བུ་ཤ་ཟོས་པའི་དགེ་སློང་མ།

    སྤེལ་དུས།  2015-12-06 23:25:47     རྩོམ་པ་པོ།   རྒྱ་གྲོལ།    ཀློག་ཐེངས།  

རྒྱ་གར་གྱི་རྒྱལ་བོ་གསལ་རྒྱལ་འདས་པས་རྒྱལ་སྲིད་བཻཌཱུརྱས་བསྐྱངས་པས་ལུགས་དང་མི་མཐུན་པ་མང་བོ་བསྒྲུབས་ཏེ་མི་རྣམས་ལ་འཚེ་བ་བྱས་པས་རིགས་མཐོ་བའི་བུད་མེད་ལྔ་བརྒྱ་ཙམ་རབ་ཏུ་བྱུང་། ཡིན་ནའང་། མི་མང་བོ་ཞིག་དེ་དག་ལ་དགའ་བས་འདོད་ཡོན་གྱིས་གཡེང་བར་གྱུར་ནས་རང་གི་སྤྱོད་པ་ལ་སྐྱོ་བར་གྱུར་ནའང་རང་དབང་མེད་པར་གྱུར།

སྐབས་དེར་དགེ་སློང་མ་ཨུཏྤལའི་མདོག་རབ་ཏུ་བྱུང་བ་ནས་བརྩོན་པ་ཆེན་པོ་བརྟེན་པས་ཅུང་མ་འགོར་བར་དགྲ་བཅོམ་པའི་འབྲས་བུ་མངོན་པར་བྱས་ནས་དགེ་སློང་མ་རྣམས་ལ་ཆོས་སྟོན་ཀྱིན་བཞུགས་པའི་སྐབས་ཡིན་པས་ཁོ་མོ་ཚོ་དགེ་སློང་མ་ཨུཏྤལའི་སྤྱན་སྔར་འོངས་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་ཞུས།

བདག་ཅག་ཁྱིམ་ན་གནས་པའི་ཚེ་ཁྱིམ་གྱི་བྱ་བས་བསླུས། རབ་ཏུ་བྱུང་ནའང་འདོད་པའི་དབང་དུ་སོང་ནས་ཉོན་མོངས་ལས་མི་ཐར་ན་ཁོ་མོ་ཅག་ལ་ཕན་པའི་ཆོས་ཤིག་གསུང་དུ་གསོལ།

དགེ་སློང་མ་ཨུཏྤལའི་མདོག་ཅན་གྱིས་དགེ་སློང་མ་དག་ལ་ཞིབ་ཏུ་གཟིགས་ནས་ཅུང་བསམས་ཏེ་འདི་སྐད་གསུངས།

འདིར་ངས་དེ་རིང་ཁྱོད་ཚོར་གཏམ་རྒྱུད་ཅིག་བཤད། གཏམ་རྒྱུད་འདི་ནི་ང་ཚོའི་ས་ཆ་འདིར་བྱུང་བའི་གཏམ་རྒྱུད་ཅིག་ཡིན།

ཉིན་གཅིག  སྟོན་པས་ཀུན་དགའ་བོ་ལ། དེ་རིང་མགྲོན་པོ་གལ་ཆེན་ཞིག་ཡོད་པས་ཁྱོད་ཀྱིས་མོ་ལྭ་ཞིག་བཟུང་ནས་འུ་གཉིས་བསུ་བར་འགྲོ་གསུངས། 

ཀུན་དགའ་བོས་ཀྱང་ལྭ་བ་ཞིག་བཟུང་ནས་བཅོམ་ལྡན་འདས་དང་ལྷན་དུ་མགྲོན་པོ་དེ་བསུ་རུ་སོང་། ཀུན་དགའ་བོས་མགྲོན་པོ་དེ་སུ་ཡིན་ནམ།གང་འདྲ་ཞིག་ཡིན་ནམ་སྙམ་བཞིན་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲངས་ནས་སོང་།

རྒྱལ་བྱེད་ཀྱི་ཚལ་ནས་ཕྱིར་བུད་པ་ན། རྒྱང་རིང་ན་བུད་མེད་གཅེར་བུ་ཞིག་གིས་ངོ་ཚ་སྟེ་ལག་པ་ནུ་མ་ལ་བཀབ་ནས་འདུག་པ་མཐོང། མཐོང་ནས་ཀྱང་ཉེ་སར་ཕྱིན་ནས་བཅོམ་ལྡན་འདས་ཀྱིས།

