བརྟན་གཟུགས་བརྙན་ལ། །གོས་ཕྱི་ནང་ཐ་མག་དྲི་ངན་ཁྱབ།།རང་ཚོར་དབང་ཉམས་ནས་མི་ཤེས་ཀྱང་། །ཕ་རོལ་པོས་མི་ཤེས་འདོད་ན་འཁྲུལ། །མགོ་སྐྱེས་ཀྱི་སྐྲ་ལོ་ནས་བཟུང་སྟེ།།རྐང་མཐིལ་གྱི་ཤ་དྲེག་ཐུག་བར་དུ། །ཤ་རོ་རུལ་དྲི་ངན་སྐྱུགས་བྲོས་ཁྱབ།།ཁྱོད་རང་སྐྱོན་མི་ཤེས་ཨ་རེ་བླུན། །ཞེས་ཐ་མ་ཁ་བག་མེད་དུ་འཐེན་པའི་གནས་བརྟན་བགྲེས་པོའི་ཀུན་སྤྱོད་ངན་པ་ལ།  ཚེ་དང་ལྡན་པ་དགེ་གསར་གྱིས་བསྲན་ཀྱང་མ་བཟོད་པས་རང་གི་ལྟ་ཚུལ་ལྷུགས་པོར་སྨྲས་པའི་རབ་ཏུ་བྱེད་པ་སྟེ་གཉིས་པའོ།།

 

