མི་དགུ་བརྒྱ་གོ་དགུ་བསད་པའི་དགྲ་བཅོམ་པ།

    སྤེལ་དུས།  2015-12-06 23:27:37     རྩོམ་པ་པོ།   རྒྱ་གྲོལ།    ཀློག་ཐེངས།  

གཟུགས་བྱད་དཔེ་ཟླ་དང་བྲལ་བའི་དཔའ་རྒོད་ལུས་ལ་ཁྲག་གིས་བཤེར་ཞིང་། མིའི་སོར་མོའི་ཕྲེང་བ་ཐོགས་པ་ཞིག་གིས། རལ་གྲིས་མི་ཞིག་བསད་དེ་སོར་མོ་བཅད་ནས་ཕྲེང་བར་བརྒྱུས་དུས། རྒྱང་ནས་བུད་མེད་རྒན་མོ་ཞིག་ཟས་འཁྱེར་ནས་རང་གི་སར་འོང་བ་མཐོང་། ཁོ་དེ་མ་ཐག་ཏུ་རལ་གྲི་བཟུང་ནས་དེའི་སར་རྒྱུགས།

ཉེ་སར་སླེབས་ནས་རལ་གྲིས་རྡེག་པར་རྩོམ་དུས། བུད་མེད་དེ་འཇིགས་པ་མེད་པར།

ད་ལྟ་ཁྱོད་ཀྱི་ཉེ་སར་གཏུགས་ཕོད་པ་ཞིག་མེད། ཁྱོད་ཀྱིས་ཉིན་བདུན་ལ་ཟས་མ་ཟོས་པས་ལྟོགས་སྐོམ་གྱིས་དབང་དུ་སོང་བས་ངས་ཁྱོད་ལ་ཁ་ཟས་འཁྱེར་ཡོང་བ་ཡིན། ང་ཁྱོད་ཀྱི་མ་ཡིན་པས་གསོད་མི་རུང་ཟེར།

སྐད་ཆ་དེ་ཐོས་པས་ད་གཟོད་རང་གིས་གསོད་རྩིས་བྱེད་པ་ནི་རང་གི་མ་ཡིན་པ་ཤེས། དེ་ནས་ཁོ་ཅུང་ལྷོད་ལ་བབས་ནས།

བདག་ལ་སློབ་དཔོན་གྱིས་སྔགས་ཁྱད་པར་ཅན་ཞིག་གནང་སྟེ། མིའི་སོར་མོ་སྟོང་གིས་ཕྲེང་བ་བཟོས་ནས་སྔགས་དེ་ཉིད་བཏོན་ན་འགྲོལ་བར་འགྱུར་རོ་ཞེས་གསུངས་པས། མི་དགུ་བརྒྱ་གོ་དགུ་བསད་ན་གཅིག་མ་ལོངས་པས་མ་ཡིན་ན་གསད་དགོས།

ཁྱོད་ཀྱིས་མ་བསད་ན་མཚམས་མེད་ཀྱི་ལས་ཡིན་པས་མ་གསོད། དེ་ལས་ཐོག་མར་ཟས་ཟོ། དེ་ནས་ཅིས་ཀྱང་དགོས་ན་ངའི་སོར་མོ་བཅད་ན་མི་རུང་ངམ་ཟེར།

དེའི་ཚེ།རྒྱང་རིང་བོ་ནས་དགེ་སྦྱོང་ཞིག་དེའི་ཕྱོགས་སུ་འོང་ངོ་། །ཕོ་རྒོད་དེས་དགེ་སྦྱོང་དེ་མཐོང་བ་དང་མ་གསོད་པ་བཏང་ནས་དེའི་ཐོག་ཏུ་བརྒྱུགས་ཏེ་ཉེ་སར་སླེབས་པ་ན། ཡང་རྒྱང་ན་ཡོད་པ་མཐོང་ཞིང་། ཡང་རྒྱུགས་ཏེ་ཉེ་སར་སླེབས་པ་ན་ཡང་རྒྱང་ན་ཡོད་པས་མཐོང་བ། དགེ་སློང་སྡོད་ཅིག་ཅེས་སྐད་བརྒྱབས།

