རྣམ་ཤེས་ཡོད་པ་ཚན་རིག་གིས་བདེན་དཔང་བྱས་འདུག

ཡོང་ཁུངས།   www.tibet3.com     སྤེལ་དུས།  2016-01-31 10:55:19     རྩོམ་པ་པོ།   www.tibet3.com    ཀློག་ཐེངས།  

 

54759601856819187.jpg
ང་ཚོའི་ནང་བསྟན་ཤེས་རིག་གི་གཞུང་ཤིང་རྣམས་སུ་དགེ་སྡིག་གི་ལས་ལ་བརྟེན་ནས་འགྲོ་བ་རིགས་དྲུག་གི་གནས་སུ་ཟམ་མི་ཆད་པར་སྐྱེས་པ་དང༌། ཚེ་སྲོག་གི་ལྟ་བའི་ཐད་ནས་ལུས་དང་རྣམ་ཤེས་སོ་སོར་འདོད་དེ། མི་དགེ་བའི་ལས་བྱེད་པ་ནི་རྣམ་ཤེས་ཀྱིས་རོ་སྟོད་ནས་ལུས་འདོར་བར་བྱེད་དེ། ཞེས་དང༌། དགེ་བ་བྱེད་པ་ནི་སྨད་ནས་འདོར་ཞིང་གྲང་བར་འགྱུར་ཏེ། གཉིས་ཀ་ཡང་སྙིང་ཁ་ནས་རྣམ་ཤེས་འཕོའོ།། ཞེས་པ་ལས་དགེ་སྡིག་ལ་བརྟེན་ནས་རྣམ་ཤེས་འཕོ་ཚུལ་བརྗོད་ཡོད་ལ། བར་དོ་འགྲུབ་ལུགས་ལའང༌། སྔར་བཤད་པ་ལྟར་རྣམ་ཤེས་གང་ནས་འཕོས་པའི་ཕྱོགས་དེ་ནས་བར་མ་ཆད་པར་སྲང་མདའི་མཐོ་དམན་བཞིན་དུ་ཤི་བ་དང་བར་དོ་འགྲུབ་སྟེ། ཞེས་ཁ་གསལ་དུ་གསུངས་ཡོད།
འོན་ཀྱང་རྣམ་ཤེས་ཡོད་མེད་ཀྱི་ཐད་ནས་དངོས་གཙོ་དང་སེམས་གཙོ། ཚན་རིག་དང་ནང་ཆོས་གཉིས་ཆར་ལྟ་ཚུལ་མི་མཐུན་པར་ད་ལྟའི་བར་ཤེས་རིག་གི་གཤིན་ས་འདི་ཀོ་ནས་བཞེད་པ་མང་བོ་ཞིག་བྱུང་དང་འབྱུང་བཞིན་མཆིས་ལ། མིའི་རིགས་ཀྱི་ཆོས་ལུགས་དང་མི་རིགས་འདྲ་མིན་གྱི་ཁྲོད་དུའང་རྣམ་ཤེས་ཡོད་པར་འདོད་མཁན་དང་མེད་པར་འདོད་མཁན་མང་བོ་ཞིག་ཡོད་པ་རེད། ཡིན་ན་ཡང་ཚན་རིག་དང་དངོས་ཡོད་ཀྱི་ལམ་ནས་རྣམ་ཤེས་ལ་ཞིབ་འཇུག་བྱ་བའི་ལས་རླབས་པོ་ཆེ་དེའི་མཚམས་ཡེ་ནས་བཞག་མ་མྱོང་ལ། ཚན་རིག་པ་དང་ཆོས་ལུགས་པ་རྣམས་ཀྱིས་རང་ས་ནས་རིག་སྟོབས་དང་གཞུང་ལུགས་ཀྱི་ལམ་ནས་ཞིབ་བསྡུར་དང་དཔྱད་ཞིབ་རབ་དང་རིམ་པ་མཛད་ཡོད།
 ཉེ་ཆར་འཛམ་གླིང་རྒྱལ་ཁབ་ཁག་གི་ཚན་རིག་པ་རྣམས་ཀྱིས་ཞིབ་འཇུག་གི་འབྲས་བུ་མང་བོ་དཔང་དུ་བཙུགས་ནས་རྣམ་ཤེས་ཡོད་པར་བདེན་དཔང་སྙོམས་མེད་ཅིག་བྱས་ཡོད། དབྱིན་ཇིའི་ཚན་རིག་པ་ཧྲན་མུའུ་ཕ་ཨར་ཉི་ནི་འཛམ་གླིང་གི་རྣམ་ཤེས་ཡོད་པར་བདེན་དཔང་བྱེད་མཁན་གྱི་གསོ་རིག་མཁས་ཅན་ཞིག་ཡིན་ལ། ཁོས་རང་གི་ནད་པ༡༠༠ལྷག་ལ་ཞིབ་འཇུག་སྣ་ཚོགས་བྱས་ཏེ། རང་ཉིད་ཤི་རྗེས་སླར་གསོན་བྱེད་པའི་འདས་ལོག་མང་བོ་ཞིག་གི་ལུས་དང་བྲལ་རྗེས་ཀྱི་གནས་ཚུལ་དག་ཁ་གསལ་དུ་བརྗོད་དེ་རྣམ་ཤེས་ཡོད་པར་སྒྲུབ་ཚུགས་བྱས་ཡོད།
 དབྱིན་ཇིའི་ཚན་རིག་པ་རྣམས་ཀྱིས་ཀྱང་མི་འདས་རྗེས། རྣམ་ཤེས་ལུས་དང་ཁ་འབྲལ་བར་རྟོགས་ཡོད། ཁོ་རང་ཚོས་སྤེལ་བའི་ཚན་རིག་ཞིབ་འཇུག་ཁྲོད་ཀྱི་གསོ་རིག་དཔྱད་གཞི་ལྟར་ན། མི་འདས་རྗེས་སྙིང་གི་ལྡིང་མཚམས་བཞག་ན་ཡང༌། ཚེ་སྲོག་གཏན་ནས་མཚམས་འཇོག་བྱས་མེད་པ་རེད། རྣམ་ཤེས་ཀྱིས་ད་རུང་འགུལ་བསྐྱོད་བྱེད་བཞིན་ཡོད། ཁོ་རང་ཚོས་བཏོན་པའི་པར་རིས་ལ་བལྟས་ཚེ། དེ་ནི་རང་རེའི་ནང་བསྟན་གྱི་གཞུང་གཙོ་བོ་མཛོད་ལས། སྔོན་དུས་སྲིན་འབྱུང་ཤ་ཚུགས་ཅན། ། དེ་ནི་འཆི་བའི་སྔ་རོལ་ཏེ། ། སྐྱེ་བའི་སྐད་ཅིག་ཕན་ཆད་དོ། ། རིས་མཐུན་ལྷ་མིག་དག་པས་མཐོང༌། ། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། ། དབང་བོ་ཀུན་ཚང་ཐོགས་མེད་ལྡན། ། མི་ལྡོག་དེ་ནི་དྲི་ཟའོ། ། ཞེས་བར་དོ་རིས་མཐུན་དང་སྒོམ་པ་ལས་བྱུང་བའི་ལྷའི་མིག་སྐྱོན་དང་བྲལ་བས་མཐོང་ལ།འགྲོ་བ་ཀུན་ཡིན་ཡང་བར་དོ་གྲུབ་ན་དེ་ནས་སྐྱེ་བ་གཞན་དུ་ལྡོག་ཏུ་མེད་པར་གསུངས།
 ད་ལྟ་ཚན་རིག་གིས་དཔྱད་ཆས་ཀྱི་ ལམ་ནས་པར་དུ་བསྐྱོན་པར་དེ་ཡང་མཛོད་ལས་གསུངས་པ་ལྟར་དུ་སྣང་ལ། དེ་ནི་ལྷ་མིག་གམ་ཚན་རིག་གི་དཔྱད་ཆས་ཁྱད་པར་ཅན་ལ་བརྟེན་ནས་མ་གཏོགས་མཐོང་མི་གཏུབས་པ་ཞིག་ཏུ་གྱུར་ཡོད་ཤས་ཆེ། ཨ་རིའི་དབང་རྩའི་སྨན་པ་མཁས་ཅན་ཡ་ལི་ཧྲན་ཏས་རང་ཉིད་ཀྱི་བརྩམས་ཆོས་ལྷ་ཡུལ་གྱི་བདེན་དཔང་ཞེས་པར་བཏོན་པའི་བར་དོ་འགྲིམས་པ་དང་སྐབས་དེར་ང་རང་ཤེས་མེད་ཚོར་མེད་དུ་གྱུར་བས། མཐའ་འཁོར་དུ་ཕྱེ་མ་ལེབ་ཀྱིས་བྲོ་འཁྲབ་པ་དང་ལྷའི་ཕོ་ཉ་ལྟ་བུའི་དངོས་པོ་མང་བོ་ཞིག་ཀྱང་འདུག་ཅེས་བརྗོད་པ་དང་ཡོངས་སུ་མཚུངས། མིའི་རྣམ་ཤེས་དངོས་གནས་ཕྱིར་བསྐྱོད་བྱེད་བཞིན་ཡོད་དམ། དབྱིན་ཇིའི་རང་དབང་ཚགས་པར་དུ་ཟླ༡༠པའི་ཚེས༧ཉིན་བཀོད་པའི་གསར་འགྱུར་ལྟར་ན། དབྱིན་ཇིའི་ཞིབ་འཇུག་མི་སྣས་གསོ་རིག་ཞིབ་འཇུག་གི་ལམ་ནས་གསལ་བརྗོད་བྱས་དོན། མི་འདས་རྗེས་སྙིང་གི་ལྡིང་མཚམས་བཞག་ན་ཡང༌། ཚེ་སྲོག་གཏན་ནས་མཚམས་འཇོག་བྱས་མེད་པ་རེད།
