ཕ་རྒན་མི་བྱེད་ཀ་མེད་བྱུང་བའི་དགེ་བཤེས།

    སྤེལ་དུས།  2015-12-06 23:24:35     རྩོམ་པ་པོ།   རྒྱ་གྲོལ།    ཀློག་ཐེངས།  

     ཉིན་ཞིག་དགེ་བཤེས་ཤིག་གིས་ས་ཆ་ཞིག་ཏུ་སློབ་མ་དག་ལ་ཆོས་གསུང་ཞིང་། སློབ་མ་དག་གིས་ཀྱང་བློ་རྩེ་གཅིག་གིས་དམ་པའི་ཆོས་ལ་ཉན་བཞིན་ཡོད།

སྐབས་འདིར་ཕྱུག་པོའི་ཁྱིམ་གྱི་་བུད་མེད་ཅིག་གིས་བྱིས་པ་དམར་འབྱར་སྐྱེས་མ་ཐག་ཅིག་འཁྱེར་ནས། ཁོང་གི་མདུན་དུ་འོངས། སློབ་མ་དག་གིས་བུད་མེད་འདི་ཅིའི་ཕྱིར་བླ་མའི་མདུན་དུ་འོང་བ་ཡིན་ནམ་སྙམ་ནས་ཧ་ལས་པའི་མིག་གིས་མོར་བལྟས།

བུད་མེད་དེས། རང་གི་བྱིས་པ་རང་གིས་བདག་བྱོས། ངས་ཁྱོད་ཀྱིས་བྱིས་པ་ལ་བདག་བྱེད་མི་ཐུབ་ཅེས་བྱིས་པ་ཁོང་གི་ཁྲི་ལ་བཞག་ནས་བྲེལ་འཚབ་དང་བཅས་ཕྱིར་སོང་། ཁོང་གིས་ཆོས་འཆད་པ་ལ་སེམས་རྩེ་གཅིག་ཏུ་གཏད་པས་བུད་མེད་ཅིག་ཉེ་སར་སླེབས་པ་མ་ངེས་ཤིང་། གློ་བུར་བྱིས་པ་དམར་འབྱར་ཞིག་ཁོང་ལ་གཏད་པས་ཧ་ལས།

སྐབས་འདིར་བྱིས་པ་དེ་ངུས་བྱུང་། ཁོང་གིས་བྱིས་པ་དེ་པང་སྟེ་ཧད་དེ་ཅུང་ཟད་བསྡད་རྗེས། གཟབ་ནན་གྱིས་སློབ་མ་ཞིག་ལ་བྱིས་པ་གཏད་ནས། ཁྱོད་ཀྱིས་འོ་མ་ཞིག་བཙལ་ནས་འདི་ལ་འོ་མ་བླུད། མི་ཤི་བའི་ཐབས་བྱ་དགོས་གསུངས།

སྐད་ཅིག་མའི་དུས་དེར་སློབ་མ་དག་གི་སེམས་ལ་ཐེ་ཚོམ་དང་། ཧ་ལས་པ་སོགས་འཆར་སྣང་སྣ་ཚོགས་ཀྱིས་ཁེངས་ཤིང་། ཆོས་གསུང་བའི་ཁོར་ཡུག་དེ་གློ་བུར་དུ་གཞན་ཞིག་ཏུ་བསྒྱུར། སྐོར་ཞིག་གི་སེམས་ལ་བླ་མས་ལྐོག་ཏུ་བུད་མེད་བསྟེན་ནོ་སྙམ་ནས་ཡི་མུག་དང་ལོག་ལྟའང་མཉམ་དུ་སྐྱེས།

དེ་མ་ཐག་ཏུ་བུད་མེད་ཅིག་གིས་དགེ་བཤེས་སར་བྱིས་པ་ཞིག་སྐྱེལ་ཡོང་བའི་གཏམ་དེ་ཕྱོགས་སུ་ཁྱབ་སྟེ།དགེ་བཤེས་དེར་མི་ཁ་མང་བོ་འཁོར། ཡིན་ནའང་། དགེ་བཤེས་དེས་ཅི་མི་སྙམ་པར་བྱིས་པ་དེ་རང་གི་བུ་བཞིན་བསྐྱངས། བྱིས་པ་ནར་སོན་ཏེ་ལོ་དྲུག་ལ་ལོན། ཀུན་གྱིས་བྱིས་པ་དེར་དགེ་བཤེས་ཀྱི་བུ་ཞེས་འབོད།