ང་ནི་རྟག་ཏུ་བསྡད་ཡོད་མོད། ཁྱོད་མི་སྡོད་དོ།།

ཅིའི་ཕྱིར་ཁྱོད་སྡོད་ལ་ཁོ་བོ་མི་སྡོད།

ངའི་དབང་བོ་རྣམས་རྟག་ཏུ་ཞི་ཞིང་ཏིང་ངེ་འཛིན་གྱི་དབང་ཐོབ་པས་ནམ་ཡང་སྡོད་དོ། །ཁྱོད་ནི་སློབ་དཔོན་གྱིས་ལོག་པར་བསྟན་ཏེ། སེམས་རྨོངས་པས་སྡིག་པ་ལ་ཡིད་ཆེས་པས་ཉིན་མཚན་ཀུན་ཏུ་གསོད་པའི་ལས་བྱེད་དེ་སྡིག་པ་མཐའ་མེད་པའི་ལས་བྱེད་ཅིང་མི་སྡོད་དོ། །
ངའི་སློབ་དཔོན་གྱིས་ལོག་པར་བསྟན་པ་ཁྱོད་ཀྱིས་ཇི་ལྟར་ཤེས།

ཁྱོད་ནི་རྒྱལ་བོ་གསལ་རྒྱལ་གྱི་བློན་པོ་ཞིག་གི་ཆུང་མར་སྐྱེས་ཤིང་།མིང་མི་གདུང་བ་ཞེས་མི་ཟེར་རམ།

བདེན་ཏེ། ངའི་མིང་ལ་མི་གདུང་བ་ཟེར་ཏེ།ད་ལྟ་ཀུན་གྱིས་སོར་ཕྲེང་ཅན་དུ་འབོད། ཅེས་ཕོ་རྒོད་དེས་ལན་བཏབ་ཅིང་མུ་མཐུད་དུ་འདི་སྐད་ཟེར།

བདག་ལང་ཚོ་སྐྱེས་ཏེ་སྟོབས་པོ་ཆེར་གྱུར་ཏེ། མི་སྟོང་ཕྲག་གིས་ཀྱང་མི་ཐུབ་ཅིང་།མཆོང་ན་ནམ་མཁར་བྱ་འཕུར་བའང་ཟིན་ཅིང་། རྒྱུགས་ན་རྟའི་རྗེས་སུའང་ཆོད་དོ། །རྗེས་སུ་ཡུལ་དེ་ན་བྲམ་ཟེའི་སློབ་དཔོན་སློབ་མ་ལྔ་བརྒྱ་དང་བཅས་པ་ཞིག་ཡོད་པ་དགེ་རྒན་དུ་བསྟེན་ནས། རིག་བྱེད་ལ་སྦྱངས་པས་གཞན་གྱིས་ལོ་གཅིག་ལ་སྦྱངས་པ་བདག་གིས་ཞག་གཅིག་ཤེས་པས་གཞན་ལས་ཁྱད་པར་དུ་འཕགས་པར་གྱུར་ཏེ་སློབ་དཔོན་གྱིས་ཆེས་གཅེས་པའི་སློབ་མར་གྱུར།

རེད། ཡིན་ནའང་། ཁྱོད་ཀྱི་གཟུགས་ལང་ཚོ་དང་། སྟོབས་དང་བློ་རིག་ནི་ཁྱོད་ཀྱིས་མི་སྟོང་གཅིག་གསོད་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད།

ཅིའི་ཕྱིར་ཡིན་ནམ། ཁོ་བོས་ཧ་མི་གོའོ༎

ནམ་ཞིག་བྲམ་ཟེ་ཟླ་བ་གསུམ་ལ་གཞན་གྱིས་མགྲོན་དུ་བོས་ནས་སློབ་མའི་འཁོར་དང་བཅས་པ་དེར་སོང་ངོ་། །ཁྱོད་སོ་ཚིས་སླད་དུ་ཁྱིམ་དུ་བཞག སློབ་དཔོན་གྱི་ཆུང་མ་ཁྱོད་ལ་ཆགས་ཏེ། ཡང་ཡང་ཁྱོད་ལ་དུས་བཏབ་པ་དྲན་ནམ།

དྲན་ནོ། །བདག་ནི་བྲམ་ཟེ་ཡིན་པས་བྲམ་ཟེའི་ཆོས་ལ་སློབ་དཔོན་ཀྱི་ཆུང་མ་དང་ཉལ་དུ་མི་རུང་སྟེ་དེ་བས་བདག་ཤི་ཡང་ཆོག་མོད། སློབ་དཔོན་གྱི་ཆུང་མ་དང་ལྷན་ཅིག་ཉལ་བར་མི་བྱེད་དོ༎ཞེས་བདག་གིས་ཁས་མ་བླངས་པས་ནོངས་པ་ཅི་ཡོད། དེ་བདག་གི་སློབ་དཔོན་ལ་འབྲེལ་བ་ག་འདྲ་ཡོད་དམ།