༧ སྤྱིར་མཚང་ལ་རྒོལ་བ་བཤེས་གཉེན་གྱི་མཆོག་དང་། མཚང་ཐོག་ཏུ་དབབ་པ་གདམས་ངག་གི་མཆོག་ཡིན་ན་ཡང་།ཐ་མ་ཁ་ལྷའི་བདུད་རྩིར་སེམས་པའི་གནས་བརྟན་བགྲེས་པོ་དེས། བསླབ་པ་གཞོན་པའི་དགེ་གསར་གྱི་གཏམ་ལ་ཉན་འདོད་མེད་པར་མ་ཟད།  དགེ་གསར་དེས་གང་བཤད་རྣ་བའི་ཚེར་མའི་འདུ་ཤེས་སྐྱེས་ནས་རྣམ་འགྱུར་ཤིན་ཏུ་མི་དགའ་བའི་མདོག་བསྟན་ཏེ་འདུག་གོ  དེའི་ཚེ་སླར་ཡང་ཐ་མ་ཁའི་རྐྱལ་ཁུག་ནས་སྔར་ལས་སུམ་འགྱུར་གྱིས་མང་བ་ཞིག་ལག་པའི་མཐིལ་དུ་བླུགས་ནས་བཟོ་ལྟ་སྐྱུགས་བྲོ་བོ་དང་བཅས་རྒྱགས་ཚད་ཅིག་འཐེན་ནས་འདི་སྐད་དུ།༧ ཁྱོད་ཁ་སང་ཨ་མའི་མངལ་ནས་ལྷུང་། །འཇིག་རྟེན་གྱི་མཐའ་རྒྱ་ཤེས་ཁོམ་མེད། །མི་ཤེས་པའི་ས་ནས་མི་འདུག་པར།།མི་ང་ལ་འཕྱ་སྨོད་བྱེད་འདོད་ཨང་། །ཆོས་སྡེ་སྣོད་རྣམ་གསུམ་མཐར་མ་ཕྱིན།།ཆོས་འདུལ་བ་ཤེས་མདོག་གོ་མདོག་ཁུལ། །ང་གནས་བརྟན་རྒན་པོ་སངས་རྒྱས་དྲུང་།།ཆོས་ཀ་ཁ་སློབ་པ་ཇི་ལྟར་འོས། །ལུས་མི་གཙང་རྫས་ངན་སུམ་ཅུ་དྲུག །ཤ་པགས་པའི་འདམ་གྱིས་ཞལ་ཞལ་བྱས། །ཕྱི་བལྟས་ན་ལང་ཚོའི་མེ་ཏོག་ལྡེམ།།ནང་ག་འདྲ་བསམ་བློ་མ་བཏང་ངམ། །ངའི་སྣ་དབང་ལི་ཁྲིའི་ཆར་རྒྱུན་ལ།།ཁྱོད་སྐྱུགས་བྲོ་དགེ་གསར་ཁྱོད་རང་སྐྱོན། །ང་འདྲ་འདྲའི་གནས་བརྟན་འགའ་ཚོགས་ན།།བལྟས་མི་ངོམ་རྒྱན་ཆ་འགྲན་རེས་བྱེད། །རླན་དྲོད་གཤེར་ལྡན་པའི་ས་ལས་འཁྲུངས།།སྔོ་ལོ་འདབ་མརྒད་རིན་ཆེན་གདུགས། །དྲི་རྒྱང་འཐུལ་ཡི་ག་གསོ་བའི་སྨན།།ཐ་ཆད་དུ་ལྟ་བ་གོ་རེ་ལོག །རྡོ་གཡམ་པ་ཨ་མོ་ལི་ཀའི་སྟེང་། །སྨན་དྲི་བཟང་བསྲེས་པ་ཞིབ་བཏུལ་བྱས།།ལྷའི་བདུད་རྩི་འདྲ་བའི་ཨ་མྲྀ་ཏ། །ཁྱོད་དགེ་གསར་དག་ལ་ཅི་ཆ་ཡོད། །ཁེ་མ་རྒྱག་ཁ་རོག་འདུག་ཤེས་ཀྱིས།།གཏམ་མ་མང་སེམས་ཀྱིས་དག་སྣང་སྦྱོངས། །སྐྱོན་མ་འཚོལ་གནས་བརྟན་བགྲེས་པོ་ང་། །གང་འདོད་པ་ཅི་བདེར་བྱེད་དུ་ཆུགས།།ཞེས་ཆང་གིས་ར་རོ་བའི་ངག་དང་འདྲ་བའི་འཆལ་གཏམ།  