གྲུབ་ཆེན་ཉི་མ་སྦས་པའི་ལུགས་ཀྱི་རྗེ་བཙུན་མ་སྒྲོལ་མའི་སྒྲུབ་ཐབས་ འཕྲིན་ལས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-01-05 21:01:38     རྩོམ་པ་པོ།   ཞང་སྟོན་བསྟན་པ་རྒྱ་མཚོ།    ཀློག་ཐེངས།  

༄༅།།ཕྱག་འཚལ་སངས་རྒྱས་ཀུན་གྱི་གསང་གསུམ།།གཅིག་བསྡུས་ཡིད་བཞིན་དབང་གི་རྒྱལ་བོ།།མཆོག་ཐུན་དངོས་གྲུབ་མ་ལུས་སྐད་ཅིག།སྩོལ་མཛད་བཀའ་དྲིན་ཟླ་མེད་བླ་མ།།ཕྱག་འཚལ་དུས་གསུམ་འཕགས་པའི་ཚོགས་རྣམས།།བསྐྱེད་མཛད་སྔོ་ལྗང་ཨུཏྤལ་བསྣམས་མ།།ཁྱོད་ཀྱི་འཕྲིན་ལས་སྒོ་བརྒྱ་འབྱེད་པའི།།བསྙེན་པའི་ཡི་གེ་ལྡེ་མིག་འགོད་དོ།།འདིར་རྗེ་བཙུན་མ་སྒྲོལ་མ་བླ་མེད་ལུགས་ལྟར་ཉམས་སུ་ལེན་པར་འདོད་པས།།སྒྲུབ་པ་པོ།མི་ཊ་བརྒྱ་རྩའི་ནང་ཚན་གྱི་འདིའི་དབང་བཞི་ལེགས་པར་ཐོབ་ནས།ཡོ་བྱད་སོགས་ཚོགས་པར་བྱས་ཏེ་འདི་ལྟར་ཉམས་སུ་བླང་བར་བྱའོ།།རང་ཉིད་སྐད་ཅིག་གིས་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྐུར་བཞེངས་པར་གྱུར།ནང་མཆོད་ཨ་མྲྀ་ཏས་བསངས།སྭ་བྷ་ཝས་སྦྱངས།།སྟོང་བའི་ངང་ལས་་མདུན་དུ་རླུང་མེ་མི་མགོ་སྒྱེད་པུ་གསུམ་གྱི་སྟེང་དུ།ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་དེའི་ནང་དུ།གོ་ཀུ་ད་ཧ་ན་ལས་ཤ་ལྔ།བིར་ཤུ་མ་མུ་ལས་བདུད་རྩི་ལྔ་རྣམས་བྷྲུཾ་ཨཾ་ཛྲིཾ་ཁཾ་ཧྰུཾ་གིས་མཚན་པ།དེའི་སྟེང་དུ་ཨོཾ་ཨཱཿཧཱུཾ་གསུམ་མགོ་ཐུར་དུ་བསྟན་པ།རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས།རླུང་གཡོས།མེ་སྦར།ཐོད་པའི་ནང་གི་རྫས་རྣམས་ཞུ་ཞིང་ཁོལ།འབྲུ་གསུམ་གྱི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ།རོ་གཅིག་ཏུ་འདྲེས་པར་གྱུར།ༀ་ཨཱཿཧྲུཾ་ཧ་ཧོ་ཧྲིཿལན་གསུམ་བརྗོད།མཆོད་པ་བསངས་བསྦྱངས་སྟོང་བའི་ངང་ལས་ཀཾ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་ཞེས་པ་ནས་ཤཔྟ་ཨཱཿཧྲུཾ་གི་བར་གྱི་ཆུ་གཉིས་ཉེར་སྤྱོད་རླབས།རང་གི་སྙིང་གར་པདྨ་དང་ཟླ་བ་ལ་གནས་པའི་ཏཱཾ་ཡིག་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་བླ་མ་དང་རྗེ་བཙུན་མ་སྤྱན་དྲངས།འོད་ཟེར་རང་གི་སྙིང་གར་ཐིམ།གང་གི་དྲིན་གྱིས་བདེ་ཆེན་གནས།།XXཔད་ལ་འདུད།འཁོར་བའི་སེམས་ཅན་ཐམས་ཅད་ཀྱི།།སྡུག་བསྔལ་ཐམས་ཅད་སྤངས་ནས་ནི།།མྱ་ངན་འདས་པ་རབ་སྟེར་བ།།རྗེ་བཙུན་མ་ལ་ཕྱག་འཚལ་ལོ།།ༀ་བཛྲ་པུཥྤེ་ཨཱཿཧཱུཾ་ཞེས་བྱ་བ་ལ་སོགས་པས་མཆོད།དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།།ནས།སངས་རྒྱས་འགྲུབ་པར་ཤོག།ཚད་མེད་བཞི་བསྒོམ།ཤཱུནྱ་ཏཱས་རང་དང་ཚོགས་ཞིང་སོགས་སྟོང་བར་བསྒོམ།སྟོང་བའི་ངང་ལས་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་ཡོངས་སུ་གང་བ།དེའི་སྟེང་དུ་རང་གི་སེམས་ཉིད་ཏཱཾ་ཡིག་སྔོན་པོ།དེ་ཡོངས་སུ་གྱུར་པ་ལས་ཨུཏྤལ་སྔོན་པོའི་ལྟེ་བར་ཏཱཾ་ཡིག་གིས་མཚན་པ།དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པའི་སྡུག་བསྔལ་མཐའ་དག་ལས་སྐྱབས།ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ།འཕགས་མའི་གོ་འཕང་ལ་བཀོད།རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ།དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་རང་བྱིན་རླབས་ནུས་མཐུ་མཐའ་དག་བསྡུས་ཏེ་ཕྱག་མཚན་ས་བོན་དང་བཅས་པ་ལ་ཐིམ།དེ་རྣམས་ཡོངས་སུ་གྱུར་པ་ལས།རང་ཉིད་བཅོམ་ལྡན་འདས་མ་སེང་ལྡིང་ནགས་ཀྱི་སྒྲོལ་མ་སྐུ་མདོག་ལྗང་སྔོན།མ་རྒན་གཞོན་ནུའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ།ཞལ་གྱི་དཀྱིལ་འཁོར་རབ་ཏུ་རྒྱས་ཤིང་འོད་ཟེར་འཕྲོ་བ།གནག་ལ་སྣུམ་པའི་སྨིན་ཚུགས་རིང་བོ་ཅན།ཨུཏྤལ་མཐིང་ཀའི་འདབ་མ་ལྟ་བུར་རབ་ཏུ་རྒྱས་པའི་སྤྱན་ཟུང་འཛུམ་པའི་ཉམས་ཀྱིས་གཟིགས་ཤིང་།མཆུ་སྒྲོས་བུམ་པའི་མདོག་ལྟར་དམར་པ།སྐུའི་ཡན་ལག་ཐམས་ཅད་རབ་ཏུ་རྒྱས་ལ་འཇམ་ཞིང་གཞོན་ཤ་ཅན།སྐེད་སྐབས་ཕྲ་ཞིང་ཟག་མེད་ཀྱི་བདེ་བ་སྟེར་བའི་ནུ་འབུར་ཟུང་གིས་མཛེས་པ།ལྕུག་ཕྲན་གསར་བའི་ཡལ་ག་བཞིན་