༄༅།།གྲུབ་པའི་དབང་ཕྱུག་རྗེ་བཙུན་སྟག་ཕུ་བ་རིན་པོ་ཆེ་རྗེ་བཙུན་མས་དངོས་སུ་གནང་བའི་བླ་མེད་ལུགས་ཀྱི་སྒྲོལ་མའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-01-05 21:02:36     རྩོམ་པ་པོ།   འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ'    ཀློག་ཐེངས།  

༄༅།།མཆོག་ཐུན་དངོས་གྲུབ་ཡིད་བཞིན་དབང་གི་རྒྱལ།།འདོད་དགུར་སྦྱིན་མཛད་རྒྱལ་ཡུམ་འཕགས་མ་དང་།།དབྱེར་མེད་འཁོར་ལོའི་མགོན་པོ་བླ་མ་ལ།།རྩེ་གཅིག་གུས་པའི་ཡིད་ཀྱིས་ཕྱག་བགྱིའོ།།འཕགས་མའི་ཞལ་ཆབ་སྨིན་གྲོལ་མན་ངག་གི།བདུད་རྩིའི་རྒྱུན་བཟང་ཚིམ་པར་རོལ་བ་ཡིས།།ཚེ་གཅིག་ཉིད་ལ་ཟུང་འཇུག་སྐུ་བརྙེས་པ།།སྐལ་བཟང་གར་གྱི་དབང་བོ་ལ་ཕྱག་འཚལ།།གང་ལ་བརྟེན་ན་མཆོག་དང་ཐུན་མོང་གི།།དངོས་གྲུབ་རྣམ་གཉིས་བདེ་བླག་ཐོབ་བྱེད་པ།སྦྱིན་སྲེག་ཆོ་ག་མཁས་གྲུབ་གོང་མ་ཡི།།ལེགས་བཤད་དགོངས་དོན་ཇི་བཞིན་བཤད་པར་བྱ།།དེ་ཡང་རྗེ་བཙུན་གྲུབ་པའི་དབང་ཕྱུག་རྡོ་རྗེ་འཆང་སྟག་ཕུ་བ་རིན་པོ་ཆེ་ནས་ཉེ་བར་བརྒྱུད་པའི་རྗེ་བཙུན་སྒྲོལ་མའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་བསྐུར་བ་གཉིས་ལེགས་པར་ཐོབ་ཅིང་བསྙེན་པ་སྔོན་དུ་སོང་བའི་གང་ཟག་གིས་ཞི་བའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་བཤད་པ་ལ་སྦྱོར་དངོས་མཇུག་གསུམ་ལས།དང་པོ་སྦྱོར་བ་ལ་ཡང་གསུམ།ཐབ་ཀྱི་རྣམ་གཞག རྫས་ཀྱི་རྣམ་གཞག་ཡོ་བྱད་གཞན་གྱི་རྣམ་གཞག་བཤད་པའོ།།དང་པོ་ནི་ཡར་ངོའི་ཚེས་གཅིག་སོགས་ཞི་བ་ལ་ཤིས་པའི་གཟའ་སྐར་ཚེས་གྲངས་བཟང་པོའི་ཉིན་སྦྱིན་སྲེག་གང་དུ་བྱ་བའི་ཕྱོགས་དེར།དཀར་གཏོར་མཆོད་པ་དང་བཅས་བཤམས།སྐྱབས་སེམས་སྔོན་དུ་བཏང་ནས།རང་ཉིད་སྐད་ཅིག་གིས་རྗེ་བཙུན་འཕགས་མ་སྒྲོལ་མའི་སྐུར་བཞེངས་པར་གྱུར།དེ་ནས་མཆོས་པ་རྣམས་བྱ་རྒྱུད་ལྟར་དང་།དཀར་གཏོར་ཡོངས་གྲགས་ལྟར་བྱིན་གྱིས་བརླབས།རང་གི་ཐུགས་པའི་ས་བོན་ལས་འོད་ཟེར་འཕྲོས།ས་བདག་གནས་བདག་ཞིང་སྐྱོང་ཀླུ་ལ་སོགས་པ་འཁོར་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་མདུན་དུ་བཞུགས་པར་གྱུར།ༀ་བྷུ་མི་པ་ཏི་ས་པཱ་རི་ཝ་ར་ༀ་ཨཱཿཀཱ་རོ་ཞེས་པ་ནས་ན་ཏྭ་ཏ་ༀ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ།ཞེས་ལན་གསུམ་གྱིས་བསྔོ།སྔགས་འདི་ལ་ཨརྒྷཾ་སོགས་སྦྱར་བས་མཆོད་ཅིང་།དྲིལ་གསིལ་དང་བཅས།གང་དག་འདིར་གནས་ལྷ་དང་ཀླུ།གནོད་སྦྱིན་སྲིན་པོ་འམ་ནི་གཞན།དེ་དག་རྣམས་ལ་ས་འདི་ནི།།བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ།།ཞེས་ལན་གསུམ་བརྗོད།རིག་པ་འཛིན་པ་ཅི་བདེར་གྱིས་ཤིག་ཅེས་གནང་བ་བྱིན་ཏེ་རང་གནས་སུ་གཤེགས་པར་གྱུར་པར་བསམ་ལ་བསླང་།དེ་ནས་ལག་པ་གཡས་རྡོ་རྗེ་དང་བཅས་ས་ལ་བཞག་སྟེ།འབྲུ་གསུམ་བརྗོད།ༀ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ།རྡོ་རྗེ་ཁྲོ་བོས་བགེགས་རྣམས་བཅོམ་ཞིང་རྡོ་རྗེ་གསུམ་གྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས་པར་གྱུར།ཅེས་དང་།ལས་སྔགས་བརྒྱ་རྩ་བཟླས་ཏེ་ཀུན་རྫོབ་ཀྱི་སྦྱངས་པ་དང་།ས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་བ་ཉིད་དུ་གྱུར།ཅེས་དོན་དམ་པའི་སྦྱངས་པ་བྱའོ།།དེ་ནས་ས་སྟེགས་གྲུ་བཞི་བ་ཁོད་སྙོམས་པར་བྱས་པའི་སྟེང་དུ་ས་དཀར་གྱིས་བྱུགས།ཐོག་མར་དབུས་བཙལ་ཏེ་ཚངས་ཟུར་གྱི་ཐིག་སྤྱི་ལྟར་གདབ།དེ་རྗེས་དབུས་ནས་ཐིག་སྐུད་སོར་བཞི་བས་ཟླུབ་པོར་བསྐོར་དའི་པདྨའི་ལྟེ་བར་རྗེ་བཙུན་མའི་ཕྱན་མཚན་ཨུཏྤལ་ཏཱཾ་གྱིས་མཚན་པ་བྲི།དེ་ལ་སོར་བརྒྱད་བསྣན་ནས་བསྐོར་བ་ལ་པདྨའི་འདབ་མ་བྲི།དེ་ལ་སོར་བཞི་བསྣན་པ་མུ་རན་དང་།དེ་ལ་སོར་བཞི་བསྣན་པའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་བྲི།དེ་ནས་ཚངས་ཟླུམ་འཕྲད་པའི་མཚམས་ནས་ཕྱིར་སོར་གཉིས་དོར་ནས་མཚན་མ་བྱས་ལ།དེའི་སྟེང་དུ་ཟུར་བཞིར་བྱ་རྗེས་བཙལ་ཏེ་ཟུར་ཐིག་གི་བར་ལ་ཐིག་སྐུད་བརྐྱངས་ཏེ་གྲུ་བཞིར་གདབ་པའི་གྲྭར་ཟླ་ཕྱེད་རྡོ་རྗེ་བྲི།མཐའ་བསྐོར་དུ་བ་ལྕི་དང་བདུད་རྩི་དཀར་པོ་དང་ལྡན་པའི་དྲི་དཀར་པོའི་ཆུས་བྱུགས་ཏེ།མེ་ཏོག་དཀར་པོའི་སིལ་མ་བཀྲམ།ཐབ་ཀྱི་ཤར་ལྷའི་མཚམས་སུ་ཟན་གྱི་ཏིང་ལོ་མར་ཁུས་དགང་བ་བཞག་གོ།དེ་ཡང་ཙིནྟ་མ་ནིའི་གཞུང་ལས་རབ་བརྩིགས་པའམ་བྲུས་པ་ཞེས་གསུངས་པས་དེ་ལྟར་བྱེད་པར་སྤྲོ་ན།རྩིག་ཐབ་ནི།ཁྲུ་གང་བའི་ཟླུམ་ཐིག་གི་མཚམས་ནས་ཞེང་སོར་བརྒྱད་དང་དཔངས་སོར་བཅུ་གཉིས་ཡོད་པའི་རྩིག་པའི་སྟེང་གི་རྩིག་ཞེང་སོར་བཞི་ནང་དུ་དོར་བའི་ས་ནས།ཁ་ཁྱེར་དཔངས་ཞེང་གཉིས་ཀ་སོར་བཞི་བ་བྱ།རྩ་བར་སྟེགས་བུ་བྱ།འདི་ལ་འགའ་ཞིག་གིས་མུ་རན་རྩིག་བུའི་སྟེང་གི་ཞེང་ལ་མི་ཕྱེད་པར་རྩིག་པའི་སྟེང་ཏུ་གུད་དུ་བྱ་དགོས་པ་ལྟ་བུ་ཞིག་སྣང་བས་དེ་ལྟར་ཡིན་ཚེ་དཔྱད་པར་བྱ།

བརྐོ་ཐབ་ནི།དབྱིབས་ཟླུམ་པོ།རྒྱར་ཁྲུ་གང་།ཟབས་སུ་ཁྲུ་ཕྱེད།ཐབ་ཀྱི་སྟེང་ནས་མུ་རན་ཕྱིར་སོར་བཞི་དོར་བ་དང་རྒྱ་དང་དཔངས་སོར་བཞི་བའི་ཁ་ཁྱེར་བགས་ཀྱིས་ནང་དུ་གཞོལ་ཞིང་ཁོར་ཡུག་ཏུ་བསྐོར་བ།ཐབ་ཀྱི་ཕྱི་རོལ་ཏུ་སོར་གཉིས་དོར་བའི་ས་ནས་སྟེགས་བུ་བྱ།འགའ་ཞིག་གིས་སྟེགས་བུ་ཐབ་ཀྱི་རྩ་བར་བཤད་པའི་ཁ་ཁྱེར་གྱི་འཁྲིས་ནས་བྱ་དགོས་སམ་སྙམ།རྩིག་ཐབ་དང་བརྐོ་ཐབ་གང་བྱེད་ཀྱང་།དབུས་ནས་སོར་བཞིས་བསྐོར་བ་པདྨའི་ལྟེ་བ་དེ་ལ་ཕྱག་མཚན་ས་བོན་དང་བཅས་པ་འགོད།དེ་ནས་སོར་བརྒྱད་ཀྱིས་བསྐོར་བ་པད་འདབ་བྲི་བ་དང་།ཁ་ཁྱེར་གྱི་རྡོར་ཕྲེང་བྲི་བ་སོགས་བྲིས་ཐབ་ལྟར་བྱ་དགོས་སོ།།

གཉིས་པ་ནི།ཡམ་ཤིང་འོམ་བུ་སོགས་ལས་བྱས་པ་སྲིད་དུ་སོར་བཅུ་གཉིས་པ།སྦོམས་སུ་མཐེའུ་ཆུང་གི་ཚད་ལོ་མ་མ་རྙིང་བ་གས་ཆག་མེད་པ་རླན་དང་བཅས་པ་དགོས་པ་ལས་རྩེ་མོ་མེ་ཏོག་འདབ་བཞིའི་རྣམ་པ་སོགས་བྱེད་མི་དགོས།བུད་ཤིང་ནི་ཡམ་ཤིང་དང་རྒྱུ་འདྲ་བ་སྟེ།ཞི་བ་ལ་འབྲོག་དགོན་པའི་བ་ལང་གི་ལྕི་བ་སྐམ་པོ་སྲོག་ཆགས་མེད་པའམ་རུང་བར་བཤད།རང་གི་གཡོན་ཕྱོགས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པ་བྲིས་པའི་སྟེང་དུ་ཆུ་བཞི་བཟེད་ཞལ་གསུམ་དང་བསངས་གཏོར་གྱི་ཀུ་ཤའི་ཆུན་པོ་དང་བཅས་བཀོད།ཆུ་བཞིའི་རྫས་ནི།ནས་འོ་མ་ཙམ་པ་ཀའམ་པདྨ་དཀར་པོ་སོགས་དུག་རིགས་མ་ཡིན་པའི་མེ་ཏོག་དཀར་པོ་སྣ་ཚོགས།ཀུ་ཤ ཏིལ།འབྲས་ཆུ་ནང་དུ་སྦགས་པ་བརྔོས་པའི་འབྲས་ཡོས།ཀ་བུར་དང་ཙན་དན་སོགས་དྲ་དཀར་པོའི་སོ་རྩིའི་རྒྱུ་རྡོ་ཇ།གོ་ཡུ།གོ་ལའི་བྱེ་མ་བཏབ་པ་དབྱིབས་ཀྱི་ཁྱད་པར་དེང་སང་ནོར་བུ་འདྲ་བ་ཞིག་བྱེད་པ་དར་སོ་ཆེ་ཡང་དབྱིབས་ངེས་ཅན་མེད་པས་གོང་གི་རྫས་རྣམས་མར་ཁུར་བཏབ་པ་བླུག་གཟར་གྱིས་ཕུལ་ཀྱང་ཆོག་གོ།རྫས་ཆེན་གཞན་རྣམས་ནི་སྤྱི་ལྟར་ལ་སྦྲང་རྩི་དང་འོ་མ་དང་མར་ཁུ་བསྙུགས་པ་བདུད་རྩིའི་དྲི་བཟང་གི་ཆུས་བརླན་པ་བྱ།རྫས་ཁྱད་པར་བ་ནི།ཏིལ།འབྲས་ཟན།དུར་བ།ཀུ་ཤ ནས།འོ་མ།ཙན་དན།པྲི་ཡང་ཀུ།ཐང་ཆུ།དྲི་ཞིམ་པོའི་མེ་ཏོག འབྲས་ཡོས་རྣམས་བདུད་རྩི་དྲི་བཟང་གི་ཆུས་བརྣ་པའོ།གཡས་ཕྱོགས་འཇིག་རྟེན་ལས་འདས་པའི་ལྷའི་མཆོད་གཏོར་བསྲེག་རྫས་རྣམས་དང་།དེའི་ཕྱི་རོལ་ཏུ་འཇིག་རྟེན་པའི་ལྷའི་མཆོད་གཏོར་བསྲེག་རྫས་རྣམས་བཀོད།སྒྲུབ་པ་བོ་རང་ཉིད་དང་ཐབ་ཀྱི་བར་དུ་སོ་ཕག་ལྷ་བུའི་མེ་ཡོལ་མཐོ་དམའ་རན་པར་བརྩེགས་ཏེ་ཐབ་ལ་བསྟན་པའི་ངོས་སུ་བཾ་ཡིག་དཀར་པོ་བྲིས་པ་གངས་རིར་བསམ་ན་མེ་དུག་གིས་མི་གནོད་པར་གསུངས།