རང་མགོ་རང་གིས་གཡོགས།  རང་སྡུག་རང་གིས་ཉོས།  རང་སྐྱོན་ངོས་མི་ཟིན་པའི་ལྡབ་ལྡིབ་ཀྱི་ཚིག་འཁྱལ་འདི་འདྲ་སྨྲས་པ་ལ།དགེ་ཚུལ་ཤེས་རབ་རལ་གྲིས་གྲེ་སངས་བརྒྱབ་པའི་སྒྲ་ཆེན་ནམ་མཁའི་བྱ་ཡང་འདྲོགས་པ་ལྟ་བུ་ཞིག་བྱས་ཏེ་བསྟན་ལ་གཅེས་པའི་ཀུན་སློང་སྦ་མ་ནུས་པར་འདི་སྐད་དུ།ཀྱེ་གནས་བརྟན་ཚུལ་ཁྲིམས་མེ་ལོང་ལགས། མི་རབས་སྔ་བ་འདིར་བྱོན་པའི་གངས་ཅན་བསྟན་འཛིན་བྱེ་བའི་གཙུག་རྒྱན།བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རིན་པོ་ཆེ་མཚན་ཐོས་པ་ཙམ་གྱིས་ཐར་བའི་ས་བོན་སྐྲུན་པའི་རྗེ་བཙུན་དམ་པ་མི་འཇིགས་ལེགས་པའི་ཆོས་ཚུལ་ཟླ་བའི་མ་མར་འཁྱིལ་བའི་མཚན་གྱི་རོལ་མོ་དང་ལྡན་པ་གང་གིས་ཆོས་ཁྲི་ཁ་ནས་ལན་གཅིག་མ་ཡིན་པར་འདི་སྐད་གསུངས་པ་བདག་གིས་ཁྱོད་ལ་བསྟན་པར་བྱ་སྟེ།  ཞེས་པའི་དུས་ཀྱི་ཚེ་ཤེས་རབ་རལ་གྲིའི་བཞུགས་སྟངས་སྔར་དང་མི་འདྲ་བར་ལུས་ཀྱི་ལྗོན་པ་ནི་མདའ་ལྟར་དྲང་པོར་བསྲངས།།སྐད་ཀྱི་ང་རོ་ནི་འབྲུག་སྒྲ་ལྟར་སྙན་ཞིང་བརྗིད། ཡིད་ཀྱི་འདུན་མ་ནི་བུ་གཅིག་པའི་མའི་བརྩེ་དུང་ལྟར་གཏད་ས་མ་ནོར་བའི་ངང་ནས་ཀྱེ་བླ་རྒན་གོ་མེད་པོ།  ཁྱེད་རང་ཡིད་མོས་གུས་དང་བཅས་ལུས་ཐམས་ཅད་ས་ལ་ཕོབ།རྫས་ངན་གྱི་རྐྱལ་ཁུག་ཕར་ལ་དབྱུགས། སེམས་མ་གཡེང་བར་རྣ་བ་གཏད་དེ་ཉོན་ཅིག  ཅེས་་བཟོད་དཀའ་ཞིང་བརྗིད་བག་དང་ལྡན་པའི་གཏམ་ལ་གནས་བརྟན་བགྲེས་པོ་ཡང་ཧ་ལས་ཤིང་འཇིགས་འཆུམས་ནས་མི་གུས་རང་གུས་སུ་གྱུར།པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས། བླ་གོས་ཕྲག་པ་གཅིག་ཏུ་གཟར།ལག་པའི་སྙིམ་པ་སྙིང་ཁར་ཐལ་མོ་སྦྱར་ནས། ལྡབ་ལྡིབ་ཚིག་གིས་ལགས་སོ་ལན་གསུམ་ཞུས་ཏེ་མི་ཉན་པའི་རང་དབང་མེད་པར་གྱུར་ཏོ། །དེའི་ཚེ་ཤེས་རབ་རལ་གྲིས་དམ་པའི་གསུང་སྒྲོས་བསྐྱར་བ་ནི་འདི་ལྟར།  སྣ་ཐ་འདི་ཁྱོད་ཚོས་འཐེན་ན་ཕན་ཡོན་ཆེ་རབས།བཟང་ཆ་ཡོད་རབས།  ཞེས་བཤད་རྒྱུ་ན་འཐེན་ཁ་ཅི་ལ་ཉན།  སྣ་ཚ་གི་ཟེར་བའམ།  མིག་ཆུ་མི་འཚོག་གི་ཟེར་བའམ།  སྦྲིད་པ་གཏོང་གི་ཟེར་བའམ། སྣ་ལུག་འགྲོ་གི་ཟེར་བ་སོགས་ངན་སྨྲས་ཤ་སྟག་བཤད་ཡོང་།  འདི་འཐེན་ན་ཉེས་དམིགས་ཆེ་རབས། ཆང་འཐུངས་པ་དང་ཁྱད་པར་མེད་རབས།  བཙོག་རབས།ངན་རབས་ཞེས་ཁ་ན་ནའི་བར་དུ་བཤད་ན་ཁ་གང་ནས་ལེན།  མིག་ཆུ་ཤོར་བའང་མི་འཛེམ།  གཙང་བཙོག་ལའང་མི་འཛེམ། གྲོལ་ཆུང་གི་བར་གསེང་དུ་ཐལ་ཤུ་རུ་རུ་བྱེད་པ་འདི་ལ་ལྟོས་དང་།  བདུད་ཀྱིས་བྱིན་གྱིས་བརླབས་པའི་རྫས་ངན་ཡིན་པ་མི་ཤེས་སམ། ཞེས་བྲག་ཁ་ནས་རྦབ་རྡོ་བཏང་བ་དང་མཚུངས་པའི་རྡོ་རྗེའི་ཚིག་འདི་འདྲ་གསུངས་མྱོང་བ་རེད།  བླ་རྒན་གླེན་རྟིག  ཧ་གོ་གི་ཨེ་འདུག ཅེས་སྨྲས་པ་ན་ཚུལ་ཁྲིམས་མེ་ལོང་གི་ལུས་ཕུང་འདར་སིག་སིག  མིག་ཆུ་ཤ་ར་ར། སྨྲེ་སྔགས་ཆིལ་ལི་ལི།  བྱ་རྩོག བྱ་འ་ཏི།  ང་འདྲ་འདྲའི་ལས་ངན་པོ།  ཞེས་པ་ངག་ནས་ཟློ་ཞིང་ཤུགས་རིང་ལན་མང་འབྱིན་པ་དང་།  ཤེས་རབ་རལ་གྲི་ལ་ཕྱོགས་ནས་ཡང་ཡང་ཐལ་མོ་སྦྱོར་བ་ཙམ་ཞིག་ལས་ཚིག་གཅིག་ཀྱང་སྨྲ་རྒྱུ་མ་བྱུང་ངོ་།  །ཞེས་བྱ་བ་ནི་རྐང་ལ་མེ་བཙའ་ཕོག་པ་ལྟ་བུའི་བསླབ་བྱས་ཚུལ་ཁྲིམས་ཀྱི་སྐ་རགས་ལྷོད་པའི་གནས་བརྟན་བགྲེས་པོའི་གནད་ལ་ཕོག་པའི་རབ་ཏུ་བྱེད་པ་སྟེ་གསུམ་པའོ།།