ཀུན་དགའ་བོ།   བུད་མེད་འདི་ལ་གོས་སྐོན་ཅིག  ཀུན་དགའ་བོས་ཀྱང་ཁོ་མོར་གོས་གཏད་ཅིང་ཁོ་མོས་གོས་གྱོན་ཏེ།  ངུ་སྔངས་དང་བཅས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ།

བཅོམ་ལྡན་འདས་བདག་ནི་རབ་ཏུ་དབྱུང་བར་འདོད་དོ། །ཞེས་སྨྲས་ཤིང་དེ་དང་བསྟུན་ནས་མུ་མཐུད་དུ་ངུ་སྔངས་ཀྱིས།

བཅོམ་ལྡན་འདས།  བདག་ནི་ཀུན་ཏུ་རྒྱུ་བའི་རིགས་ཆེ་ཞིང་བཙུན་པར་སྐྱེས་ཏེ། ལང་ཚོ་དར་ལ་བབས་ནས་རང་དང་རིགས་མཉམ་པའི་རིག་བྱེད་ལ་མཁས་པ་ཞིག་གི་ཁྱིམ་དུ་བག་མར་ཕྱིན་ཏེ་བུ་ཞིག་ཀྱང་སྐྱེས་སོ།  །

ཕྱིས་གྱོས་པོ་ཚེ་ལས་འདས་ཤིང་། མངལ་དུ་བྱིས་པ་ཞིག་ཀྱང་ཞུགས་སོ༎ནམ་ཞིག་ཁྱོ་དང་ལྷན་ཅིག་བུ་ཆུང་ཁྲིད་དེ་ཕ་ཁྱིམ་དུ་ཕྱིན་པའི་ལམ་དུ་མངལ་མི་བདེ་བར་གྱུར་ནས་ཤིང་དྲུང་གཅིག་ཏུ་གནས་བཅས་ཤིང་ནམ་ཕྱེད་ཙམ་དུ་བུ་ཆུང་ཞིག་བཙས་སོ།  །

ཕྱི་ཉིན་ལོགས་གཅིག་ཏུ་ཉལ་བའི་ཁྱོ་ག་སྦྲུལ་གདུག་པ་ཅན་གྱིས་ཟིན་ནས་ཚེ་འཕོས་པ་མཐོང་ནས་བརྒྱལ་ཏེ་འགྱེལ་ལོ།   །བརྒྱལ་སངས་པ་ན་བུ་ཆེ་བ་རྒྱབ་ཏུ་འཁུར་ཞིང་ཆུང་བ་པང་དུ་འཁྱེར་ནས་ལམ་གྲོགས་ཀྱང་མ་རྙེད་པར་ངུ་བཞིན་དུ་སོང་།  

ལམ་ཁར་ཆུ་ཆེན་པོ་ཞིག་བརྒལ་དགོས་པ་ལས་བུ་གཉིས་ཀ་མ་ཐེག་ནས།  ཆེ་བ་ཚུར་རོལ་ཏུ་བཞག   ཆུང་བ་ཁྱེར་ཏེ་ཕ་རོལ་ཏུ་བསྐྱལ་ནས་ཚུར་འོངས་པ་དང་། བུས་མ་འོངས་པ་མཐོང་ནས་ཆུ་ནང་དུ་ཞུགས་པ་དང་ཆུས་ཁྱེར་ཏེ་ཤི ཕྱིར་ལོག་སྟེ་འོང་ཙ་ན་བུ་ཆུང་བ་དེ་ཡང་སྤྱང་ཀིས་ཟོས་ནས་ཁྲག་ཅུང་ཟད་ཙམ་སྣང་བས་བརྒྱལ་ཞིང་འགྱེལ་ཏོ།    །

རིང་མོ་ཞིག་ནས་བརྒྱལ་བ་ལས་སངས་ཏེ་ངུ་བཞིན་དུ་ལམ་དུ་ཞུགས་པ་ན་སྔར་གྱི་ཉེ་བ་ཞིག་དང་ཕྲད་ནས་གཏམ་དྲིས་པས།   ཕ་མའི་ཁྱིམ་དུ་མེ་ཤོར་ནས་ཕ་མ་དང་ཁྱིམ་གང་གི་མི་རྣམས་ཚིག་སྟེ་ཤིའོ་ཟེར། སླར་ཡང་བརྒྱལ་བར་གྱུར་པ་མི་དེས་བསླངས་ཏེ་ཁྱིམ་དུ་ཁྲིད་ནས་བྱམས་པར་ཡོད་པ་ལ་ཡང་ཀུན་ཏུ་རྒྱུ་ཞིག་གིས་ཆུང་མར་བླངས།