རྣམ་ཤེས་ཀྱིས་ད་རུང་འགུལ་བསྐྱོད་བྱེད་བཞིན་ཡོད་པ་བདེན་དཔང་བྱས་འདུག ཞིབ་འཇུག་མི་སྣས་འདས་པའི་ལོ༤ཡི་ཁྲོད་སྙིང་ལྡིང་མཚམས་བཞག་པའི་ནད་པ་མང་བོ་ཞིག་ལ་ཚོད་ལྟ་དང་ཞིབ་འཇུག་སྣ་མང་བྱས་པའི་མཇུག་འབྲས་ཀྱིས་གསལ་བཤད་བྱས་དོན། ༤༠%ཡས་མས་ཀྱི་སླར་གསོན་མི་སྣས་བཤད་རྒྱུར། ཁོ་རང་ཚོར་ཤི་ཟིན་པ་ཁྱབ་བསྒྲགས་བྱས་ན་ཡང༌། རང་ཉིད་ཀྱི་ཤེས་པ་ད་རུང་གསལ་བོར་གནས་ཡོད་ལུགས་གསལ་བཤད་བྱས། ཚན་རིག་ཞིབ་འཇུག་གིས་ཡིད་ཆེས་བླ་ལྷག་བྱེད་ཆོག་པའི་བདེན་དཔང་ཞིག་ཀྱང་རྙེད་ཡོད་པ་རེད། ནད་པའི་སྙིང་ལྡིང་མཚམས་ཡོངས་སུ་བཞག་རྗེས་ཀྱི་དུས་ཚོད་སྐར་མ༢དང༣གྱི་དངོས་སུ་བྱུང་བའི་བྱ་བ་ཇི་སྙེད་ཅིག ཤེས་པ་སླར་གསོན་བྱས་རྗེས་ཀྱི་ནད་པ་མང་བོ་ཞིག་གིས་རང་ངོས་ནས་བྱུང་ཟིན་པའི་བྱ་དངོས་མང་བོ་ཞིག་ལ་ཕྱིར་དྲན་བྱ་གཏུབས་པ་རེད། མིག་སྔར་ཆེད་ལས་མཁས་པས་བརྗོད་དོན། སྙིང་ལྡིང་མཚམས་བཞག་རྗེས་ཀྱི་དུས་ཚོད་སྐར་ཆ༢༠ནས༣༠ཡི་རྗེས་སུ། སྔོན་ཆད་ཚན་རིག་གིས་ཤི་བོས་བྱ་དངོས་གང་ཡང་ཤེས་རྟོགས་དང་མྱོར་ཚོར་བྱ་མི་ཐུབ་པར་འདོད་ཡོད་པ་རེད།
རྣམ་ཤེས་ཞིབ་འཇུག་གི་ལས་གཞི་འདི་དབྱིན་ཇི་དང་ཨ་རི། ཨོ་སི་ཁྲུ་ལི་ཡ་སོགས་ཀྱི་སྨན་ཁང་ནས་ནད་པ༢༠༦༠ལྷག་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་དུས་དེབ་དྲན་སོས་ཞེས་པར་བཀོད་ཡོད། དེ་ནི་རང་རེའི་བོད་དུ་ཤི་ནས་སླར་གསོན་པའི་མི་བུའི་གྲས་དེར་བརྗོད་ཀྱིན་ཡོད་པ་རེད། འདི་འདྲའི་ལུགས་ནི་བོད་དུ་བདེན་དོན་དཔང་དུ་བཙུགས་ནས་འདས་ལོག་བྱས་པའི་མི་དང་དེ་དག་གི་སྐད་ཆ་བྲིས་ཟིན་ཏུ་བཏབ་པ་ཤིན་ཏུ་མང༌ལ། དེ་ནི་ཕལ་ཆེར་ལུང་བ་དང་སྡེ་བ་ནས་ཞིབ་འཇུག་དང་དཔྱད་བསྡུར་བྱས་ཟིན་པ་ཞིག་རེད། སླར་གསོན་བྱེད་པའམ་འདས་ལོག་བྱེད་པའི་མི་འབོར་གྱི་ཁྲོད། ༤༦%མི་ནི་ཁྱབ་རྒྱ་ཆེ་བའི་འདུ་ཤེས་ཀྱི་ཕྱིར་དྲན