ཇག་པ་བླ་མར་བསྟེན་པའི་རི་ཁྲོད་པ།

    སྤེལ་དུས།  2015-12-06 23:20:38     རྩོམ་པ་པོ།   རྒྱ་གྲོལ།    ཀློག་ཐེངས།  

རྩ་བའི་བླ་མར་གཉའ་ཐུབ་བསྟན་ལ་གསོལ་བ་འདེབས།

སློབ་མ་ཞིག་གིས་རྗེ་གསེར་ཁང་བས་དེ་ལྟར་སྨོན་ལམ་འདེབས་པ་ལ་ཐོས་ཏེ་ཧ་ལས། "བླ་མ་རིན་པོ་ཆེ་གཉའ་ཐུབ་བསྟན་ནི་ཇག་པ་ཆེན་པོ་ཞིག་ཡིན་པས་ཁྱོད་ཀྱིས་ཅིའི་ཕྱིར་འདི་ལ་གསོལ་བ་འདེབས་པ་ཡིན"ཞེས་དྲིས། རྗེ་གསེར་ཁང་བ་ཅུང་འཛུམ་ནས། ཁྱོད་ཀྱིས་གཉའ་ཐུབ་བསྟན་གྱི་ལོ་རྒྱུས་ཤེས་སམ། ལོས་ཤེས། དེ་ནི་ཡུལ་མདོ་སྨད་ཀྱི་ཇག་པ་ཆེན་པོ་ཞིག་སྟེ། དེས་ཁྱེད་དང་སོ་ནག་བོན་པོ་གཉིས་གཙོ་བྱས་ཏེ་མ་བཅོམ་པ་སུ་ཞིག་ཡོད། དེ་ནི་བྱིས་པ་ངུ་ནའང་གཉའ་ཐུབ་བསྟན་ཐོན་ཐལ་ཞེས་སྐྲག་བསྐུར་བའི་ཇག་པ་འཇིགས་སུ་རུང་བ་དེ་རེད། དེ་བས་ཁྱེད་ཀྱིས་དེ་ལ་གསོལ་བ་འདེབས་པར་ཧ་ལས་པ་ཡིན་ཟེར།

ཁོང་གིས། རེད། ཇག་པ་ཆེན་པོ་དེ་ངའི་རྩ་བའི་བླ་མ་ཡིན། ཁྱོད་ཀྱིས་ཉོན་དང་ངས་ཁོང་བླ་མར་བསྟེན་པའི་རྒྱུ་མཚན་འདི་རེད་ཅེས་གཏམ་རྒྱུད་ཅིག་གསུངས།

ཉིན་ཞིག་བདག་སློབ་མ་འགས་གདན་དྲངས་ནས་ཆོས་གསུངས་ཏེ་འབུལ་བ་མང་བོ་ཕུལ། ཕྱིར་ཕེབས་ཁར་རྟ་འགའ་ལ་ཁལ་བཀལ། ངའི་ཆིབས་པར་གོང་སྡོམ་བརྒྱབས་ནས་སློབ་མ་འགའ་དང་མཉམ་དུ་འགག་འཕྲང་ཞིག་ཏུ་སླེབས་དུས་གནས་དེའི་ཇག་པ་གྲགས་ཅན་ཞིག་དང་འཕྲད། ཁོས་བླ་མ་དང་གྲྭ་བ་འགའ་ཁལ་རྟ་དང་བཅས་ཕེབས་པ་མཐོང་ནས་ཁོ་དགའ་སྟེ། རྒྱང་རིང་ནས་རྟ་ཕོ་བང་གིས་བསྐུལ་ཏེ་ཉེ་སར་སླེབས། རྟའི་གོང་ནས་རལ་གྲི་ཀླད་ལ་སྐོར་གྱིན་ང་ལ། ཡ། ཁྱོད་རྟ་གོང་སྡོམ་བརྒྱབས་པར་བལྟས་ན་ཁྱོད་བླ་ཆེན་ཞིག་ཡིན་པ་འདྲ། ངས་བཙན་པོ་བསྐྱུར་ནི་མེད། ཆོས་པ་བཞག་ནི་མེད། ཁྱོད་བླ་མ་དག་ལ་འབུལ་མཁན་མང་བོས་རྒྱུ་ནོར་མང་། འདི་དེ་རིང་ངའི་ཁ་བསོད་རེད། ཆོས་པ་ཡིན་ན་ཆོག་གི རྒྱུ་ནོར་ཐམས་ཅད་བྱིན་དང་བཤད་རྒྱུ་མེད། དཔའ་བོ་ཡིན་ན་ཆོག་གི གདོང་ལ་བུད་དང་གཟུར་རྒྱུ་མེད། ང་མི་ཤེས་ན་གཉའ་ཐུབ་བསྟན་ཡིན་ཟེར། གཉའ་ཐུབ་བསྟན་ཞེས་པའི་མིང་འདི་ཐོས་མ་ཐག་གྲྭ་བ་དག་སྐྲག་ཡུར་སེ་སོང་ནས་ཁའང་གྲགས་མ་ཐུབ། གཉའ་ཐུབ་བསྟན་ཞེས་པའི་ཇག་པ་དེ་ཆེན་པོ་ལ་མི་སྐྲག་ཅིང་གཉན་པོ་ལ་མི་ཞུམ་པ་ཞིག་ཡིན་པ་མ་ཟད། དཔའ་རྩལ་ལ་དོ་ཟླ་མེད་པ་ཞིག་ཡིན་པ་མདོ་སྨད་ལ་ཡོངས་སུ་གྲགས་པས་ཁོ་ལ་མི་སྐྲག་པ་སུ་ཡང་མེད།