ཁྱོད་ལ་ནོངས་པ་མེད། འོན་ཀྱང་བུད་མེད་དེས་འཁོན་དུ་བཟུང་ནས་བྲམ་ཟེའི་སློབ་དཔོན་དེ་འོངས་པའི་སྔ་རོལ་ཏུ། གོས་ཀྱང་དྲལ་གདོང་སོར་མོས་བྲད་ནས། ལྭ་བ་ས་རྡུལ་གྱིས་གོས་ཤིང་གཞན་གྱིས་བརྙས་པ་ལྟར་ཅང་མི་སྨྲ་བར་ས་ལ་ཉལ་ལོ། །

བྲམ་ཟེ་འོངས་པ་ན་ཆུང་མའི་ཚུལ་དེ་མཐོང་སྟེ་དྲིས་པ་ན།

ཁྱོད་ཀྱིས་རྟག་ཏུ་བསྟོད་པའི་མི་གདུང་བ་དེས་ཁྱོད་མེད་ཤུལ་དུ་ཁོ་མོ་ལ་ཉལ་བར་བསྐུལ་མོད། ཁོ་མོས་ཁས་མ་བླངས་པས་གོས་ཀྱང་དྲལ། གདོང་ལའང་རྨ་གཏོད། ཁྱོད་ལ་འདི་འདྲ་བའི་སློབ་མ་ཡོད་དོ། །ཞེས་ངུ་སྔངས་ཀྱིས་སྨྲས་པར་ཁྱོད་ཀྱི་སློབ་དཔོན་ཡིད་ཆེས་ཏེ་ཤིན་ཏུ་ཁྲོས་སོ། །

དེ་བས་སློབ་དཔོན་གྱིས་ཁྱོད་གཞོམ་པར་འདོད་ནའང། ཁྱོད་བློན་པོའི་བུ་ཡིན་ཞིང་། སྟོབས་དང་རྩལ་གྱི་དོ་ཟླ་མི་འོང་བས་ཁྱོད་ལ་དགའ་བ་ལྟར་བྱས་ཏེ། གཡོ་སྒྱུས་ཁྱོད་ལ་འདི་ལྟར་སྨྲས་ཏེ། ང་ལ་སྔོན་གཞན་ལ་མ་བསྟན་པའི་གསང་བའི་ཆོས་གཅིག་ཡོད་པ་་ཁྱོད་ལ་བསྟན་པར་བྱ་སྟེ། ཁྱོད་ཀྱིས་ཉིན་ཞག་བདུན་དུ་མི་སྟོང་གི་མགོ་བོ་ཆོད་ལ་སོར་མོ་རེ་རེ་བཅད་དེ་ཕྲེང་བར་བྱས་ནས་ལུས་ལ་དཀྲིས་ན། ཚངས་པ་མངོན་སུམ་དུ་མཐོང་ཞིང་། ཚེ་འཕོས་མ་ཐག་ཚངས་པའི་ལྷར་སྐྱེའོ་ཞེས་སྨྲས།

ཁྱོད་ཐོག་མར་ཡིད་མ་ཆེས་པར་སྲོག་བཅད་དེ་ཚངས་པའི་ལྷར་སྐྱེ་བ་ནི་རིགས་པ་མིན་ནོ་ཞེས་སྨྲས་པ་ལ། སློབ་དཔོན་དེས་ཁྱོད་ཁོ་བོའི་སློབ་མ་ཡིན་ན་ཅིའི་ཕྱིར་ཁོ་བོས་བསྟན་པའི་མན་ངག་མི་ཉན། ཡིད་མི་ཆེས་ན་འདིར་མ་འདུག་པར་གང་དགའ་བར་སོང་ཤིག་ཅེས་གཤེ་བས་ཁྱོད་ཀྱང་རྨོངས་པར་གྱུར་ཏེ་སློབ་དཔོན་གྱི་ངག་བཞིན་དུ་སྡིག་པའི་ལས་འདི་བསྒྲུབས་སོ། །

འོ་ན་སློབ་དཔོན་གྱིས་ཅིའི་ཕྱིར་བདག་ལ་མི་གསོད་པར་བསྐུལ་བ་ཡིན་ནམ།

སོར་ཕྲེང་ཅན་ཡིད་ཆེས་ལ་མ་ཆེས་པའི་སྒོ་ནས་དེ་ལྟར་དྲིས་པ་ན།དགེ་སློང་དེས།ཁྱོད་ཀྱིས་མི་བསད་ན་ཁྱོད་གཞན་གྱིས་གསོད་པའམ་མ་བསད་ནའང་རྒྱལ་བོའི་ཁྲིམས་ལ་སྦྱར་ནས་གསད་པར་འགྱུར་བ་མི་ཤེས་སམ། ཁྱོད་ཀྱི་སློབ་དཔོན་གྱིས་ཁྱོད་ཚངས་པའི་ཞལ་གཟིགས་པའི་ཆེད་དུ་མི་གསོད་དུ་བཅུག་པ་མ་ཡིན་པར་ཁྱོད་གཞན་ལ་གསོད་དུ་འཇུག་པའི་ཆེད་དུ་ཡིན་ནོ། །