དེ་དང་ལྷན་དུ་གནས་པ་ལས་མངལ་ཆགས་ཏེ་ཟླ་གྲངས་ཚང་བ་ན། ཁྱིམ་ཐབ་དེ་ཆང་སྟོན་ལ་སོང་བའི་ཤུལ་ཏུ་བཙས་ཏེ། དེ་ཆང་གིས་མྱོས་ནས་ཕྱིར་འོང་བ་ན་སྒོ་འབྱེད་མཁན་མེད་པས།  ཁྲོས་ཏེ་སྒོ་བཅག་སྟེ་ནང་དུ་འོང་ནས་ཁོ་མོར་བརྡུང་ཞིང་།   བུ་བཙས་སོ་ཞེས་སྨྲས་པས་བུ་བསད་དེ་མར་གྱི་ནང་དུ་བརྔོས་ནས་ཁར་བརྫངས་ཏེ་ཟར་བཅུག་གོ། །

དེ་བས་ཡིད་སྐྱོ་སྟེ། འདི་ལྟ་བུའི་ཁྱིམ་ཐབ་ཀྱི་སར་སྡོད་པ་ལས་འཁྱམ་ན་དགའ་སྙམ་ཏེ། ཁྱིམ་ཐབ་དེ་བོར་ནས་ཡུལ་ཝ་རཱ་ཎ་སིར་བྲོས།  ལམ་ཁར་ཤིང་གཅིག་གི་དྲུང་ན་ཁྱིམ་བདག་གཞོན་ནུ་ཞིག་གི་ཆུང་མ་ཤི་ནས།  དེའི་རུས་པ་སྦས་པའི་སྟེང་ན་མྱ་ངན་གྱིས་ངུ་ཞིང་འདུག་པ་དང་འཕྲད་ནས།   ཕན་ཚུན་གཏམ་བྱས་ཏེ་དེའི་ཆུང་མ་བྱས་སོ། །

རིང་བོར་མ་ལོན་པར་ཁྱིམ་ཐབ་དེར་ནད་ལྕི་མོ་ཞིག་ཕོག་སྟེ་ཚེ་ལས་འདས་པ་དང་ཡུལ་དེའི་ལུགས་ཀྱིས་བདག་ཀྱང་གསོན་པོར་ཁྱོ་གའི་རོ་དང་མཉམ་དུ་དུར་དུ་སྦས་སོ།    །དེའི་ནུབ་མོར་དུར་རྐུན་པ་འོངས་ནས་དུར་བྲུས་པ་དང་།   ཁོ་མོ་མཐོང་ནས་དུར་ལས་བླངས་ཏེ་རྐུན་མའི་དཔོན་པོ་དེའི་ཆུང་མ་བྱས་སོ།   །

དེ་ནས་རིང་བོར་མ་ལོན་པར་དུར་རྐུན་དཔོན་རྒྱལ་བོས་བཟུང་ནས་བསད་དེ་དེའི་རུས་པ་དང་མཉམ་དུ་གསོན་དུར་དུ་སྦས་ཤིང་། དེར་ཞག་གསུམ་ལོན་པ་ན་དུར་དེ་སྤྱང་ཀིས་བྲུས་པས་ཐར་ཏོ།   །དེ་བས་བདག་གི་སེམས་རབ་ཏུ་སྐྱོ་ནས་ད་ནི་སངས་རྒྱས་ལ་སྐྱབས་སུ་འགྲོའོ་སྙམ་ནས་འདིར་འོངས་སོ༎

དེ་སྐད་སྨྲས་པ་དང་མོས་ངུ་སྔངས་ཀྱིས། 

བཅོམ་ལྡན་འདས། བདག་རབ་ཏུ་བྱུང་བར་འཚལ་ལོ།།

བཅོམ་ལྡན་འདས་ཀྱིས་བརྩེ་བས་གཟིགས་ཏེ།

རིགས་ཀྱི་བུ་མོ། ལེགས་སོ། །ཤིན་ཏུ་ལེགས་སོ། །ཞེས་གསུངས་ནས་རྒྱལ་བྱེད་ཚལ་དུ་ཁྲིད་དེ། དགེ་སློང་མ་སྐྱེ་དགུའི་བདག་མོ་ལ་གཏད་ནས་རབ་ཏུ་བྱུང་ངོ་། 

དགེ་སློང་མ་ལྔ་བརྒྱས་གཏམ་རྒྱུད་དེ་ཐོས་ནས་སྐྱོ་བ་ཆེན་པོས་ངུ་ཞིང་ངུ་བར་བྱེད་དོ༎

སྐབས་འདིར་དགེ་སློང་མ་ཨུཏྤལའི་མདོག་གིས།

ཁྱོད་ཚོས་སྐབས་འདིར་ཐེངས་གཉིས་ལ་དུར་ལ་བཅུག་ཅིང་དུར་ལས་ཐར་བའི་བུ་མོ་འདི་སུ་ཡིན་ཤེས་སམ།

མི་ཤེས་སོ། ། དགེ་སློང་མ་དེ་ད་ལྟ་གང་དུ་བཞུགས་སམ། བདག་ཅག་གིས་བལྟ་བར་འདོད་དོ། །

དགེ་སློང་མ་ཨུཏྤལའི་མདོག་གིས།  བཙན་གྱིས་བུའི་ཤ་ཟོས་པའི་བུ་མོ་དེ་ནི་ང་ཡིན་ནོ། །

བུད་མེད་དག་ཧ་ལས་ཏེ་མིག་ཅེར་ནས་མོ་ལ་བལྟས་ནས་བསྡད།

ཁྱོད་ཚོས་བདག་གིས་ཅིའི་ཕྱིར་འདི་ལྟ་བུའི་སྡུག་བསྔལ་མྱོང་བ་ཤེས་སམ།

མི་ཤེས་སོ།། བདག་ཅག་ལ་ཁྱོད་ཀྱིས་ཅིའི་ཕྱིར་སྡུག་བསྔལ་འདི་མྱངས་པ་གསུང་དུ་གསོལ།

བདག་གིས་སྡུག་བསྔལ་མྱངས་པ་འདི་རྒྱུ་མེད་དང་རྐྱེན་མེད་དུ་མྱངས་པ་ག་ལ་ཡིན། ཅིའི་ཕྱིར་འདི་ལྟ་བུའི་སྡུག་བསྔལ་མྱངས་པ་ཡིན་ནམ། ངས་ཀྱང་སྡུག་བསྔལ་མྱང་ཐེངས་རེར་དེ་ལྟར་དུ་བསམ་པ་ཡིན། རྗེས་སུ་བཅོམ་ལྡན་འདས་ཀྱིས་དེའི་རྒྱུ་དང་རྐྱེན་གསུངས་པ་ཐོས་པས་ལས་འབྲས་མི་བསླུ་བར་ཡིད་ཆེས་སོ། །

སྔོན་འདས་པའི་དུས་ཁྱིམ་བདག་ཤིན་ཏུ་ཕྱུག་པོ་ཞིག་ལ་ཆུང་མ་ཆེ་ཆུང་གཉིས་ཡོད་ཅིང་། ཆུང་བ་དེ་ལ་བུ་ཞིག་སྐྱེས་པ་ན།   ཆེན་མས་རང་ལ་བུ་མ་སྐྱེས་པས་ཁྱིམ་གྱི་བདག་མོར་དེ་འགྱུར་སྙམ་ནས་ཕྲག་དོག་བྱས་ཏེ་བུའི་མཚོག་མར་ཁབ་བཙུགས་ནས་བསད།

དེའི་ཚེ་བུའི་མ་དེས་ཁྱོད་ཀྱིས་ངའི་བུ་བསད་དོ་ཞེས་ཆོ་ངེ་བཏོན་ཏེ་རྒོལ་བ་ལ།   ཆེན་མས་བསྙོན་འདིང་ནས་ཁོ་མོས་ཁྱོད་ཀྱི་བུ་བསད་པར་གྱུར་ན་སྐྱེ་བ་ཐམས་ཅད་དུ་ཁོ་མོའི་ཁྱོ་སྦྲུལ་གདུག་པ་ཅན་གྱིས་གསད་པར་གྱུར་ཅིག  བུ་བྱུང་ནའང་ཆུས་ཁྱེར་བ་དང། སྤྱང་ཀིས་ཟ་བར་གྱུར་ཅིག  ཡང་ནས་ཡང་དུ་གསོན་དུར་དུ་བཅུག་སྟེ་བུའི་ཤ་ཟ་བར་གྱུར་ཅིག  ཕ་མའི་ཁྱིམ་དུ་མེ་ཤོར་ནས་ཐམས་ཅད་འཚིག་པར་ཤོག་ཅེས་མནའ་བསྐྱེལ། 