དུ་འགྲིལ་ཞིང་མཉེན་པའི་ཕྱག་གཡས་པུས་མོའི་སྟེང་དུ་བརྐྱངས་ཏེ་མཆོག་སྦྱིན་དང་།གཡོན་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱ་མཛད་པ།ཕྱག་གཉིས་ཀས་ཨུཏྤལ་སྔོན་པོ་རེ་རེ་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་ཁ་ཕྱེ་བ།སྐུ་སྟོད་ལ་སྲབ་འཇམ་རེག་ན་བདེ་བའི་ལྷའི་གོས་ཀྱི་སྟོད་གཡོགས་དང་།སྐུ་སྨད་ལ་འཇའ་ཚོན་ལྟར་བཀྲ་བའི་དར་སྣ་ཚོགས་ཀྱི་སྨད་གཡོགས་ཅན།ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམས་པ་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པ།རིནཔོ་ཆེའི་དབུ་རྒྱན།སྙན་རྒྱན།མགུལ་རྒྱན།ཕྱག་གདུབ།ཞབས་གདུབ།དོ་ཤལ་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བྱས་པ།དེའི་སྤྱི་བོར་ༀ་དཀར་པོ།མགྲིན་པར་ཨཱཿ་དམར་པོ།ཐུགས་ཀར་ཧཱུཾ་སྔོན་པོ།མིག་ཏུ་ༀ་ཏཱ་རེ་སྭཱ་ཧཱ་དཀར་པོ།རྣ་པར་ༀ་ཏཱུཏྟ་རེ་སྭཱ་ཧཱ་སྔོན་པོ།སྣ་ལ་ༀ་ཏུ་རེ་སྭཱ་ཧཱ་སེར་པོ།ལྕེ་ལ་ༀ་ཏུ་སྭཱ་ཧཱ་དམར་པོ།སྙིང་ཁར་ༀ་རེ་སྭཱ་ཧཱ་སྔོན་པོ།སྤྱི་བོར་ༀ་ཏཱ་རེ་ནི་སྭཱ་ཧཱལྗང་གུ།ཐམས་ཅད་ཀྱང་ཟླ་གདན་ལ་གནས་པས་མཚན་པར་གྱུར།སྙིང་ཁའི་ཏཾ་ཡིག་ལས་འོད་ཟེར་འཕྲོས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས།ༀ་ཨཱཿཧཱུཾ།ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ།ཞེས་སོགས་ཀྱིས་མཆོད།སྙིང་ཀར་ཨུཏྤ་ལའི་ཕྱག་རྒྱ་བྱས་ལ།ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར།ཡང་ཏཱཾ་ཡིག་ལས་འོད་ཟེར་འཕྲོས།ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཕྱག་ན་རིན་པོ་ཆེའི་བུམ་པ་ཐོགས་པའི་རྣམ་པར་སྤྱན་དྲངས།སྔར་ལྟར་མཆོད།ཨ་བྷི་ཥྀཉྩ་ཏུ་མཱཾ་སརྦ་ཏཱ་ཐཱ་ག་ཏ།ཞེས་བརྗོད་པས།བདུད་རྩིའི་ཆུས་དབང་བསྐུར།དོན་ཡོན་གྲུབ་པས་དབུ་བརྒྱན་པར་གྱུར།ༀ་ཨརྱ་ཏཱ་རེ་ཨརྒྷཾ་སྭཱ་ཧཱ།ཞེས་སོགས་ཀྱིས་མཆོད།ཡི་གེ་བཅུ་བའི་མཇུག་ཏུ་ༀ་ཨཱཿཧཱུཾབཏགས་ལ་ནང་མཆོད་འབུལ།ནམ་མཁའི