་གོ་རིམ་བརྒྱུད་པ་དང༌། ༩%ནི་སྲོལ་རྒྱུན་གྱི་ཤི་བའི་རྗེས་ཀྱི་གནས་ལུགས་ཀྱི་རྒྱུད་རིམ་དང་ཡང་ན་བྱུང་བ་དང་ཡོངས་སུ་མཐུན་ལ། ༢%ཡིས་འདུ་ཤེས་ཧ་ཅང་གསལ་བོ་ཡིན་པས། ཞིབ་གསལ་སྒོས་རང་ཉིད་ཀྱིས་མཐོང་བ་དང་ཐོས་པ་ཡོད་ཚད་དྲན་ཐུབ་པ་དང༌། དེ་ནི་རྣམ་ཤེས་ཕྱི་རོལ་དུ་གྱར་བའི་མྱོང་བ་དང་དངོས་ཡོད་གནས་ཚུལ་ཞིག་ཡིན་ལ། གོང་དུ་བརྗོད་པའི་མཛོད་ལས་བྱུང་བའི་ལུགས་དེ་དང་ཡོངས་སུ་མཐུན་པ་རེད།
 ཨ་རིའི་གྲོང་ཁྱེར་ཉིག་ཡོའི་ཀྲིག་ལིས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སཱ་མུའུ.ཕའེ་ཨར་ཉི་ཡ་ནི་ཐེངས་འདིའི་ཞིབ་འཇུག་གི་སྣེ་ཁྲིད་མཁན་གཙོ་བོ་ཡིན། ཁོས་བརྗོད་དོན། ང་རང་ཉིད་ཀྱིས་ཀྱང་སྔོན་ཆད་ཤི་བའི་རྗེས་ཀྱི་སྣང་ཚུལ་མཐའ་དག་ནི་འཁྲུལ་ཤེས་ཡིན་པར་འདོད། འོན་ཀྱང་ནད་པ་ཞིག་གིས་དངོས་གནས་དྲང་གནས་ཀྱི་ཡིད་ཆེས་ཆོག་པའི་འགྲེལ་བརྗོད་ཞིབ་གསལ་ཞིག་བྱས་ཡོད། ཁོས་བརྗོད་པ་མཐའ་དག་དངོས་གནས་འཚོ་བའི་ཁྲོད་བྱུང་ཟིན་པ་རེད། ལོ་ན༥༧ལ་སོན་པའི་སྤྱི་ཚོགས་ཀྱི་བྱ་བ་གཉེར་མཁན་སའོ་སང་ཕུ་ཏིས་བཤད་རྒྱུར། སྨན་པ་དང་ནད་གཡོག་པས་ང་རང་མྱུར་སྐྱོབ་བྱེད་བཞིན་པའི་དུས་སུ། ཁོས་ཁང་བའི་གྲུ་སྣེ་གཅིག་ཏུ་རང་ཉིད་སླར་གསོན་པའི་ཚོར་བའི་བརྒྱུད་རིམ་ལ་དོ་སྣང་ཞིབ་གསལ་དུ་བྱེད་བཞིན་འདུག་པར་བརྗོད་ཡོད། དྲན་སོས་ཞེས་པའི་དུས་དེབ་ཀྱི་གཙོ་སྒྲིག་པ་ཇེ་ལི་རོའོ་ལན་གྱིས་བརྗོད་དོན། ཞིབ་འཇུག་གི་རྣམ་གྲངས་འདིས་རྣམ་ཤེས་ཞིབ་འཇུག་གི་ཁྱབ་ཁོངས་ལ་སྒོ་འཕར་ཡངས་པོར་ཞིག་ཕྱེས་ཡོད་པ་རེད། ཅེས་གསལ་བརྗོད་བྱས། ཨུ་རུ་སུའི་ཞོགས་ཚགས་ཟླ༡༠ཚེས༣༠ཉིན་བཀོད་པའི་རྩོམ་ཡིག་གཅིག་ལས་བསྟན་དོན། ང་ཚོས་སྙིང་ལྡིང་མཚམས་བཞག་རྗེས་སུ་རྣམ་ཤེས་གནས་པ་དེར་བདེན་དཔང་ཁུངས་ཐུབ་ཅིག་བྱས་ཡོད་ཅེས་ཀྱང་བརྗོད་འདུག་གོ། །  
 གསལ་འདེབས། 
            
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             
རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn
བརྒྱུད་འགོད།