གསུམ་པ་ནི།རང་གི་མདུན་དུ་སྟེགས་ཀྱི་སྟེང་དུ་རྡོ་དྲིལ་ནང་མཆོད་དགང་བླུགས་ལས་བུམ་གོས་ཟུང་སྟོད་གཡོགས་དང་སྨད་གཡོགས་ཀྱི་ཆེད་དུ་ཟུང་རེ།དཔལ་འབར་རླུང་གཡབ་དཀར་པོ་ཕབ་ཏུ་བཀྲམ་རྒྱུའི་ཀུ་ཤ་སོགས་མཁོ་བའི་ཡོ་བྱད་རྣམས་ཚང་བར་བཤམས།སྒྲུབ་པ་པོ་དགེ་སློང་ཡིན་ན་འབྲས་བུའི་རིགས་ལ་བསྙེན་པར་མ་རྫོགས་པས་མེ་ཆུ་གང་རུང་གིས་རུང་བ་བྱེད་དགོས།གཉིས་པ་དངོས་གཞི་ནི།ཙིནྟ་ནིའི་གཞུང་ལྟར་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ་རྫོགས་པར་བསྒོམས།དེ་ནས་བསྟན་གྱི་འོག་ཏུ་འབྲུ་དཀར་གྱིས་པདྨ་འདབ་བརྒྱད་དྲིས་པའི་སྟེང་དུ་འདུག་སྟངས་ནི།བདེ་ལེགས་ཅན་གྱི་འདུག་སྟངས་ཞེས་རྐང་པ་གཉིས་ཀྱི་མཐིལ་སྦྱར་བ་ལ་བཤད་པ་ཡོད་ཀྱང་ཕྱི་ནང་གཉིས་ཅུང་ཟད་བསྣོལ་ཏེ་ཙོག་བུའི་ཚུལ་དུ་འདུག་པའམ་རྐང་པ་གཡོན་པའི་བྱིན་པ་གཡས་པའི་བྱིན་པའི་སྟེང་དུ་བཞག་ནས་པུས་མོ་གཉིས་སྨད་དེ་སྟན་གྱི་སྟེང་དུ་ཕབ་པ་པདྨའི་འདུག་སྟངས་སུ་གསུངས་ཤིང་།ལས་མཐུན་གྱི་ཆས་འཇུག་དཀར་པོ་བྱས་ལ་ཁ་ཤར་དུ་བལྟས་ཏེ་ཐོག་མར་བསང་ཆུ་བསྒྲུབས་པ་ལ།གཞུང་དུ་ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་ཞེས་གསུངས་པས་དེའི་ཚུལ་ནི།བུམ་པ།ཨ་མྲྀ་ཏས་བསངས།སྭ་བྷཱ་ཝས་སྦྱངས།སྟོང་བའི་ངང་ལས་ཡེ་ཤེས་ལས་བྱུང་བའི།།།རིན་ཆེན་བུམ་པའི་དབུས་སུ་པད་ཉིའི་སྟེང་།།བདུད་རྩི་འཁྱིལ་བ་ལྗང་སྔོན་རྡོར་དྲིལ་འཛིན།།ཁྲོ་བོའི་ཆས་རྫོགས་ཡེ་ཤེས་མེ་ཀླུང་བཞུགས།།གནས་གསུམ་ཡི་གེ་གསུམ་མཚན་ཏཱཾ་འོད་ཀྱིས།།ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་ཏེ།།ཛཿཧཱུཾ་བཾ་ཧོཿདམ་ཡེ་དབྱེར་མེད་གྱུར།།དབང་ལྷས་དབང་བསྐུར་རིགས་ཀྱི་བདག་པོས་མཛེས།།ༀ་བཛྲ་ཀྲོ་དྷ་ཨ་རྒྷཾ་ནས་ཤཔྟའི་བར་གྱིས་མཆོད།རྒྱལ་བ་ཀུན་གྱི་མཐུ་སྟོབས་དཔལ།།གཅིག་བསྡུས་ཁྲོ་བོའི་སྐུར་བཞེངས་པ།།རྡོ་རྗེ་བདུད་རྩི་འཁྱིལ་བ་ལ།།སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།ཞེས་པས་བསྟོད།སྐུ་གསུང་ཐུགས་ཀའི་སྔགས་ཕྲེང་ལས།།བདུད་རྩི་དཀར་པོའི་རྒྱུན་བབས་པ།།བུམ་པའི་ཆུ་ལ་ཐིམ་པ་ལས།།གེགས་སེལ་བསང་བའི་ནུས་ལྡན་གྱུར།།ཨ་མྲྀ་ཏ་ཅི་འགྲུབ་བཟླ།དེ་ནས་ཡིག་བརྒྱས་ལྷག་ཆད་ཁ་བསྐང་།སྔར་བཞིན་མཆོད་བསྟོད་བྱས།རྡོ་རྗེ་བདུད་རྩི་འཁྱིལ་བ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མི་ཕྱེད་པར་གྱུར།ཅེས་བརྗོད་དེ་བསང་བུམ་བསྒྲུབས།དེ་ནས་ཨ་མྲྀ་ཏ་ལ་སྭཱ་ཧཱ་བཏགས་པ་བརྒྱས་ཆུ་བཞི་བསྒྲུབས།འདི་གཞུང་དུ་མི་གསལ་ཡང་ངེས་པར་དགོས་སམ་སྙམ་སྟེ་དཔྱད་པར་བྱའོ།།དེ་ནས་རྡོ་དྲིལ་བྱིན་གྱིས་བརླབས་ཏེ་རང་དང་ཐབ་རྫས་རྣམས་ལ་བུམ་ཆུ་ཐོར་ཞིང་ལས་སྔགས་ཀྱིས་ལན་གསུམ་བསངས།དེ་ནས་མེ་ལྷའི་མཆོད་པ་བསང་སྦྱངས་བྱས་ཏེ་བླ་མེད་སྤྱི་ལྟར་བྱིན་གྱིས་བརླབས།ལག་པ་གཉིས་རྡོ་རྗེ་ཁུ་ཚུར་པའི་གུང་མོ་གཉིས་རྩེ་སྤྲད་པའི་ཕྱག་རྒྱ་རྫས་རྣམས་ལ་རེག་པའམ་རེག་པར་མོས་ཏེ།ༀསྭཱ་ཧཱས་རྫས་ཐམས་ཅད་བཀྲུས་པར་བསམ།ༀ་ཨཱཿསྭཱ་ཧཱས་ཡམ་ཤིང་།ༀ་ཤྲཱི་སྭཱ་ཧཱས་མར་ཁུ།ༀ་ཛྲིཾ་སྭཱ་ཧཱས་འབྲུ།ༀ་ཀུ་རུ་ཀུ་རུ་སྭཱ་ཧཱས་དེ་ལས་གཞན་པའི་རྫས་རྣམས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཉེས་སྤྱོད་ཐམས་ཅད་བྱང་ཞིང་དག་ནས་ནང་གི་བདུད་རྩི་ལྔའི་ངོ་བོར་གྱུར།ༀ་ཨཱཿཧཱུཾ།ལན་གསུམ་བརྗོད་བཞིན་པའི་ངང་ནས་དཔལ་འབར་སྦར་ཏེ།ལས་སྔགས་ཀྱིས་ལན་གསུམ་བསངས།ༀ་བཛྲ་ཛྭ་རཾ་གྱིས་སྒྲོན་མེ་རྩྭ་སྐམ་དང་བཅས་པ་ཐབ་ཏུ་ཕུལ་སྟེ།ཧཱུཾ་ཞེས་བརྗོད་དེ་རླུང་གཡབ་གྱིས་མེ་སྦར།སྔགས་དེ་ཉིད་བརྗོད་ཅིང་མར་ཁུ་བླུགས་གཟུར་བདུན་གྱིས་མེ་གསོ།དེ་ནས་ཐབ་ཀྱི་ཁ་ཁྱེར་དུ་འགོད་རྒྱུའི་ཀུ་ཤ་རྣམས་ལག་ཏུ་བཟུང་སྟེ།ༀ་བཛྲ་ས་ཏྭ་ཨཱཿལན་བདུན་བརྗོད་དེ་བྱིན་གྱིས་བརླབས།ༀ་ཀུ་ཤ་འདི་ནི་གཙངཞིང་དགེ།།ཚངས་པའི་ལྷ་རྣམས་དག་བྱེད་ཡིན།།དཀོན་མཆོག་གསུམ་པོ་མཉེས་བྱེད་པ།།ས་ལས་སྐྱེས་པའི་འདབ་མའི་སྙིང་།།བདག་གི་བགེགས་རྣམས་ཐམས་ཅད་ནི།།ཞི་དང་བཀྲ་ཤིས་མཛད་དུ་གསོལ།།ཞེས་བརྗོད་དེ།ཀུ་ཤ་གཉིས་རྩེ་