་མཐའ་གཏུགས་རྒྱལ་བ་ཀུན་གྱི་ཡུམ།།ནམ་མཁས་མཐའ་གཏུགས་འགྲོ་བ་ཀུན་གྱི་སྐྱབས།།ནམ་མཁས་མཐའ་གཏུགས་འཕྲིན་ལས་རྒྱུན་མི་འཆད།།དཔག་ཡས་ཡོན་ཏན་ཕུང་བོ་ཁྱོད་ལ་འདུད།།དངོས་ཀུན་མངོན་པར་འདུ་བྱེད་མ་དམིགས་པས།།འབད་དང་རྩོལ་བའི་མཚན་མ་དང་བྲལ་ཡང་།།དཔག་བསམ་ཤིང་བཞིན་འདོད་པ་ཀུན་འཇོ་བ།།རྒྱལ་ཀུན་འཕྲིན་ལས་ལྷ་མོ་ཁྱོད་ལ་འདུད།།རིང་ནས་འགྲོ་ལ་ཕན་དགོངས་བྱ་བའི་ཁུར།།ཡོངས་སུ་གྲུབ་པའི་ཡེ་ཤེས་ངོ་བོ་ཉིད།།བདེ་གཤེགས་དོན་ཡོད་གྲུབ་པའི་རིགས་ཀྱི་ཡུམ།།རྗེ་བཙུན་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ།།འཁོར་འདས་ཀུན་བྱེད་སེམས་རྟ་རླུང་གི་ཁམས།།ཡོངས་དག་བཏང་སྙོམས་ཆེན་པོར་རྣམ་གནས་པས།།ཆགས་སྡང་གཡོ་བའི་སྐྱོན་ལས་རིང་དུ་འདས།།བཅོམ་ལྡན་འདས་མའི་ཞབས་ལ་ཕྱག་འཚལ་ལོ།།ཕྲ་རགས་ཉེས་པའི་ཚང་ཚིང་ལས་བརྒལ་ཏེ།།སྐལ་བཟང་སྐྱེ་བོ་སྲིད་ཞིའི་འཇིགས་ལས་བསྒྲལ།།ཕྱི་མའི་མཐར་ཡང་མཁའ་མཉམ་ལུས་ཅན་ཀུན།།སྒྲོལ་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ།།དུག་གསུམ་ཀུན་སྦྱོར་འཆིང་བའི་འཇིགས་པ་དང་།།མི་དང་མི་མིན་འབྱུང་བའི་འཇིགས་པ་སོགས།།ཕྱིནང་ཉེར་འཚེ་ཀུན་ལས་སྐྱོབ་མཛད་པའི།།སྐྱབས་ཀྱི་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ།།དུས་མིན་འཆི་བའི་འཇིགས་པ་ཀུན་བསལ་སྟེ།།ཕུལ་བྱུང་ཚེ་ཡི་དངོས་གྲུབ་སྩལ་ཏུ་གསོལ།།འདི་ནས་འཕོས་ཚེ་བདེ་ལྡན་ཞིང་མཆོག་ཏུ།།འོད་དཔག་མེད་པས་རྗེས་སུ་འཛིན་པར་ཤོག།ཤིན་ཏུ་འདུལ་དཀའ་མི་བསྲུན་གདུག་པའི་སེམས།།ཐུགས་རྗེའི་བྱིན་རླབས་ཆུ་ཡིས་བརླན་པར་མཛོད།།ཚེ་རབས་ཕྲེང་བར་མ་ཞིམ་སྙིང་སྟོབས་ཀྱིས།།རྒྱལ་སྲས་སྤྱོད་ལ་ཚུལ་བཞིན་སློབ་པར་ཤོག།དམ་ཆོས་སྒྲུབ་ལ་བར་ཏུ་གཅོད་པ་ཡི།།ཕྱི་ནང་ཉེར་འཚེ་ཀུན་ལས་བསྐྱབ་ཏུ་གསོལ།།ནམས་མཁའ་ཇི་སྲིད་ཐབས་མཁས་སྤྱོད་པ་ཡི།།འགྲོ་བའི་དབུགས་འབྱིན་ཆེན་པོར་བདག་གྱུར་ཅིག།ཅེས་བརྗོད།དེ་ནས།རང་གི་སྙིང་གར་སྣ་ཚོགས་པད་ཟླའི་སྟེང་ཏུ་ཏཱཾ་ཡིག་ལྗང་གུ་ཟླ་ཚེས་ཐིག་ལེ་ནཱ་ད་དང་བཅས་པའི་མཐའ་བསྐོར་དུ་ཡི་གེ་བཅུའི་སྔགས་འཕྲེང་ཁ་དོག་ལྗང་གུ་མ་རྒད་ཀྱི་ཕྲེང་བ་བསྒྲིགས་པ་ལྟ་བུས་བསྐོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཐམས་ཅད་རྗེ་བཙུན་མའི་རྣམ་པར་སྤྱན་དྲངས་ཏེ་རང་ཉིད་ལ་ཐིམ་པས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག རྗེ་བཙུན་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཞུགས་པར་གྱུར།འོད་ཟེར་བ་སྤུའི་སྒོ་ནས་ཕྱིར་འཕྲོས།།སེམས་ཅན་ཐམས་ཅད་ཀྱི་སྡུག་སྒྲིབ་སྦྱངས།རྗེ་བཙུན་མ་ཡི་གོ་འཕང་ལ་བཀོད།འོད་ཟེར་ཚུར་འདུས་སྔགས་འཕྲེང་ལ་ཐིམ་པར་གྱུར་པར་བསམ་པ་དང་།སྐབས་འགར་གོང་བུའི་བཟླས་པ་ཡང་བྱ་ལ།བཟླ་བྱའི་སྔགས་ནི་ཡི་གེ་བཅུ་བ་ཉིད་ཡིན་ནོ།།མཇུག་ཏུ་ཡིག་བརྒྱ་བཟླས།ཕྱི་ནང་གི་མཆོད་པ་དང་།ལྷ་དང་ལྷ་མིན་གྱིས་བསྟོད།དག་པ་དྲན་པ་ནི།ཆོས་ཐམས་ཅད་ཡེ་ཤེས་གཅིག་ཏུ་རྟོགས་པས་ཞལ་གཅིག ལས་སྣ་ཚོགས་ལ་དབང་བས་སྐུ་མདོག་ལྗང་གུ།བདེན་པ་གཉིས་རྟོགས་པས་ཕྱག་གཉིས།བདུད་ལ་སོགས་པའི་སྐྱོན་ཐམས་ཅད་སྤངས་པས་ཞབས་གཡས་པ་ཅུང་ཟད་བརྐྱངས།ཡོན་ཏན་ཐམས་ཅད་རྫོགས་པས་གཡོན་བསྐུམས་པ།ཚོགས་གཉིས་ཡོངས་སུ་རྫོགས་པས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ།སྦྱིན་པས་ཕར་ཕྱིན་རྫོགས་པས་ཕྱག་གཡས་མཆོག་སྦྱིན།སེམས་ཅན་ཐམས་ཅད་འཇིགས་པ་ལས་སྐྱོབ་པས་གཡོན་སྐྱབས་སྦྱིན།སེམས་ཅན་ཐམས་ཅད་དགའ་བར་བྱེད་པས་ཨུཏྤལ་བསྣམས་པ།འགྲོ་བ་མ་ལུས་པའི་དོན་སྒྲུབ་པའི་ནུས་པ་རྫོགས་པས་བཅུ་དྲུག་ལོན་པའི་ཉམས་ཅན།ཤེས་རབ་དང་སྙིང་རྗེའི་རང་བཞིན་ཟླ་བ་དང་པདྨའི་གདན་ལ་བཞུགས་པ།རྣམ་པར་ཤེས་པའི་ཕུང་བོ་དང་ཕྲག་དོག་རྣམ་པར་དག་པའི་བདག་ཉིད།བཏང་སྙོམས་ཚད་མེད་དང་རྒྱལ་བ་ཐམས་ཅད་ཀྱི་བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་བཅོམ་ལྡན་འདས་མ་ཉིད་དོ།།ཉེར་བསྡུ་ནི།ཐུགས་ཀའི་ཏཱཾ་ཡིག་ལས་འོད་ཟེར་འཕྲོས།རང་འོད་ཀྱི་རྣམ་པར་གྱུར་ཏེ།ཐུགས་ཀའི་པད་ཟླ་ལ་ཐིམ།པདྨ་ཡང་ཟླ་བ་ལ་ཐིམ།ཟླ་བ་ཏཱཾ་ལ།ཏཱཾ་ཟླ་ཚེས་ལX།།དེ་ཐིག་ལེ་ལX།།དེ་ནཱ་ད་ལX།།དེ་ཇེ་ཕྲ་ཇེ་ཕྲར་གྱུར་ནས་སྟོང་བ་ཉིད་དུ་གྱུར།དེ་ལས་ནཱ་ད།དེ་ལས་ཐིག་ལེ།དེ་ལས་ཟླ་ཚེས།དེ་ལས་ཏཱཾ་ཡིག དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་མའི་སྐུར་བཞེངས་པའི་སྤྱི་བོར་ༀ།མགྲིནXXཧཱུཾ་གིས་མཚན་པར་གྱུར།པར་བསམ་མཐུན་མཚམས་ལ་འཇུག་གོ།ཐུན་རེའམ་།ཐ་མ་ལ་གཏོར་འབུལ་བྱ་བ་ནི།ཟླུམ་གཏོར་པད་འདབ་བཞི་བ།ཉི་ཟླ་ནཱ་དས་མཚན་པ།ཤ་ཆང་གིས་བསྐོར་བ་དང་།གཞན་གཏོར་མ་གང་དགོས་བཤམས།ནང་མཆོད་ལྟར་རླབས།རང་གི་ཐུགས་ཀའི་ཏཱཾ་ཡིག་ལས་འོད་ཟེར་འཕྲོས།པོ་ཏ་ལ་ནས་རྗེ་བཙུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས།ལྗགས་འོད་ཟེར་ཀྱི་སྦུ་གུས་དྲངས་ཏེ་གསོལ་བར་གྱུར་པར་བསམ།ནམཿསརྦ་བུདྷ་བྷོ་དྷི་ས་ཏྭཱ་ནཱཾ་ཨ་པྲ་ཏི་ཧསྟ་ཤཱ་ས་ནཱ་ནཱཾ་ཧེ་ཧེ་བྷ་ག་ཝ་ཏི་མ་ཧཱ་ས་ཏྭ།སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏི།མ་བྷི་ལཾ་བྷ་མ་བྷི་ལཾ་བྷ།ཨི་ཏཾ་བྷི་ལཾ།གྲྀཧྣ་བ་ཡ།གྲྀཧྣ་བ་ཡ།ཧཱུཾ་ཧཱུཾ་ཛཿཛཿསརྦ་བི་པཉྩ་རེ་སྭཱ་ཧཱ།ཅེས་ལན་བདུན་ནམ་གསུམ་གྱིས་འབུལ།ཕྱི་ནང་གི་མཆོད་པས་མཆོད།ཕྱག་འཚལ་ཉེར་གཅིག་མ་ཅི་འགྲུབ་དང་།སྤྲོ་ན།ཀླུ་སྒྲུབ་དང་།ཇོ་བོའི་གསུང་སོགས་ཅི་རིགས་ཀྱིས་བསྟོད།རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན།།ཞེས་སོགས་ཀྱིས་འདོད་གསོལ་བྱ།ཆོས་སྐྱོང་ལ་གཏོར་མ་འབུལ་ན་འདིར་བྱ།མཁའ་འགྲོའི་སྤྱི་གཏོར་དང་དཀར་གཏོར་བསྔོ།ཡིག་བརྒྱ་དང་།གཏོར་མགྲོན་གཤེགས་བསྟིམ་གང་རུང་བྱའོ།དེ་ལྟ་བུའི་རིམ་པས་ཐུན་བཞིར་བཅད་དེ།བསྙེན་པའི་གྲངས་རབ་འབུམ་འཅུ།འབྲིང་དྲུག་ཐ་མ་གསུམ་མཚམས་ཁོངས་གཅིག་ཏུ་བཟླ་བར་བྱ་ལ།སྒྲོལ་མ་འདམ་བཅའ་བའི་གཟུངས་ཡང་ཅི་འགྲུབ་བཟླ་བར་བྱའོ།།བསྙེན་པའི་ལག་ལེན་གཞན་ནི་སྤྱི་དང་མཐུན་ལ།གོང་དུ་བཤད་པའི་ཨུཏྤལ་ཕྱག་རྒྱ་ནི།མཛུབ་མོ་གཉིས་ཀྱིས་གུང་མོའི་