ཁྱོད་མི་དགེ་བའི་བཤེས་ཀྱིས་བསླུས་པས་རྨོངས་པའི་དབང་དུ་སོང་བས་ད་གཟོད་བླང་དོར་འབྱེད་མ་ཐུབ་པར་ཁྲོ་བ་ཆེར་རྒྱས་ཏེ་སྒོའི་ཕྱི་རོལ་ཏུ་རྒྱུགས་ནས་མཐོང་ཚད་བསད་པ་དང་། ཐ་ན་རང་གི་མའང་གསོད་པའི་སྦྱོར་བ་རྩོམ་མོ༎

ད་ལྟ་ཁྱོད་སྲིན་པོར་གྱུར་པས་ཁྱོད་ཀྱི་མིང་ཐོས་ནའང་གཞན་སྐྲག་ནས་སྦྲུམ་མས་བུའང་སྐྱེ་མི་ནུས་སོ། ། གཞན་ཐམས་ཅད་སྐྲག་ནས་བྲོས་པས། ཁྱོད་ཀྱིས་ཞག་བདུན་ལ་ཟས་མེད་པར་འཁྱམས་པ་ཐོས་པས། མས་ཁྱོད་ལྟོགས་སྐོམ་མྱོང་བ་མ་་བཟོད་པར་ཁ་ཟས་འཁྱེར་ཏེ་ཡོང་ནའང་ཁྱོད་ཀྱིས་གསད་པར་རྩོམ་མོ༎

ད་ལྟ་ཁྱོད་གང་འདྲ་ཞིག་ཏུ་གྱུར་ཏམ། རང་གི་མའང་གསོད་པས་ཁྱོད་ཀྱིས་སེམས་ལྷོད་ལ་བབས་ནས་སྡོད་པ་ཞིག་ག་ལ་ཡོད། ཞིབ་ཏུ་སོམས་དང་། ཁྱོད་གང་འདྲ་ཞིག་ཏུ་གྱུར་འདུག
སོར་ཕྲེང་ཅན་གྱིས་ཐོས་པ་ཙམ་གྱིས་དོན་ཁོང་དུ་ཆུད་པས། སྡིག་པ་ལ་ཤིན་ཏུ་འགྱོད་ཅིང་རལ་གྲི་ས་ལ་བོར་ཏེ་ཕྱག་འཚལ་ཞིང་སྐྱབས་སུ་སོང་ངོ་། །

ཕྱག་འཚལ་ནས་ཡར་ལངས་པ་དང་དགེ་སློང་དེ་ཉིད་སངས་རྒྱས་ཡིན་པ་མཐོང་བས་སངས་རྒྱས་རང་ཉིད་སྐྱོབ་ཏུ་སླེབས་སོ་ཞེས་དད་པ་དང་འགྱོད་པ་དྲག་པོ་སྐྱེས་ཏེ་ལུས་ས་ལ་བརྡབས་ནས་ཉེས་པ་མཐོལ་ཞིང་བཤགས་སོ། །

སྐབས་དེར།བཅོམ་ལྡན་འདས་གྱིས་སོར་ཕྲེང་ཅན་ལ་ཚུར་ཤོག ཁྱིམ་ལས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིག་ཅེས་གསུངས་ནས་རྒྱལ་བྱེད་ཚལ་དུ་འགྲོ་བའི་ལམ་དུ་ཞུགས་སོ༎

སོར་ཕྲེང་ཅན་གྱིས་ཕྱི་མིག་ཅིག་བལྟས་པའི་ཚེ། མ་རྒན་རྒྱང་རིང་བོར་ནག་ཀྲོང་ངེར་རང་ལ་བལྟས་འདུག་པ་མཐོང་ཞིང་། དེ་དང་མཉམ་དུ་རྒྱང་རིང་ན་རྒྱལ་བོ་གསལ་རྒྱལ་དཔུང་ཚོགས་ཡན་ལག་རྡུལ་དམར་བོ་འཕྱུར་བའི་ཁྲོད་ཁོས་མི་གོ་དགུ་བསད་པའི་གནས་དེར་ཡོང་བ་མཐོང་། 

སོར་ཕྲེང་ཅན་གྱིས་བསམ་གཞིག་ཅུང་གནང་ནས་གོམ་སྟབས་ཆེན་པོས་བཅོམ་ལྡན་འདས་ཀྱིས་རྗེས་སུ་འབྲངས་ནས་རྒྱལ་བྱེད་ཀྱི་ཚལ་དུ་སྙེག་གོ།

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
      རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།