མོ་གཤིབ་པ་རང་གི་གཡོན་ངོས་ནས་བརྩམས་ཏེ་ཁ་ཁྱེར་ལ་རྩེ་མོ་ཤར་ལྷོ་ནུབ་བྱང་དུ་བསྟན་ལ་སྔ་མའི་རྩེ་མོ་ཕྱི་མའི་རྩ་བར་ནོན་པར་བཀྲམ་ཞིང་ཐབ་ཁུང་དུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོགས།ཀུ་ཤ་བཀྲམ་ཟིན་པ་དང་ཐལ་མོ་སྦྱར་ནས།བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བགེགས་ཐམས་ཅད་ཞི་བ་དང་བཀྲ་ཤིས་པར་མཛད་དུ་གསོལ།ཞེས་གསོལ་བ་བཏབ།ཐབ་ལས་སྔགས་ཀྱིས་བསངས།སྭ་བྷཱ་ཝས་སྦྱངས།སྟོང་བའི་ངང་ལས་ཧཱུཾ་རིང་དཀར་པོ་ཞུ་བ་ལས་བྱུང་བའི་ཐབ་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོ།མུ་རན་ཁ་ཁྱེར་དང་བཅས་པ།ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ།གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དྭངས་ཤིང་ཐོགས་པ་མེད་པར་གྱུར།ཐབ་ཀྱི་ནང་དུ་པཾ་ལས་པདྨ་དང་།རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་བགྲང་ཕྲེང་རཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དཀར་པོ་ར་སྐྱེས་ལ་གནས་པ།ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་བགྲང་ཕྲེང་དང་།གཡོན་སྤྱི་བླུགས་འཛིན་པ།གསུས་ཁྱིམ་ཆེ་ཞིང་རལ་བའི་ཐོར་ཚུགས་ཅན།གོས་དཀར་པོ་གསོལ་ཞིང་།སྲད་བུ་དཀར་པོའི་སེ་རལ་ཁ་ཐོགས་པ།སྦོམ་ཞིང་ཐུང་ལ་ཞི་བའི་ཉམས་དང་ལྡན་པ།དེའི་དཔྲལ་བར་ༀ།མགྲིན་པར་ཨཱཿཐུགས་ཀར་ཧཱུཾ།ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་བསྒོམ་པ་དང་འདྲ་བའི་མེ་ལྷ་དྲང་སྲོང་གི་འཁོར་གྱིས་བསྐོར་བ་སྤྱན་དྲངས་པར་བསམ་ལ།ལག་པ་གཉིས་མི་འཇིགས་པའི་ཕྱག་རྒྱའི་མཐེ་བོང་གཡོབ་པ་དང་བཅས་ཏེ།ༀ་ཚུར་སྤྱོད་ཚུར་སྤྱོད་འབྱུང་བོ་ཆེ།།ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག།སྲེག་བླུགས་ཞལ་ཟས་བཞེས་སླད་དུ།།འདིར་ནི་ཡང་དག་བསྙེན་པར་མཛོད།།ༀ་ཊཀྐི་ཧུཾ་ཛཿཐབ་ཀྱི་མེ་མཚམས་ཀྱི་ཀུ་ཤའི་གདན་ལ་བཞུགས་པར་གྱུར།ལས་སྔགས་བརྗོད་ཅིང་བསང་ཆུ་འཐོར་ལ་ཕྱི་འབྲང་གི་བགེགས་བསྐྲད།འོག་ནས་འབྱུང་བ་ལྟར་གྱི་ཆུ་བཞི་ཕུལ་ཏེ།ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར།དེ་ནས་ཆུ་བཞི་འབུལ་བ་ནི།ༀ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་པྲོཀྵ་ཎཱཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ།ཞེས་པའི་ཀུ་ཤའི་ཆུན་པོས་ཞལ་བསིལ་གྱི་སྣོད་ནས་བཟེད་ཞལ་དང་པོར་ལན་གསུམ་བསང་གཏོར་འབུལ།སྣོད་དེ་ཉིད་ནས་མཛུབ་མོས་མེ་ཏོག་བླངས་ཏེ་ཁུ་ཚུར་འོག་ཏུ་བསྟན་པའི་མཐེའུ་ཆུང་ནས་རིམ་གྱིས་དགྲོལ་བའི་ཕྱག་རྒྱ་དང་བཅས་སྔར་གྱི་པྲོཀྵཾ་ཎཱཾ་གྱི་གནས་སུ།ཨཉྩ་མ་ཎཱཾ་ཞེས་པ་བཅུག་ལ།བཟེད་ཞལ་དང་པོར་ཞལ་བསིལ་དང་རྡོ་རྗེ་སྙིམ་པ་ཁ་ཕྱེ་བའི་ཕྱག་རྒྱ་དང་བཅས།ཨརྒྷཾ་སྦྱར་བས་བཟེད་ཞལ་གཉིས་པར་མཆོད་ཡོན་དང་།ཁུ་ཚུར་བཅིངས་པས་ཆུ་ནང་མེ་ཏོག་བླངས་ནས།ལན་གསུམ་བསྐོར་ཏེ་ཁུ་ཚུར་ཁ་གྱེན་དུ་བསྟན་པའི་མཛུབ་མོ་ནས་རིམ་གྱིས་དགྲོལ་བའི་ཕྱག་རྒྱ་དང་བཅས།པཱ་དྱཱཾ་ཞེས་སྦྱར་བས་བཟེད་ཞལ་གསུམ་པའི་ཞབས་བསིལ་འབུལ།དེ་ནས།ༀ་ཨགྣ་ཡེ་ཨཱ་དཱི་བྱ་ཨཱ་དཱི་བྱ་ཨཱ་བི་ཤ་ཨཱ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧཱ་བྱ་ག་བྱ་བཱ་ཧཱ་ནཱ་ཡ་བཛྲ་པུཥྤེ་ཨཱཿཧཱུཾ་ནས་ཤཔྟའི་བར་གྱིས་མཆོད།སྔགས་དེ་ལ་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ།དྲིལ་སྟབས་དང་བཅས།འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས།།མེ་ལྷའི་རྒྱལ་བོ་ཊཀྐིས་དབང་བསྐུར་བ།།ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག།འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད།།ཚངས་པ་འཇིག་རྟེན་མགོན་གྱི་སྲས།།མེ་ལྷའི་རྒྱལ་བོ་དྲང་སྲོང་མཆོག།འབྱུང་བོ་ཡོངས་སུ་བསྐྱབ་པའི་ཕྱིར།།ཐུགས་རྗེའི་དབང་གིས་སྐུ་སྤྲུལ་བ།།རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ།།ཉོན་མོངས་སྲེག་པའི་ཤེས་རབ་འོད།།བསྐལ་བའི་མེ་བཞིན་གཟི་བརྗིད་འབར།།མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན།།ཐབས་ཀྱིས་སྤྲུལ་བའི་ཐེག་པ་བཅིབས།།རིག་སྔགས་གསུང་ཞིང་བགྲང་ཕྲེང་འཛིན།།བདུད་རྩིའི་བཅུད་གྷུཎྚེ་བསྣམས།།ཆོས་ཀྱི་བུད་རྩི་ཡོངས་ལ་བསིལ།།ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད།།འཇིག་རྟེན་གནས་ཀྱང་མྱ་ངན་འདས།།ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ།།དེ་བས་བསྟོད་དེ་ཕྱག་ཀྱང་འཚལ།།ཞེས་པས་བསྟོད།ༀ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛྭ་ལ་ཛྭ་ལ་ཡ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚ་ན་ཧཱུཾ་ཕཊ་ཏྲི་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ།ས་མ་ཡ་ཧོཿཞེས་ལན་གསུམ་གྱིས་དམ་ཚིག་བསྒྲག མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་ལ་རཾ་ཡིག་དང་དགང་བླུགས་ཀྱི་ཁ་ལ་ཏཱཾ་ཡིག་འོད་ཟེར་འབར་བ་དང་བཅས་པས་མཚན་པར་གྱུར་པར་བསམ།ལག་པ་གཡོན་པའི་ཁུ་ཚུར་བཅིངས་པའི་སྟེང་དུ་མཐེ་བོང་བཀབ་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པའི་མཛུབ་མོ་བརྐྱངས་པ་གན་རྐྱལ་དུ་བྱས་པས་དགང་གཟར་མར་གྱིས་བཀང་བ་བཟུང་།གཡས་པ་ཡང་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པ་ཁ་ཐུར་དུ་སྦུབ་ལ་བླུགས་གཟར་གྱི་ཡུ་བ་ནས་བཟུང་སྟེ།གཡོན་པའི་མཛུབ་མོའི་ཐད་ཀར་གཡས་ཁུ་ཚུར་བཞག་སྟེ།དགང་གཟར་གྱི་ཁར་བླུགས་གཟར་གྱི་མགོ་བཞག་ནས་འཛིན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་པུས་མོའི་ནང་ནས་མི་འདའ་བར་གཡས་སུ་བསྐོར་ཏེ་མེ་ལྷའི་ཞལ་ཅུང་ཟད་གདངས་པར་བསམ་ལ།སྙན་པའི་གདངས་ཀྱིས།ༀ་ཨགྣ་ཡེ་ཨཱ་དཱི་བྱ་ཨཱ་དཱི་བྱ་ཨཱ་བི་ཤ་ཨཱ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧཱ་བྱ་བཱ་ཧཱ་ནཱ་ཡ།བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་བར་དུ་གཅོད་པ་དང་།སྡོམ་པ་གསུམ་དང་འགལ་བའི་བཅས་པ་དང་།རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཀྲ་མི་ཤིས་པ་ཐམས་ཅད་དང་།ཏིང་ངེ་འཛིན་མི་གསལ་བ་དང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤིནྟཾ་ཀུ་རེ་ཡེ་སྭཱ་ཧཱ།འདི་ལ་དཔགས་ཏེ་སྐབས་སུ་གང་བབ་ཀྱི་སྤེལ་ཚིག་སྦྱོར་ཚུལ་ཤེས་པར་བྱའོ།།དེ་ལྟར་ལན་བདུན་གྱིས་བྱོན་སྐྱེམས་འབུལ།དེ་ནས།ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར།ཅེས་བརྗོད་དེ་ལག་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་མཐེབ་སྲིན་གྱིས་ཡམ་ཤིང་གཉིས་རྩེ་མོ་ལྷ་ལ་བསྟན་ནས་འབུལ།ༀ་ཨགྣ་ཡེ་ནས་བཱ་ཧཱ་ནཱ་ཡ།ༀ་བོ་དྷི་པྲིཀྵ་ཡེ།བདག་ཅག་ནས་ཁྱད་པར་དུ་ཡང་གཟི་བརྗིད་ཕུན་སུམ་ཚོགས་ན་ལ་བར་དུ་གཅོད་པ་ཐམས་ཅད་དང་།ཏིང་ངེ་འཛིན་ཞེས་སོགས་སྦྱོར།མར་ཁུ་ལ།ༀ་ཨགྣ་ཡེ།བདག་ཅག་ནས་འབྱོར་བ་ཕུན་སུམ་ཚོགས་པ་ལ་ཞེས་སྦྱོར།ཏིལ་ལ།ༀ་སརྦ་པཱ་བཾ་ད་ཧ་ན་བཛྲ་ཡེ།ཞེས་དང་།སྡིག་པ་སྒྲིབ་པ་ཐམས་ཅད་ཅེས་སྦྱོར།དུར་བ་ལ།ༀ་བཛྲ་ཨཱ་ཡུ་ཥེ།ཞེས་དང་།ཚེ་མཐར་ཕྱིན་པ་ལ་བར་དུ་གཅོད་པ་ཞེས་སྦྱོར།འབྲས་བ་ལ།ༀ་བཛྲ་ཨཱ་ཡུ་ཥྜེ་།ཞེས་དང་།བསོད་ནམས་རྒྱས་པ་ལ་ཞེས་སྦྱོར་།ཞོ་ཟན་ལ།ༀ་སརྦ་སཾ་བཱ་དེ།ཞེས་དང་།བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཞེས་སྦྱོར།ཀུ་ཤུ་ལ།ༀ་ཨ་པྲ་ཏི་ཧཱ་ཏ་བཛྲ་ཡེ།ཞེས་དང་།སྲུང་བ་མཆོག་ལ་བར་དུ་གཅོད་པ་དང་གྲིབ་དང་མི་གཙང་བ་ཞེས་སྦྱོར།ཡུངས་དཀར་ལ།ༀ་སརྦ་ཨརྠ་སིདྔྷ་ཡེ།ཞེས་དང་།བགེགས་ཐམས་ཅད་ཅེས་སྦྱོར།སོ་བ་ལ།ༀ་བཛྲ་བི་ཛ་ཡེ།ཞེས་དང་།ནོར་དང་འབྲུ་རྒྱས་པ་ལ་ཞེས་སྦྱོར།ནས་ལ།ༀ་མ་ཧཱ་བེ་ག་ཡེ།ཞེས་དང་།མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ་ཞེས་སྦྱོར།སྲན་མ་ལ།ༀ་མ་ཧཱ་པཱ་ལ་ཡེ།ཞེས་དང་།སྟོབས་རྒྱས་པ་ལ་ཞེས་སྦྱོར།གྲོ་ལ།ༀ་བཛྲ་གྷསྨ་རི།ཞེས་དང་།ནད་ཐམས་ཅད་ཅེས་སྦྱོར།རྫས་ཁྱད་པར་བ་ལ་རྫས་སྔགས་མེད་ལ།སྤེལ་ཚིག་གི་སྐབས་སུ།མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་ཞེས་པའམ་ཤེས་རབ་ཕུན་སུམ་ཚོགས་པ་ལ་ཞེས་པ་གང་རུང་སྦྱོར།གཞུང་དུ་ཡམ་ཤིང་ནས་གྲོའི་བར་ཞེས་གསུངས་པས་རྫས་ཁྱད་པར་བ་གསལ་ཁ་མ་བྱུང་ཡང་དགོས་སམ་སྙམ།དེ་ལྟར་བསྲེག་རྫས་རྣམས་གྲངས་ཅི་རིགས་པ་ཕུལ་ནས།ཨཉྩ་ཎཱཾ་སྦྱར་བས་ཞལ་བསིལ་དང་བསང་གཏོར་འབུལ།འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་དང་རྫས་རྣམས་གོང་ལྟར་བྱིན་གྱིས་བརླབས།མེ་ལྷའི་ཐུགས་ཀར་མེ་གྲུ་གསུམ་འབར་བའི་དབུས་སུ།བཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཏཱཾ་ཞེས་པ་ནས།རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་རྗེ་བཙུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས།ཞེས་བརྗོད་ཅིང་།སྐུ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོ་བར་བསམ།ཛཿཧཱུཾ་བཾ་ཧོཿས་གཉིའ་སུ་མེད་པར་བསྟིམ།སླར་ཡང་ཐུགས་ཀའི་ཞེས་པ་ནས་དབང་གི་ལྷ་རྣམས་དེ་ཉིད་ལ་ཐིམ་པར་གྱུར།ཅེས་བརྗོད།མཆོད་པ་ནི།རྒྱས་པར་སྤྲོ་ན།དག་ཅིང་དྲི་མེད་ཅེས་སོགས་ཀྱིས་ཆུ་བཞི་དང་།ལྷ་ཡི་མེ་ཏོག་ཅེས་སོསག་ཀྱིས་ཉེར་སྤྱོད་རོལ་མོ་དང་བཅས་པ་འབུལ་ཞིང་།བསྡུ་ན་སྔགས་ཙམ་གྱིས་ཕུལ་ཀྱང་རུང་།ནང་མཆོད་ཀྱང་འབུལ།སྒྲོལ་བསྟོད་ཕྱག་འཚལ་ཉེར་གཅིག་ལན་གསུམ་བརྗོད།ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་ཏཱཾ་ཡིག་གིས་མཚན་པར་གྱུར།ༀ་ཏཱ་རེ་ཏུཏྟཱ་རེ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ཐོས་བསམ་སྒོམ་གསུམ་སོགས་འདོད་པའི་དོན་ལ་བར་དུ་གཅོད་པའི་ཕྱི་ནང་གི་འགལ་རྐྱེན་མིམཐུན་པའི་ཕྱོགས་ཐམས་ཅད་ཤིནྟཾ་ཀུ་རེ་ཡེ་སྭཱ་ཧ།ཞེས་ལན་བདུན་གྱིས་བྱོན་སྐྱེམས་འབུལ་ཞིང་གསོལ་བ་བཏབ་པས་འཕྲིན་ལས་མཛད་ཅིང་དངོས་གྲུབ་སྩོལ་བར་ཞལ་གྱིས་བཞེས་པར་བསམ།དེ་ནས་ཡམ་ཤིང་ནས་བཟུང་རྫས་ཐམས་ཅད་གོ་རིམ་མ་འཁྲུགས་པར་ཐོག་མཐའ་བར་གསུམ་དུ་རྫས་སོ་སོའི་སྔགས་སྤེལ་ཚིག་སྦྱར་ཏེ་བརྒྱ་སྟོང་སོགས་གྲངས་ཅི་ལྟར་འཚམ་པ་འབུལ།སྤྱིར་ཡམ་ཤིང་དང་མར་ཁུ་གཙོ་བོ་ཡིན་པས་གྲངས་མང་བ་དང་།གཞན་ཡང་སྡིག་པ་སྦྱངས་པ་ལ་ཏིལ་དང་།ཚེ་ཡི་བར་ཆད་ཞི་བ་དུར་དང་།བགེགས་ཞི་བ་ལ་ཡུངས་དཀར་མང་བ་འབུལ་བ་སོགས་རིག་པས་དཔྱད་དེ་ཤེས་པར་བྱའོ།།དེ་ལྟར་རྫས་རྣམས་ཕུལ་ཟིན་པ་དང་།རྫེ་བཙུན་མའི་ཐུགས་ཀ་ནས་སྤྲོས་པའི་རྗེ་བཙུན་མ་སྐུ་མདོག་དཀར་པོ་བུམ་པ་བདུད་རྩིས་གང་བ་ཐོགས་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྤྱི་བོ་ནས་ཆུ་རྒྱུན་སྦྲེངས་པས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་བ་སྤུའི་བུ་ག་ནས་ཐོན་ཏེ་ལུས་ཤེལ་ལྟར་དག་པར་བསམ།འཕྲིན་ལས་ཀྱི་དམིགས་པ་ནི་སྐབས་འདིར་མ་ཟད་གོང་གི་རྫས་སོ་སོའི་མཇུག་ཏུ་ཡང་སྤེལ་ཚིག་གི་དོན་བཞིན་དམིགས་པ་ནན་ཏན་དུ་བྱེད་པ་གལ་ཆེ་བར་གསུངས་པས་ཐུགས་ལ་ཟུངས།དེ་ནས་སྙིང་བོ་ལན་བདུན་གྱིས་ཚོགས་གསོག་མར་ཁུ་ཕུལ་ཞིང་།ཨརྒྷཾ་ནས་པྲོཀྵ་ཎཱཾ་དང་།ཨཉྩ་མ་ཎཱཾ་སྦྱར་ཏེ་མཆོད་ཡོན་དང་བསང་གཏོར་ཞབས་བསིལ་རྣམས་ཕྱག་རྒྱ་དང་བཅས་ཏེ་འབུལ།ༀ་ཨཱརྱ་ཏཱ་རེ་ས་པཱ་རི་ཝ་ར་པུཥྤེ་སོགས་ཀྱིས་ཉེར་སྤྱོད་རོལ་མོ་ནང་མཆོད་དང་བཅས་པས་མཆོད་ཅིང་།ཕྱག་འཚལ་ཉེར་གཅིག་གིས་བསྟོད།གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ།སྔགས་ཀྱི་མཇུག་ཏུ་ཨི་དཾ་བ་ལིཾ་ཏ་བཏགས་པ་བདུན་གྱིས་འབུལ།གོས་ཟུང་ལག་ཏུ་ཐོགས་ཏེ།སྲབ་འཇམ་ཡང་བ་ལྷ་ཡི་གོས།།ཞེས་པ་ནས་སྭཱ་ཧཱ།ཞེས་པས་གོས་ཟུང་དང་།ཞལ་ཟས་རོ་བརྒྱ་ཞེས་པ་ནས་སྤྱོད་པར་ཤོག།ༀ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ།ཞེས་པས་སོ་རྩི་འབུལ།དེ་ནས་སླར་ཡང་།ༀ་ཨཱརྱ་ཏཱ་རེ་ས་པཱ་རི་ཝ་ར་པུཥྤེ་སོགས་ཀྱིས་ཉེར་སྤྱོད་རོལ་མོ་ནང་མཆོད་དང་བཅས་པས་མཆོད་ཅིང་།བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ།ཞེས་གཤེགས་སྐྱེམས་འབུལ།ཡིག་བརྒྱ་བརྗོད།མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས།གང་ཡང་བདག་བློ་ཞེས་སོགས་དང་།ལྷག་པ་དང་ནི་ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ།བདག་ལ་དངོས་གྲུབ་མཆོག་སྩོལ་ལགས།།ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ།།སེམས་ཅན་ཀུན་ལ་ཅི་འདོད་པའི།།དངོས་གྲུབ་བླ་ན་མེད་པ་སྩོལ།།ༀ་བཛྲ་མཱུ།ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས།དམ་ཚིག་པ་འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ་པར་གྱུར་པར་བསམ།སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི།ༀ་ཨགྣ་ཡེ་ནས་བཱ་ཧཱ་ནཱ་ཡ་པུཥྤེ་ནས་ཤཔྟའི་བར་གྱིས་ཉེར་སྤྱོད་རོལ་མོ་ནང་མཆོད་དང་བཅས་པས་མཆོད།དེ་ནས་པྲོཀྵ་ཎཱཾ་སྦྱར་བས་སྔར་བཞིན་བསང་གཏོར་དང་ཞལ་བསིལ་འབུལ།བཟའ་བ་ཕུལ་བའི་བསོད་ནམས་ཀྱིས།།ཞེས་པ་ནས།བསམ་གཏན་ཟས་ཀྱིས་འཚོ་བར་ཤོག།ༀ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ།ཞེས་སོ་རྩི།སྣ་ཚོགས་དབང་བོའི་གཞུ་ལྟར་ཞེས་པ་ནས་སྭཱ་ཧཱ།ཞེས་གོས་ཟུང་འབུལ།ཡམ་ཤིང་ནས་བཟུང་ཁྱད་པར་བའི་བར་གྱི་རྫས་ལྷག་རྣམས་གོང་བཞིན་མ་ཆད་པར་འབུལ།མཇུག་ཏུ་དྲིལ་སྟབས་དང་བཅས།འཇིག་རྟེན་དབང་ཕྱུག་ཅེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད།ཨཉྩ་མ་ཎཱཾ་དང་།པྲོཀྵ་ཎཱཾ་སྦྱར་བའི་ཞལ་བསིལ་དང་བསང་གཏོར་འབུལ།མེ་ལྷའི་སྔགས་ལ་པུཥྤེ་སོགས་སྦྱར་བའི་ཉེར་སྤྱོད་རོལ་མོ་ནང་མཆོད་དང་བཅས་འབུལ།གཏོར་མ་གཞུང་བཞིན་བྱིན་གྱིས་བརླབས་ཏེ།མེ་ལྷའི་སྔགས་ཀྱི་མཐར།ཨ་ཀ་རོ་བཏགས་པ་ལན་བདུན་གྱིས་འབུལ།སྔར་བཞིན་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད།དྲིལ་སྟབས་དང་བཅས།མེ་སྟེ་བསྲེག་བྱ་ཟ་བའི་ལྷ།།ཞེས་པ་ནས།ཕྱག་ཀྱང་འཚལ།མཆོད་སྦྱིན་གཏོར་མ་འདི་ཞེས་པ་ནས་ཀུན་འགྲུབ་ཤོག།ཅེས་འཕྲིན་ལས་བཅོལ།ༀ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ།ཞེས་གཤེགས་སྐྱེམས་འབུལ།མ་རྙེད་ཡོངས་སུ་ཞེས་པ་ནས་བཟོད་མཛོད་རིགས།།ཞེས་ནོངས་པ་བཟོད་པར་གསོལ།ༀ་བཛྲ་ས་ཏྭ་ཨཱཿལན་བདུན་བརྗོད་དེ།མེ་ཏོག་དང་བཅས་ལག་པ་ཐལ་མོ་སྦྱར་ཏེ།རང་གི་དོན་དང་གཞན་གྱི་དོན།།སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས།།ཇི་བཞིན་དུས་སུ་ཚུར་སྤྱོད་ཅིང་།།བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས།།ༀ་བཛྲ་མཱུ།ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས།།དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར་པར་བསམ།གསུམ་པ་མཇུག་ཏུ་བསྲེག་རྫས་ཀྱི་ལྷག་མའི་རྫས་ལྔའི་འོ་ཐུག་སྦྱིན་སྲེག་གི་མེ་ལས་བསྒྲུབས་ནས་ལོངས་སྤྱད་ན་སྡིག་པ་འདག་པར་གསུངས་པས་དེ་སྒྲུབ་ཚུལ་ནི།འོ་མ་དང་འབྲས་མ་གྲུགས་པ་མར་དང་།སྦྲང་རྩི་དང་།ཀ་ར་རྣམས་ལྷའི་ས་བོན་ཏཱཾ་ལས་བྱུང་བར་མོས་ཏེ།སྣོད་ནག་པོ་མ་ཡིན་པ་ཞི་བའི་ལས་དང་རྗེས་སུ་མཐུན་པའི་དྲི་དཀར་པོས་བྱུགས་ཤིང་མགུལ་བར་མེ་ཏོག་ཕྲེང་བ་བཅིངས་པ་ཐབ་ཀྱི་མཉྫུའི་སྟེང་དུ་བཞག་པའི་ནང་དུ་གཟར་བུ་གཉིས་གང་རུང་གིས་བླུགས་ལ།ཡི་གེ་བཅུ་བ་འགྱིང་བ་དང་བཅས་པས་བཟླ་ཞིང་བསྐོལ་ཏེ་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ།དེ་ནས་ཕུད་བླ་མ་དང་རྗེ་བཙུན་མ་ལ་འབུལ་རྒྱུའི་སྣོད་གཙང་མར་བླུག