གྲྭ་བ་གཅིག་གིས་བླ་མ་འདི་རྗེ་གསེར་ཁང་བ་རེད། ཅེས་བརྗོད། ཁོས་དེ་ཐོས་མ་ཐག ཡ་དེས་ན་ཆོག་གི དེ་རིང་ངས་ཁྱོད་གསེར་རྐང་རེད་དམ་ཤ་རྐང་རེད་ཅིག་བལྟ། གསེར་རྐང་ཡིན་ན་འགྲོ་རུ་འཇུག ཤ་རྐང་ཡིན་ན་ལྟད་མོ་ལྟོས་ཞེས་ང་རྐང་རྗེན་དུ་ཕུད་ནས་ལྕག་གིས་རྡེག་བཞིན་གཡའ་མའི་ནང་དུ་འགྲོ་རུ་བཅུག ཡུན་རིང་དུ་གཡའ་མའི་ནང་དུ་འགྲོ་རུ་བཅུག་པས་རྐང་བ་གཙེས་ནས་མ་ཐུབ་པས་ཁོ་ཧབ་ཆ་རྒྱག་བཞིན། ཨ་ཧ་བོ།གསེར་རྐང་མ་རེད།ཤ་རྐང་རེད་ཟེར།དེ་ནས་ལྷམ་བྱིན་ཏེ་གྱོན་དུ་བཅུག

ཇག་པ་དེས། ཆོས་པ་ཟེར་བ་བྱ་ཁྭ་ཏ་འདྲ་བ། བསད་ན་ཤ་མེད་པ། བཏོག་ན་སྒྲོ་མེད་པ་ཞིག་ཡིན་དགོས། རྒྱུ་བསགས་ན་ངེད་ཚོ་ཇག་པའི་ཁ་བསོད་ཡིན། ཞེས་རྒྱུ་ནོར་ཡོད་ཚད་འཁྱེར་ནས་བུད་སོང་། གྲྭ་བ་ཚོས་ད་ཅི་བྱེད་ཟེར། ངས་འཁྱེར་དུ་ཆུགས། ཞེས་བཤད།

ངས་བསྔོ་བ་ཞིག་བཏོན་ནས་ལམ་དུ་ཞུགས། ཉིན་དེར་ལམ་ཐག་རིང་ཞིང་ངལ་ཞིང་དུབ་པ་དེ་འདྲ་བ་ཞིག་སྔོན་ཆད་མྱང་མ་མྱོང་། དེ་བས་ཐེངས་འདིའི་གནས་ཚུལ་དང་ཁོའི་སྐད་ཆ་དག་བསམ་གྱིན་བསམ་གྱིས་ངས་ཁོང་བླ་མར་བསྟེན་པ་ཡིན་གསུངས།

སློབ་མས། དགོད་ཀྱིན་ཁྱོད་ལ་སྡུག་བསྐུར་བ་དེ་ཁྱོད་ཀྱིས་ཁོང་བླ་མ་བསྟེན་པའི་རྒྱུ་མཚན་ཨེ་རེད་ཟེར།

ཁོང་གིས་རེད། ངས་སྔོན་ཆད་གཞུང་ལ་སྦྱངས། ལས་འབྲས་དང་མི་རྟག་པར་སྦྱངས། དེ་ནས་རི་ཁྲོད་ལ་འགྲིམ། འོན་ཀྱང་མི་རྟག་པ་དང་ལས་འབྲས་རང་གི་བློ་དང་འདྲེས་ནས་ངེས་པ་རྣལ་མ་ཞིག་བསྐྱེད་མ་ཐུབ། ཇག་པ་དེས་རྒྱུ་ནོར་ཡོད་ཚད་འཕྲོག ལྟོགས་སྐོམ་གྱི་སྡུག་བསྔལ་ཆེན་པོ་མྱང་བས།ད་དུང་ཆོས་པ་ཞེས་པ་བྱ་ཁྭ་ཏ་འདྲ་བ་ཡིན་ཞེས་བསླབ་བྱ་བཏང་། རྒྱུ་ནོར་མི་རྟག་པ་ཡིན་པ་མངོན་སུམ་དུ་བསྟན། ད་གཟོད་རང་སེམས་ནང་ལ་བསྐོར་ཏེ་རྒྱུ་ནོར་ལ་ཞེན་པ་ཆོད། མི་རྟག་པ་ལ་ངེས་པ་རྙེད།

ཁོ་ནི་བདག་ལ་མི་རྟག་པ་སྟོན་པའི་ཆེད་དུ་སླེབས་པ་འདྲ། ཁོ་ལ་བརྟེན་ནས་མི་རྟག་པ་རྒྱུད་ལ་སྐྱེས་པས་ཁོང་ང་ལ་བཀའ་དྲིན་ཆེ། དེ་བས་ངས་ཁོ་རྩ་བའི་བླ་མར་བཟུང་ནས་གསོལ་བ་འདེབས་པ་ཡིན་གསུངས།

དེ་ཐོས་པ་དང་སློབ་མས་ཅི་ཡང་མི་སྨྲ་བར་ཡུན་རིང་བོ་ཞིག་ལ་ཧད་དེ་ལུས། ཁོང་གིས་སྔར་བཞིན་ཁ་ཏོན་གསུང་བཞིན་བཞུགས་སོ། །

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
      རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།