 

དེ་ནས་ཡུན་རིང་ཞིག་ལ་ངལ་བསོས་ནས་གནས་བརྟན་བགྲེས་པོ་ཡར་ལངས་ཏེ་ཤེས་རབ་རལ་གྲི་ལ་ཕྱག་འཚལ་བའི་གྲབས་བྱེད་པ་ན་བསླབ་པ་རྒན་རིམ་དབང་གིས་ཕྱག་དང་དུ་མ་བླངས།དེའི་ཚེ་གུས་པའི་ཉམས་དང་བཅས་གྲེ་བ་རྣོང་བཞིན་པའི་ངུ་ངག་གི་རོལ་མོས་རམ་བཏེགས་པའི་ཚུལ་གྱིས་ཤེས་རབ་རལ་གྲི་ལ་འདི་སྐད་ཅེས་ཞུས་སོ།  །༧ སྐུ་མཆོག་རབ་མཛེས་མཚན་དཔེའི་རྒྱུ་སྐར་སྤྲས་འདྲ།།གསུང་དབྱངས་བརྗིད་ཆགས་མཐོ་རིས་རྔ་ཆེན་རྡུང་འདྲ།།ཐུགས་དབྱིངས་ཟབ་གསལ་ཉི་མའི་དཀྱིལ་འཁོར་ཤར་འདྲ། །བདག་གི་སློབ་དཔོན་ཁྱེད་ལ་གུས་པས་འདུད་དོ།།མ་རིག་མུན་པས་གཡོགས་པའི་ལས་ངན་བདག་ཉིད། །ཐ་ཤལ་གྲོགས་དང་འགྲོགས་པའི་སླ་ངའི་དྲེག་པ།།བག་མེད་སྐྱོན་མཚང་ལྡུམ་བུ་ཙུག་འཛིན་དཔེ་བཞིན། །རང་ལ་འགོས་པ་མ་ཤེས་ངང་ནས་རྒས་སོང་།།བདུད་མོའི་མངལ་ཁྲག་ལས་སྐྱེས་རྫས་ངན་ཐ་མག།ལུས་དང་གྲིབ་མ་ལྟར་འགྲོགས་ལོངས་སུ་སྤྱད་པའི།།ཉེས་ཚོགས་རི་ལྟར་ལྕི་བ་སྙིང་ནས་འཆགས་སོ།།རྣམ་སྨིན་ཏིལ་འབྲུ་ཙམ་ཡང་མི་འབྱུང་བྱིན་རློབས། །ད་ནས་བཟུང་སྟེ་ཇི་སྲིད་འཚོ་ཡི་བར་དུ། །སྣ་ཐ་རྩད་ནས་སྤངས་པའི་དམ་བཅའ་བརྟན་པོ།།བཀའ་དྲིན་མཚུངས་མེད་ཁྱེད་དྲུང་ཕུལ་བ་ལགས་ན།།དགྱེས་བཞིན་རྗེས་སུ་འཛིན་ནམ་མི་འཛིན་ཁྱེད་མཁྱེན། །ཡིད་ལ་ཕན་པའི་བསླབ་བྱ་གསུང་གི་བདུད་རྩི།།བག་མེད་རྟ་རྒོད་འདུལ་བའི་ཆོས་ཀྱི་སྲབ་སྐྱོགས།།དྲན་ཤེས་བག་ཡོད་བསྟེན་པའི་མན་ངག་ཟབ་མོ། །འདོད་དགུ་ལྷུགས་པར་སྩོལ་བའི་ཞུ་བ་འབུལ་ལོ།།ཞེས་སྙིང་རྗེ་རྗེ་སྐད་དུ་མཐོལ་བཤགས་དང་ཕྱིན་ཆད་སྣ་ཐ་མི་འཐེན་པའི་མནའ་དང་དམ་བཅའ་ཕུལ་བ་ན།  ཤེས་རབ་རལ་གྲི་ཐུགས་ཤིན་ཏུ་དགའ་ནས་འདི་སྐད་ཅེས་གསུངས་སོ།།༧ ལེགས་སོ་ལེགས་སོ་གནས་བརྟན་བགྲེས་པོ་ལགས། །རང་སྐྱོན་རང་གིས་ཤེས་པ་དཀའ་མོར་གདའ།།ཤེས་པའི་དུས་ན་སྔར་བྱས་འགྱོད་སེམས་དང་། །ཕྱིན་ཆད་སྡོམ་པར་བྱེད་པ་མཁས་པའི་རྟགས།།བདག་ནི་བློ་གྲོས་དམན་ཞིང་སྦྱངས་པ་ཞན། །གཞུང་ལུགས་རྒྱ་མཚོའི་ཕ་མཐར་མ་སོན་པས།།གནས་བརྟན་བགྲེས་སོན་ཐུགས་ཀྱི་མགུ་གང་བའི། །ཆོས་ཀྱི་བསླབ་བྱ་སྟོན་པའི་རྔོ་མི་ཐོགས།།འོན་ཀྱང་སངས་རྒྱས་དངོས་འདྲའི་བཤེས་ལ་མཇལ། །དམ་ཆོས་འདུལ་བའི་བསླབ་བྱ་ལན་མང་ཉན།།ད་ལྟ་ཡིད་ལ་བརྣགས་པའི་ཚིག་འགའ་ཞིག །གཞན་ལའང་ཕན་ཕྱིར་ཅུང་ཟད་ཞུ་བར་སྤྲོ། །ཞེས་བྱ་བ་ནི་ཚུལ་ཁྲིམས་མེ་ལོང་གིས་ཐ་མ་ཁའི་ཉེས་དམིགས་ངོས་ཟིན་ནས་ཤེས་རབ་རལ་གྲིས་ཅི་གསུངས་བཀའ་བཞིན་སྒྲུབ་པར་ཞུས་པའི་རབ་ཏུ་བྱེད་པ་སྟེ་བཞི་བའོ།།

 

དེ་ནས་ཤེས་རབ་རལ་གྲིའི་དགོངས་པར་འདི་སྙམ་དུ་སེམས་ཏེ།  རྫས་ངན་འདིས་བསླུས་པས་མགོ་སྐོར་གྱི་འོག་ཏུ་ཚུད་པ་ནི་གནས་བརྟན་འདི་གཅིག་པུར་མ་ཟད་ཀྱི་གངས་རི་ར་བས་བསྐོར་བའི་གནས་དང་ཡུལ་ག་གེ་མོ་གཞན་དག་ཏུ་ཡང་སོ་ཐར་སྡོམ་ལྡན་ངུར་སྨྲིག་ན་བཟས་མཛེས་པའི་དགེ་ཚུལ་སློང་སྟོང་ཕྲག་ཁྲི་ཕྲག་གི་གྲངས་ཙམ་ཞིག་ག་ན་ཡོད་ཀྱང་།  བརྒྱ་ཕྲག་རེ་འགའ་ནི་ཡོད་ངེས་པས་དེ་དག་ཀུན་ལ་ཕན་སེམས་རྒྱ་ཆེར་བསྐྱེད་ནས་གྲེ་མགུལ་བདེ་མོའི་གདངས་ཀྱི་ང་རོ་བྱ་འཇོལ་མོ་དང་ཁུ་བྱུག་གི་སྐད་ལས་ཀྱང་སྙན་པ་ཞིག་བཏོན་ནས་འདི་སྐད་དུ།༧ ངག་གྲེ་འགྱུར་བདེ་བའི་གླུ་བ་ཞིག་མིན་ཡང་། །དོན་ཚིག་གསུམ་དབྱངས་ལ་གྱེར་མཁན་ཞིག་ལོས་ཡིན།།མ་འགྲོ་ཀུན་སྒྲོལ་བའི་མགོན་སྐྱབས་ཤིག་མིན་ཡང་།།ཐ་མ་ཁའི་སྐྱོན་མཚང་འབྲུ་མཁན་ཞིག་ལོས་ཡིན།།འདི་མཐོང་ཚད་ཀུན་གྱིས་ཁས་ལེན་དེ་དཀའ་ཡང་། །བརྒྱ་ཐམ་པའི་ནང་ན་ཁེར་མ་རེ་ལོས་ཡོད།།དོན་དེ་ཕྱིར་འབད་པས་བྲིས་པ་འདིར་ལྟོས་དང་། །བཟང་མ་གཏོགས་ངན་ཞིག་འབྱུང་དོགས་ནི་མི་སྲིད།།ཁོང་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བྱོན་དུས། །རྫས་ངན་འདི་ས་སྟེང་མ་བྱུང་བ་མ་གཏོགས།།ཆང་སྨྱོ་ཆུ་ཇི་མ་ཇི་བཞིན་དུ་བཀག་ནས། །བཅའ་ཁྲིམས་སུ་བཀས་བཅད་མཛད་ངེས་རང་ཡིན་ནོ།།དོན་དེ་ཕྱིར་འདུལ་བའི་སྡེ་སྣོད་ཀྱི་ནང་དུ། ། འདིའི་མིང་བཟུང་བཀག་པ་མེད་པ་ལ་འཁྲིས་ནས།།ཅུང་ཟད་རེ་འཐེན་ཀྱང་ཅི་སྐྱོན་ཞེས་སྨྲས་ན། །རང་མགོ་དེ་རང་རྨས་ཨ་ཙ་མ་མིན་ནམ།།བཀག་པ་དེ་མི་འཚོལ་གནང་བ་དག་འཚོལ་བའི། །ཕྱོགས་ལྷུང་གི་བསམ་ངན་རྒྱ་ཡན་དུ་བཏང་ན། །སྣ་བུག་གི་སྲིན་ལ་ཕན་སྐད་ཀྱི་གཏམ་ཡང་།།དབང་མེད་དུ་ཁ་ནས་ནམ་ཤོར་ཡང་མི་ཤེས། །འབྱུང་ལུས་ཀྱི་སྟོང་ཕྲག་དོན་གཉིས་ཀྱི་རྩ་སྦུབས།།རྫས་ངན་གྱི་སྙིགས་མ་དུད་དྲེག་ལྟར་ཆགས་ན། །འཆི་དུས་ཀྱི་རྣམ་ཤེས་ཕྱི་རོལ་ཏུ་འཕོ་ཚེ།།ཅི་དྲག་ལ་གཏུགས་པའི་གནས་