ཆེན་མ་དེ་ནི་ང་ཡིན་ཏེ། ་མནའ་བསྐྱེལ་བ་དེའི་འབྲས་བུར་སྐྱེ་བ་འདིར་དེ་ལྟ་བུའི་སྡུག་བསྔལ་མང་བོ་མྱངས་སོ། །

དགེ་སློང་མ་དག་གིས། འོ་ན་རྐྱེན་གང་གིས་རབ་ཏུ་བྱུང་ནས་བརྩོན་པ་བསྟེན་ཏེ་མྱུར་ཏུ་དགྲ་བཅོམ་པར་གྱུར་པ་ཡིན་ནམ།

དགེ་སློང་མ་ཨུཏྤལའི་མདོག་གིས། སྔོན་ཝཱ་རཱ་ཎ་སིར་རང་སངས་རྒྱས་ཤིག་བསོད་སྙོམས་ལ་གཤེགས་པ་ན།  ཁྱིམ་བདག་གི་ཆུང་མ་ཞིག་རང་སངས་རྒྱས་དེ་ལ་རབ་ཏུ་དད་ནས་བསོད་སྙོམས་ཕུལ།  རང་སངས་རྒྱས་དེས་ཀྱང་རྫུ་འཕྲུལ་སྣ་ཚོགས་པ་བསྟན་པས། ཁྱིམ་བདག་གི་ཆུང་མ་དེས།   ཁོ་མོའང་མ་འོངས་པའི་དུས་སུ་ཡོན་ཏན་འདི་ལྟ་བུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། དེའི་སྐབས་ཀྱི་ཁྱིམ་བདག་གི་ཆུང་མ་དེ་ང་ཡིན་ནོ། །སྐབས་དེར་དེ་ལྟ་བུའི་དགེ་བ་བསགས་པས་སྐྱེ་བ་འདིར་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཡིན།

ད་ལྟ་ཁྱོད་ཚོས་ཤེས་སམ།  འདོད་ཆགས་ནི་མེ་དང་འདྲ་སྟེ། རྒྱུན་དུ་འཚིགས་ནས་སྡུག་བསྔལ་བར་བྱེད་ཅིང་། དེའི་དབང་གིས་གཅིག་གིས་གཅིག་ལ་འཚེ་ཞིང་ཡུན་རིང་བོར་སྡུག་བསྔལ་མྱོང་བར་བྱེད་དོ། ། ཁྱིམ་ནི་བཙོན་ར་དང་འདྲ་སྟེ།སྡུག་བསྔལ་རྒྱུན་མི་ཆད་པར་མྱང་ཞིང་དེ་ལས་ཐར་དཀའ་འོ། ། ཀུན་ཀྱང་ང་དང་འདྲ་སྟེ།དགེ་བ་བསྒྲུབས་པས་མྱ་ངན་ལས་འདས་པའི་གོ་འཕང་འཐོབ་ངེས་ལ། མི་དགེ་བ་བསྒྲུབས་པས་ཉམ་ང་བ་མང་བོ་མྱང་བར་འགྱུར་རོ༎

དགེ་སློང་མ་དག ཁྱོད་ཚོས་ཅིའི་ཕྱིར་རབ་ཏུ་བྱུང་ནས་ཡང་འདོད་པ་ལ་ཆགས་པར་བྱེད་དམ།

དགེ་སློང་མ་ཨུཏྤལའི་མདོག་གིས་དེ་སྐད་གསུངས་པ་དང་། དགེ་སློང་མ་དག་གིས་སྔར་བྱས་པའི་ཉེས་པ་འགྱོད་ཅིང་སེམས་ཁོང་དུ་ཆུད་ནས་འདོད་པའི་གཡེང་བ་ལས་རྣམ་པར་ལྡོག་ནས་དམ་པའི་ཆོས་ལ་གཅིག་ཏུ་གཞོལ་བར་གྱུར་ཏོ། །


བརྒྱུད་འགོད།