སེན་མོ་མནན་ལ་རྩེ་སྦྱར།སྲིན་ལག་གཉིས་ནང་དུ་བཀུག་ལ་མཐེ་བོས་མནན།མཐེའུ་ཆུང་རང་ཀར་བཞག་པའོ།།དེ་ལྟར་འཕགས་མའི་སྒྲུབ་ཐབས་འདི་ནི་ཀླུ་སྒྲུབ་ཀྱི་གཞུང་གཉིས་གཞིར་བཞག་འདི་སྒྲོལ་མ་མངོན་འབྱུང་གི་རྒྱུད་ལ་བརྟེན་པ་ཡིན་བར་གསུངས་པས།ནང་མཆོད་བྱིན་རླབས་སོགས་རིག་བྱེད་མའི་ཆོ་ག་ལས་བླངས།མངོན་རྟོགས་ཀྱི་ཚིག་གུང་ཐང་རིན་པོ་ཆེའི་མཛད་པ་ཅུང་རྒྱས་པར་སྣང་བས་དེ་བཀོད།བཟླས་དམིགས་པཎ་ཆེན་ཐམས་ཅད་མཁྱེན་པའི་གསུང་དང་།བསྟོད་པ་ཡང་གུང་ཐང་རྗེའི་གསུང་ལྟར་ལ།རྒྱ་གཞུང་རྣམས་ཚིག་ཟུར་ཅུང་ཟད་བཅོས་པ་ལས།གཞན་ཚང་མ་དམ་པ་གོང་མའི་གསུང་ཤ་སྟག་རྒྱ་གཞུང་རྣམས་གུང་བསྒྲིགས།ས་ཆེན་གྱི་གསལ་བྱེད་ཀྱི་མིག་བྱས་ཏེ་ལེགས་པར་བསྒྲིགས་པ་ཡིན་པས་ཡིད་ཆེས་པའི་གནས་སུ་བཟུང་བར་བྱའོ།།སྨྲས་པ།རྒྱ་བོད་མཁས་གྲུབ་སོ་སོའི་མཛད་པ་ཡི།།སྒྲུབ་ཐབས་མཁའ་ལ་སྐར་མའི་གྲངས་འཛིན་ཡང་།ཀླུ་སྒྲུབ་གཞུང་གི་ཚེས་ཆེན་ཟླ་བའི་ཉ།།ཡོངས་རྟོགས་འདི་གོ་བློ་ལྡན་སྙིང་གི་གསོས།།དེང་དུས་སྟོང་གསུམ་གསེར་གྱིས་བཀང་ན་ཡང་།།བརྣབ་སེམས་སྒྱེ་རལ་གང་བའི་མཐའ་མེད་ཀྱང་།།ཆོས་ལ་ཆོག་ཤེས་ཞེན་ལོག་ཅན་རྣམས་ཀྱིས།།སྡང་ཡང་སྲིན་བྱའི་མིག་ལ་ཉི་འོད་བཞིན།།བསྙེན་པའི་ཡི་གེ་འཕྲུལ་གྱི་ལྡེ་མིག་གིས།།རྒྱལ་ཀུན་འཕྲིན་ལས་བང་མཛོད་སྒོ་ཕྱེས་སྟེ།།མཁའ་ཁྱབ་འགྲོ་ཀུན་གཏན་བདེའི་ལོངས་སྤྱོད་ལ།།སྤྱོད་པར་བླ་མ་རྒྱལ་ཡུམ་འཕགས་མ་མཁྱེན།།ཅེས་རྫེ་བཙུན་སྒྲོལ་མའི་བསྙེན་ཡིག་འཕྲིན་ལས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བ་འདི་ནི་ཡོངས་འཛིན་མིང་ཅན་རིག་སྔགས་འཆང་བ་ཐབས་རམས་པས།དགོན་ལུང་བྱམས་པ་གླིང་གི་ཐུའུ་བཀྭན་བླ་བྲང་བཀྲ་ཤིས་འོད་འབར་དུ་སྦྱར་བའི་ཡི་གེ་བ་ནི་དཔོན་སྔགས་རིན་ཆེན་བཀྲ་ཤིས་ཀྱིས་བགྱིས་པ།འདི་ཡང་འགྲོ་ཀུན་འཕགས་མའི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།བཀྲ་ཤིས།།།།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།