སྐབས་དེ་ཅི་འདྲ།།སྟེང་སྤྱི་གཙུག་ནས་འཕོས་མཆོག་རབ་ཀྱི་རྩེ་མོར། །ཆོས་ཉིང་ཁུ་ཀུན་ལས་ཤ་ཚ་རུ་གདམས་ན།།སྣ་བུག་གི་ཚ་ཐབ་དུད་ཁུང་གི་སྦུབས་སུ། །ཟང་ཐལ་དུ་ཡོད་མེད་རང་ཉམས་ལ་དཔོགས་ཤིག།སྟོད་སྨིན་མཚམས་མིག་སྣ་རྣ་ལྟེ་ནས་འཕོས་ན། །མཆོག་རབ་ཀྱི་འོག་མའི་བུ་ག་རུ་གསུངས་ཏེ།།གནས་དེ་གའི་རྩ་སྦུབས་རྫས་ངན་གྱི་དྲེག་པས། །བཀག་ཡོད་མེད་རང་གི་མྱོང་བ་དང་སྦྱོར་ཅིག །སྨྲ་བྱེད་ཀྱི་ཁ་དང་རྩ་ཆུ་ཡི་ལམ་དུ།།ཐ་ཆད་ཀྱི་དྲེག་པ་ཡོད་མེད་ལ་མི་བལྟོས། །གནས་དེ་ནས་འཕོས་ན་ཨ་ཙ་མ་ཅི་བྱེད།།ཚུལ་འདི་ལ་མི་སྔངས་ཤེས་ལྡན་དེ་སུ་ཞིག །དུས་དེང་རབས་རིག་རྩལ་གསར་བཏོད་ཀྱི་གཞུང་ན།།རྐང་གཅིག་ལྡན་ཤོག་དུད་རེ་རེ་བཞིན་བརྔུབས་པས།།ཚེ་སྲོག་གི་སྐར་ཆ་ལྔ་རེ་བཞིན་ཐུང་བར། །དྲིལ་བསྒྲགས་ཀྱི་གཏམ་ལ་རྣ་བ་རེ་གཡོར་ཅིག།ལྕེ་བདེ་མོས་ཚིག་སྦྱོར་སྟོང་ཕྲག་གཅིག་བཤད་ཀྱང་། །རྣ་ལམ་དུ་འགྲོ་མིན་ཁྱོད་རང་ལ་རག་ལས།།དོན་དེ་ཕྱིར་ཁྱོད་ཀྱི་དམ་བཅའ་དེ་བརྟན་མིན། །བག་ཡོད་ཀྱི་དྲན་ཤེས་ཡོད་མེད་ལ་རག་ལས།།ཞེས་བརྗོད་པའི་མཚམས་སུ་གནས་བརྟན་བགྲེས་པོ་ཀོག་གིས་ཡར་ལངས་ཏེ་ལྷའི་བདུད་རྩི་དང་འདྲ་བའི་དམ་པའི་ཆོས་ཀྱི་བསླབ་བྱ་ཐོབ་པ་ལ་རྗེས་སུ་ཡི་རངས་ནས་རང་གི་དགེ་བའི་བཤེས་གཉེན་ཆེན་པོར་སྡོང་བོ་ས་ལ་འགྱེལ་བ་ལྟ་བུའི་ཕྱག་བརྒྱ་ཕྲག་དང་སྐོར་བ་བརྒྱ་ཕྲག་མཛད་ནས་མངོན་པར་བསྟོད་དོ།།ཞེས་བྱ་བ་ནི་ཐ་མ་ཁ་ཚེ་གང་ལ་འཐེན་པའི་སྣ་ཐའི་བརྐམ་ཆགས་ཅན་འདི་འདྲ་བ་ཡང་ཡ་རབས་དམ་པའི་བཤེས་དང་ཕྲད་ན་སྐད་ཅིག་ལ་བློ་ལོག་ནས་ཚུལ་ཁྲིམས་རྣམ་པར་དག་པའི་ཕྱོགས་ལ་གཞོལ་བའི་ངང་ཚུལ་གསལ་བར་བརྗོད་པའི་རབ་ཏུ་བྱེད་པ་སྟེ་ལྔ་བའོ།།དེ་ལྟར་ན་ཚུལ་ཁྲིམས་མེ་ལོང་དང་ཤེས་རབ་རལ་གྲི་གཉིས་ཀྱི་འབེལ་གཏམ་བཏོན་ན་ཉམས་ཐོན་པ།  ཉན་ན་སེམས་སྤྲོ་བ། བསམས་ན་ཕན་ཐོགས་པ།གླེང་ན་དགོད་བྲོ་བ་འདིའི་མཇུག་རེ་ཞིག་ཉེ་བར་རྫོགས་སོ། །  ། །