ཉིན་ཞིག་དགེ་བཤེས་དེས་ཆོས་གསུང་དུས་སྔོན་གྱི་བུད་མེད་དེ་དང་ཁོའི་ཁྱོ་ག་གཉིས་ཡོང་བས། སློབ་མ་དག་གིས་འདི་གཉིས་ཅིའི་ཕྱིར་ཡོང་བ་ཡིན་སྙམ་ནས་དལ་ཅག་གེར་བལྟས་ནས་བསྡད། དེ་གཉིས་ཀྱིས་ཕྱག་འཚལ་ཞིང་འབུལ་བ་མང་བོ་ཕུལ།

དགེ་བཤེས་མཆོག་གིས་བཟོད་པར་གསོལ། ངེད་གཉིས་ལ་བྱིས་པ་སྐྱེས་ཚད་ཤི་བས་བྱིས་པ་འདི་མངལ་ལ་ཆགས་དུས་མོ་རྩིས་བྱས་པས་ད་རེས་ཀྱི་བྱིས་པ་འདི་དགེ་བཤེས་ཆེན་པོ་ཞིག་གི་བུ་ཡིན་ཞེས་བསྒྲགས་ན་མི་ཤི་ཟེར་བས་བྱིས་པ་འདི་གསོན་པའི་ཆེད་དུ་ཉིད་ལ་སྐུར་བ་མི་འདེབས་ཀ་མེད་བྱུང་། བྱིས་པ་གསོན་པས་ངེད་གཉིས་ཤིན་ཏུ་དགའ་མོད། དགེ་བཤེས་མཆོག་ལ་སྐུར་བ་བཏབ་པས་ངེད་གཉིས་ཤིན་ཏུ་སྐྱོ། དགེ་བཤེས་ལགས། དེ་རིང་བྱིས་པ་འདི་ངེད་གཉིས་ལ་ཕྱིར་གནང་རོགས་ཞེས་ཡང་ནས་ཡང་དུ་ཕྱག་འཚལ།

སྐབས་དེར་སློབ་མ་དག་སྔོན་བུད་མེད་དེས་བྱིས་པ་འཁྱེར་འོངས་ནས་ཁོང་ལ་སྤྲོད་པའི་དུས་ལས་དེ་བས་ཀྱང་ཧ་ལས་པར་གྱུར། ཁོང་གིས་ཅི་ཡང་མི་གསུངས་པར་བྱིས་པ་ལ། ཁྱོད་ཀྱི་ཕ་མ་གཉིས་ཁྱོད་ལེན་དུ་འོང་བས་ཁོ་གཉིས་ལ་འགྲོགས་ནས་ཡུལ་དུ་སོངས། ཞེས་གསུངས་ཤིང་། དེ་ནས་བུད་མེད་དེ་ལ་ཁྱོད་རང་གི་བུ་ཁྱེར་གསུངས།

བྱིས་པས་ང་མི་འགྲོ་ཞེས་ངུ་བཞིན་དུ་ཁོའི་ཕ་མ་གཉིས་ཀྱིས་ཁྲིད་སོང་། དགེ་བཤེས་དང་སློབ་མ་དག་གིས་བྱིས་པ་དེ་ལ་རྒྱང་སྐྱེལ་བྱེད་ཅིང་། སྐད་ཆ་གཤོག་པ་ཐོགས་པ་བཞིན་དུ་སྐད་ཅིག་ལ་འཕན་པོའི་ཡུལ་དུ་ཁྱབ་ཅིང་། སྔོན་གྱི་མི་ཁ་དང་དད་ལོག་བྱས་པ་དག་རླུང་ཤས་སྤྲིན་ནག་གཏོར་བ་བཞིན་གར་སོང་ཆ་མེད་དུ་གྱུར།

སྐབས་དེར་ངོ་མཚར་བའི་གཏམ་དེས་སྐྱེ་བོ་ཕོ་མོ་མཐའ་དག་གིས་གླེང་སྟེ། དགེ་བཤེས་མཆོག་གི་མདུན་དུ་ཆོས་ཉན་དུ་འགྲོ་བའི་གང་ཟག་རྦ་རླབས་བཞིན་འཕྱུར།

དགེ་བཤེས་དེ་ནི་བཀའ་གདམས་པའི་དགེ་བཤེས་གླང་རུ་བ་སེང་གེ་རྡོ་རྗེ་ཡིན་ཞིང་། དེ་ནས་བཟུང་དགེ་བཤེས་ཀྱི་བྱིས་པ་ཞེས་པའི་གཏམ་རྒྱུད་དེ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་དག་གིས་སློབ་མ་རྣམས་ལ་གནས་ཚུལ་ཅི་འདྲ་ཞིག་བྱུང་ནའང་བཟོད་པ་བསྒོམ་དགོས་པའི་བསླབ་བྱ་རུ་གནང་གིན་ཡོད།

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
      རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།