དེ་ནས་ཆོས་སྐྱོང་དང་ཕྱོགས་སྐྱོང་དང་གཞི་བདག་རྣམས་ལ་འབུལ།དེ་ནས་རྡོ་རྗེ་སློབ་དཔོན་སྒྲུབ་གྲོགས་དང་བཅས་པར་བྲིམ་པ་ལ།ༀ་དཱི་བྱ་ཨ་གྞེ་ས་མ་དྷི་དྷྱཱ་ན་པྲཱྀ་ཎ་ནེ་སྭཱ་ཧཱ།ཞེས་སྔགས་འདིས་བླ་མ་དང་ལྷ་ལ་དབུལ་ཞིང་།དེ་བཞིན་གཤེགས་པའི་ལྷག་མ་འདི།།སྡིག་པ་རྣམ་པར་ཉམས་བྱེད་གསོལ།།ཞེས་བརྗོད་ལ་སྒྲུབ་པ་པོ་རྣམས་དང་།སྦྱིན་བདག་དང་།ལྷག་མ་དོན་དུ་གཉེར་བ་རྣམས་ཀྱིས་ལོངས་སྤྱོད་པར་བྱའོ།།དེ་ནས་མེ་མ་ཤིའི་བར་དུ་འགོམ་དཀྲུགས་སོགས་མི་བྱེད་ཅིང་།ཡུན་རིང་འཇོག་པའི་ལོང་མེད་ན་འོ་མ་དང་དྲི་དཀར་པོའི་ཆུས་གཞིལ་ཏེ།ཐིག་ཚོན་ཐལ་བ་སོགས་བུམ་པར་བླུགས་ཏེ་ཆུ་བོ་ལ་བསྐུར་བ་སོགས་ལུས་ཀྱི་རྗེས་མི་མངོན་པར་བྱེད་པ་རྣམས་སློབ་དཔོན་མཁས་པའི་ཕྱག་ལེན་ལྟར་ཉམས་སུ་བླངས་པར་བྱའོ།།དེ་ལྟར་རྗེ་བཙུན་འཕགས་མའི་བསྙེན་པའི་ཁ་སྐོང་དུ་ཞི་བའི་སྦྱིན་སྲེག་འབུལ་ཚུལ་ནག་པོ་འགྲོ་ཤེས་སུ་བཀོད་པ་འདིའི་གཞུང་སྤྱི་རྗེ་བཙུན་ཨཱརྱ་ཏཱ་རེས་གྲུབ་པའི་དབང་ཕྱུག་རྗེ་བཙུན་སྟག་ཕུ་རྡོ་རྗེ་འཆང་ལ་དངོས་སུ་གནང་བའི་གསུང་དྲི་མ་མེད་པ་ལ་སོགས་ལ་གཞི་བྱས་ཏེ་དེར་མི་གསལ་ཞིང་དགོས་ངེས་སུ་འདུག་སྙམ་པ་འགའ་ཞིག་མཁས་གྲུབ་གོང་མ་མང་པོའི་གསུང་གི་སྦྱིན་སྲེག་གི་གཞུང་ཚད་ཐུབ་མང་བོ་བཞུགས་པ་རྣམས་ལ་བསྟུན་ཏེ་བཀོད་པ་ཡིན་པས་ཡིད་ཆེས་པའི་གནས་སུ་བཟུང་བར་རིགས་པ་ཡིན་ནོ།།

སྨྲས་པ།སྦྱིན་སོགས་ཆོས་གསུམ་བསོད་ནམས་རིན་ཆེན་འབྱུང་།།ཞི་ལྷག་ཟུང་འབྲེལ་ཡེ་ཤེས་མནྡྷ་ར།།གུས་རྟག་ལྷ་ཀླུའི་རྩལ་གྱིས་བསྲུབས་པ་ལས།།ཆོས་གཟུགས་ཉིན་བྱེད་འཕྲིན་ལས་འོད་ཟེར་འབྱེད།།གང་གི་བྱིན་རླབས་ལུས་ཕྲའི་རྐང་སེན་གྱིས།།རེག་པའི་མོད་ལ་ཡིད་ཀྱི་མྱ་ངན་མེད།།སྤངས་རྟོགས་གེ་སར་བཞད་པའི་ངོ་མཚར་ལ།།འཕགས་བོད་མཁས་གྲུབ་བསྔགས་བརྗོད་རོལ་མོ་འཁྲོལ།།དེ་ཕྱིར་འཕགས་མའི་ཐུགས་རྗེ་འོད་སྟོང་བྱེད།།སྐལ་བཟང་བློ་གྲོས་པདྨའི་མཛའ་གྲོགས་སུ།།འདྲེན་པའི་སྦྱིན་སྲེག་མན་ངག་ཁྱུང་སྔོན་སྐྱེས།།རྣམ་དཔྱོད་དྲང་སྲོང་མཆོག་གི་འཕྲུལ་ལས་བྱུང་།།འདིར་འབད་དགེ་བས་བདག་གཞན་འབྲེལ་ཐོགས་ཀུན།།ཚེ་རབས་ཀུན་ཏུ་རྗེ་བཙུན་འཕགས་མ་ཡིས།།འབྲལ་མེད་རྗེས་འཛིན་ས་ལམ་སྤངས་རྟོགས་ཀུན།།མཐར་ཕྱིན་སྐུ་གསུམ་གོ་འཕང་ཐོབ་པར་ཤོག།བླ་མ་འཕགས་མའི་གསང་གསུམ་མཛད་པ་ལ།།ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས།།།ཆོས་སྤྱོད་རྣམ་བཅུའི་བྱ་བ་གང་བརྩམ་ཀུན།།གེགས་མེད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག།ཅེས་གྲུབ་པའི་དབང་ཕྱུག་རྗེ་བཙུན་སྟག་ཕུ་བ་རིན་པོ་ཆེའི་དག་སྣང་བླ་མེད་ལུགས་ཀྱི་སྒྲོལ་མའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་བདུད་རྩིའི་བུམ་བཟང་ཞེས་བྱ་བ་འདི་ནི།སྒྲུབ་ལ་གཅིག་ཏུ་གཞོལ་ཞིང་དད་གུས་ཕུན་སུམ་ཚོགས་པའི་དགེ་སློང་ཆོས་དར་གྱིས་ལྷ་དར་དྲི་མེད་བཅས་འདི་འདྲ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བའི་འདོད་མོས་བཞིན་རྗེ་བཙུན་འཕགས་མ་ཉིད་དང་དབྱེར་མ་མཆིས་པའི་དབང་ཕྱུག་ཆེན་པོ་ཕ་རྒོས་རྡོ་རྗེ་འཆང་མཚན་བརྗོད་པར་དཀའ་བ་རྗེ་བཙུན་འཇིགས་མེད་བསམ་གཏན་དཔལ་བཟང་པོའི་ཞབས་སེན་ནོར་བའི་ཅོན་པན་སྤྱི་བོར་བསྟེན་ཅིང་གསུང་མཆོག་བདུད་རྩིའི་དགའ་སྟོན་རྒྱ་ཆེར་ཐོབ་པའི་པའི་ཤཱཀྱའི་རྗེས་འཇུག་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་བྲིས་པའོ།།འདི་ཡང་རང་གཞན་ཐམས་ཅད་བླ་མ་རྗེ་བཙུན་མས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།  

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།