 

འདིར་སྨྲས་པ། ཚ་གཅུན་མ་ཡིན་རང་ཤུགས་ཐབས་ཀྱིས་ཐུལ། །

 

བཅད་པ་མ་ཡིན་ཉེས་དམིགས་མཐོང་བས་ཆོད། །

 

རྙོགས་པ་མ་ཡིན་ཚུལ་ཁྲིམས་ཆབ་ཀྱིས་བཀྲུས། །

 

གཅིག་ཙམ་མ་ཡིན་ཕལ་ཆེར་ལྟ་སྤྱོད་མཐུན། །

 

འདི་ཙམ་མ་ཡིན་ཚེ་རབས་ཀུན་ཏུ་བདེ། །

 

མི་ཙམ་མ་ཡིན་ལྷ་ཡང་ཁོང་འཛུམ་ཤོར། །

 

སེར་མོ་མ་ཡིན་སྐྱ་བོ་ཀུན་ཀྱང་བསྔགས། །

 

བྱ་དཀའ་མ་ཡིན་རང་རང་སེམས་ལ་ཐུག །

 

བསྐུས་པ་མ་ཡིན་ཀུན་སློང་དུང་ལྟར་དཀར། །

 

བུས་པ་མ་ཡིན་ཆོས་དུང་རང་སྒྲ་འབྱིན། །

 

བསྐུལ་བ་མ་ཡིན་འབྲི་འདོད་སེམས་ཀྱིས་བྲིས། །

 

གཅིག་ལ་མ་ཡིན་ཀུན་ལ་ཕན་པར་སྨོན། །

 

ཞེས་གནས་བརྟན་ཚུལ་ཁྲིམས་མེ་ལོང་དང་། དགེ་ཚུལ་ཤེས་རབ་རལ་གྲི་གཉིས་ཀྱི་འབེལ་གཏམ་རྐང་ལ་ཟུག་པའི་མེ་བཙའ་ཞེས་བྱ་བ་འདི་ནི།  དཔལ་མཉམ་མེད་ཤཱཀྱ་སེང་གེའི་བསྟན་པའི་གྲལ་མཐའ་ལ་ཞུགས་པའི་དགེ་སྦྱོང་གི་གཟུགས་བརྙན་བརྙེངས་བྲལ་གཏན་ཚིགས་དང་ལྡན་པའི་ཆོས་རབ་ཏུ་རྣམ་འབྱེད་ཅེས་བྱ་བའི་མིང་གི་བ་དན་གཡོ་བས་རབ་རྒྱལ་ལྕགས་ཕོ་སྤྲེལ་གྱི་ཆོ་འཕྲུལ་ཟླ་བའི་ཚེས་བཟང་པོར་གར་སྡོད་ཐེག་ཆེན་ཆོས་ཀྱི་ལྡིང་ཁང་ནས་བྲིས་པ་དགེ། །།

 

སྨྲས་པ།

 

རང་གཞན་དགེ་ཚོགས་དུས་མཐའི་ཞུགས་ཀྱི་འཕྲུལ།།

 

ལས་ཉོན་བག་ཆགས་ནགས་སུ་མཆེད་ཙམ་གྱིས།།

 

ལྷག་མེད་བསྲེགས་པའི་དམར་འོད་མཁའ་ལ་ཁྱབ།།

 

ཡེ་ཤེས་ཆེན་པོའི་སྣང་བ་རྒྱས་གྱུར་ཅིག །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།